2024 / 10 / 16
དང་པོ། རྩོམ་གྱི་ཕྱི་ནང་བཤད་པ།
༡ འབྲི་ཐབས་གླེང་བ།
གཙོ་བོ་འབྲི་ཐབས་ཀྱི་ངོས་ནས་དེང་རབས་དང་སྲོལ་རྒྱུན་གཉིས་སུ་དབྱེ་ན་སྲོལ་རྒྱུན་གྱི་ཁོངས་སུ་བསྡུ་འོས་ཏེ། སྙན་གཞུང་མེ་ལོང་མའི་ནང་དུ་རྒྱན་ལ་དབྱེ་ན་སྒྲ་རྒྱན་དང་། དོན་རྒྱན། གབ་ཚིག་གི་རྒྱན་བཅས་ལས་ཀ་རྩོམ་གྱི་རིགས་ནི་རྗོད་བྱེད་གསལ་བྱེད་སུམ་ཅུ་པོར་དབྱངས་བཞིའི་ང་རོ་ཞུགས་མིན་ཅི་རིགས་དང་། ལུགས་འབྱུང་ལུགས་ལྡོག་གི་གོ་རིམ་གཏན་ཆགས་པ་ཞིག་གི་སྒོ་ནས་འབྲི་བ་ཡིན་ཕྱིན། སྙན་གཞུང་ནང་གི་དབྱངས་སོགས་ངེས་མི་ངེས་ཀྱི་བྱ་དཀའ་བ་དང་། བསྐོར་རྒྱན། རྗེས་ཁྲིད་ཀྱི་སྒྲ་སྦྱོར་བའི་ཚུལ་སོགས་ལ་གཞིག་ན། དངོས་བསྟན་དུ་མ་ཟིན་ཡང་རིགས་པ་གཅིག་མཚུངས་ལྟ་བུ་ཆགས་ཡོད་སྟབས། རྒྱ་གཞུང་དངོས་ལ་འདི་ལྟར་འབྲི་བའི་སྲོལ་མེད་ཀྱང་རིགས་ལམ་ལས་བརྒལ་ཐུབ་མེད་ཕྱིན་སྒྲ་རྒྱན་རང་ཡིན་པ་བཤད་ཆོག་པ་འདོད་ཅིང་། འདི་ཉིད་ཐོག་མ་གསར་བཏོད་ཀྱི་སྐོར་ནས་བཞེད་ཚུལ་རེ་འགའ་མཆིས་ཀྱང་། ཡུལ་དུས་ཀྱིས་དབང་བཙན་པར་བྱས་ན་འགྲོ་མགོན་འཕགས་པ་ནི་ཆེས་ཐོག་མ་དེ་ཡིན་འོས་ཤིང་། ཁོང་གིས་“ཀ་ལ་པིངྐའི་དབྱངས་ལྟར་སྙན་གསུང་གིས། །ཁ་ན་མ་ཐོའི་ཚོགས་འཇོམས་ཐར་བའི་གླིང་། །ག་ལ་བ་དེར་གདུལ་བྱ་འདྲེན་མཛད་ཅིང་། །ང་དང་ང་ཡི་འཛིན་སྤངས་དེ་ལ་འདུད། །”ཅེས་ཀ་མད་རིམ་བགྲོད་ཀྱིས་བརྩམས་ཡོད་པས་ཁུངས་བཙན་པ་འདུག་ཅིང་། གཞན་དམིགས་བསལ་རྩོམ་ཐབས་འདི་ནི་བོད་རང་གི་ཐུན་མོང་མ་ཡིན་པའི་རྩོམ་རིག་གི་འབྲི་ཐབས་གཅིག་ཏུ་ངོས་འཛིན་བྱེད་ཆོག་པ་དང་། བསེ་ཚང་ཚང་གིས་བརྩམས་པའི་ཀ་རྩོམ་ནི་ཀླད་དོན་དང་གཞུང་དོན། མཇུག་དོན་གསུམ་དུ་ཕྱེས་ཏེ་ཀློག་པ་དང་འགྲེལ་བརྗོད་བྱས་ན་གོ་འཁྲེས་པ་འདུག་གོ །
༢ བརྗོད་སྙིང་གི་གཞི།
ཀ་རྩོམ་གྱི་རྗོད་བྱེད་ཕལ་ཆེར་གཅིག་མཚུངས་སུ་གྱུར་ཡོད་ན་ཡང་། བརྗོད་བྱའི་དོན་སྟོན་ཐབས་ཀྱི་ཆ་ནས་རིགས་ཤིན་ཏུ་མང་བ་འདོད་ཅིང་དེ་དག་ཤོ་ལོ་ཀའམ་སྡེ་བ་རེ་ནས་བརྗོད་བྱ་ཐ་དད་ཅན་དང་། དབུ་ནས་མཇུག་གི་བར་དུ་བརྗོད་དོན་གཅིག་ཙམ་སྟོན་ཐབས་བྱས་པ་སོགས་མང་བས་དེ་དག་མཚོན་ཙམ་རེ་དྲངས་ན། དོར་ཞི་ཚང་གི་<ཀ་རྩོམ་ཞུ་མཆིད་དབྱར་རྔ་>དང་། རྫོགས་སྤྲུལ་ཚང་གིས་<ཀ་རྩོམ་མུན་སེལ་སྒྲོན་མེ>། བོན་བརྒྱ་དགེ་ལེགས་ལྷུན་འགྲུབ་རྒྱ་མཚོའི་<ཀ་རྩོམ་དགེ་ལ་བསྐུལ་བའི་དུང་བརྡ་>ལྟ་བུ་བླང་དོར་གནས་ལུགས་ཀྱིས་སྤྲས་པའི་ལེགས་བཤད་རིགས་དང་། དགེ་ཆོས་ཀྱིས་བྲིས་པའི་<ཨ་མཆོད་ལོ་རྒྱུས་ཀ་རྩོམ་>ལྟ་བུ་སྤྱི་བྱེ་གཉིས་ཀྱི་ལོ་རྒྱུས་དང་འབྲེལ་བའི་རིགས། དེ་བཞིན་<ཕལ་སྐད་གསོང་བོར་བརྗོད་པའི་ཀ་རྩོམ་>དང་འཇུ་སྐལ་བཟང་གི་<ཀ་རྩོམ་གནོད་སྦྱིན་ཕོ་བྲང་དཀྲུག་པའི་འཕྲུལ་འཁོར་>ལྟ་བུ་སྐབས་དུས་སྤྱི་ཚོགས་ཀྱི་སྣང་བརྙན་དང་རྒྱབ་ལྗོངས་སོགས་དཔྱད་བརྗོད་བྱས་པ་དགག་སྒྲུབ་ཀྱི་རིགས་སུ་གཏོགས་པ་དང་། གུང་ཐང་ཚང་གི་<ཐ་མ་ཁའི་ཉེས་དམིགས་ཀ་རྩོམ་>ལྟ་བུ་སྐྱོན་ཡོན་ཆེད་སྒྲོག་བྱེད་པའི་ཐད་བརྗོད་ཀྱི་རིགས་དང་བཅས་གཞན་ཡིད་འགྱུར་གྱི་ཤས་ཆེ་བ་དང་། རྗེས་དྲན་གྱི་ཤས་ཆེ་བ་དང་། འཇམ་དབྱངས་ཁ་ཆེ་པཎ་ཆེན་གྱིས་མཛད་པའི་<གསོལ་འདེབས་ཀྱི་ཀ་རྩོམ་>ལྟ་བུ་མང་ཕྱིན། སྐབས་ཐོབ་ཀྱི་བསེ་ཚང་གི་ཀ་རྩོམ་གྱི་ནང་དོན་ནི་བསླབ་བྱའམ་སློབ་གསོའི་རིགས་སུ་བརྗོད་འོས་ཤིང་བསླབ་བྱའི་ནང་ནས་ཀྱང་ཆེད་གཏད་དུ་སློབ་སྦྱོང་གི་རྨང་གཞི་དང་འབྲེལ་བ་དམ་ཟབ་བཅིངས་ཡོད་པ་ལས། ཤིན་ཏུ་རྒྱ་ཆེ་ས་དང་གཏིང་ཟབ་ས་ཞིག་ཀྱང་གསུངས་མེད་པར་མངོན་སུམ་དུ་ཡིན་ན། གཙོ་བོ་ཁོང་གིས་ཐུགས་བརྩེས་སྐྱོང་ཡུལ་ནི་ལོ་ན་ཆུང་ཞིང་རིག་པ་གསལ་བའི་སློབ་མ་དག་གི་ཆེད་དུ་བརྩམ་པ་འདོད་ཅིང་། དེའང་གཙོ་བོ་བྱ་བ་གང་དང་གང་ཞིག་ཡིན་ན་ཐོག་མའི་རྨང་གཞི་དེ་ཉིད་ཧ་ཅང་གལ་ཆེ་བ་ཡིན་ཕྱིན། སློབ་གཉེར་བ་ཞིག་ལ་མཚོན་ན་ཡང་དེ་བཞིན་རྨང་གཞི་ནས་རིམ་པ་འཇུག་དགོས་པ་ཡིན་སྟབས། ཁོང་གིས། “ཏ་ར་ན་ཐཱ་ལ་སོགས་མཁས་པས་ཀྱང་། །ཐ་སྙད་བརྡ་སྤྲོད་རིག་པའི་རྨང་གཞི་ནས། །ད་གཟོད་སྦྱངས་ཏེ་མཁས་པའི་རྩེར་སོན་པས། །ན་གཞོན་དག་ལ་ཐོག་མའི་རྨང་གཞི་གལ། །ཞེས་ཏ་སྡེའི་ནང་དུ་ནན་གསུང་བྱས་ཡོད་པ་དང་། འོ་ན་རྨང་གཞི་ནི་སློབ་སྦྱོང་བ་ཞིག་ལ་མཚོན་ན་ཐོག་མ་གང་ནས་འགོ་བརྩམ་དགོས་སམ་ཞེ་ན། ཀ་རྩོམ་འདིའི་ནང་དུ་མདོར་དོན་གནད་དུ་དྲིལ་ནས་འབྲི་ཀློག་གཉིས་པོ་སྒྲོམ་གཞི་ལྟ་བུ་བྱས་ཏེ་གོམ་པ་རིམ་བགྲོད་ཀྱི་ཚུལ་དུ་གསལ་བོ་བསྟན་ཡོད།
གཉིས་པ། བརྗོད་སྙིང་གསལ་སློང་གི་ལམ་གསུམ།
1ཀློག་ཐབས། 2 འབྲི་ཐབས། 3རྩོམ་ཐབས།
ཁོང་གི་ཀ་རྩོམ་འདི་ཉིད་ཞིབ་པར་བྱས་ཏེ་རང་ཤག་ལྷིང་འཇགས་སུ་བཏང་ནས་ཇ་ཡུན་ཞིག་དང་ལྷན་དུ་ཆ་ཚང་ཞིག་བཀླགས་པ་ཡིན་ན། ཚིག་དོན་གཉི་གའི་ཆ་ཤིན་ཏུ་གསལ་ཞིང་གོ་བདེ་ཁར། ཁྱེད་རང་དགེ་རྒན་བྱེད་མྱོང་མཁན་ཞིག་ཡིན་ན་ལྷག་ཏུ་གལ་གནད་ཀྱི་སྐོར་འགའ་ཞིག་གསལ་ལྷང་ངེར་འབུད་ཡོང་སྟེ། མི་ཕམ་ཚང་གིས། “འབྲི་ཀློག་གཉིས་ནི་ཡོན་ཏན་ཀུན་གྱི་གཞི། །དང་བོ་ཉིད་ནས་འདི་ལ་འབད་པར་གཅེས། །”ཞེས་པའི་མན་ངག་ནང་བཞིན། བསླབ་རྩོམ་འདིའི་ནང་གི་བརྗོད་བྱའི་སྲོག་དང་རང་ཅག་གི་རེ་བའི་ས་བོན་ལྟ་བུ་ན་ཆུང་སློབ་མའི་བར་ལ་ཆུ་དང་ཉ་མོ་ལྟ་བུའི་འབྲེལ་བ་ཞིག་ཆགས་ཡོད་ལ། ཆེད་གཏད་ཀྱིས་བསླབ་གཏམ་གྱི་ལྗོན་བཟང་འདིའི་རྩེ་རུ་རབ་ཏུ་དུད་ཅིང་སྨིན་པའི་ནང་དོན་འདི་དག་ཐོག་མའི་སློབ་སྦྱོང་བ་ཞིག་གི་གལ་གནད་དེ་དག་ཧྲིལ་དྲིལ་གྱི་ཚུལ་དུ་འབྲས་བུ་དང་མེ་ཏོག་རྣམས་བཀྲ་བ་ཇི་བཞིན་དུ་བཤམས་ཅི་ཐུབ་བྱས་ཡོད་དེ། ཀ་སྡེའི་ནང་དུ། “ཀ་ཁ་སློབ་པའི་དུས་ནས་བརྡ་སྤྲོད་གཞུང་། །ཁ་ནས་གང་ཐོན་ཀློག་ན་སྐྱོན་ཆེ་བས། །ག་ལེར་སྒྲ་དག་གསལ་བའི་ཡི་གེ་ཡིས། །ང་རོ་ཀློག་པའི་ཚུལ་ལ་གཟབ་པ་གཅེས། །”ཞེས་ཀ་ཁ་སློབ་པ་དང་བརྡ་སྤྲོད་གཉིས་ཀྱི་བར་ལ་རྒྱང་ཐག་ངེས་ཅན་ཞིག་ཡོད་ཀྱང་གོ་རིམ་འདི་ནི་སློབ་སྦྱོང་གི་ཁྲོད་ནས་ངེས་པར་དུ་བརྒྱུད་དགོས་པ་ཞིག་ཡིན་ཕྱིན། སུམ་རྟགས་ལས། “བསླབ་ལ་བརྩོན་པའི་གང་ཟག་གིས། །དང་པོ་ང་རོ་རྣམས་ལ་སྦྱང་། །”ཞེས་དང་། ས་སྐྱ་བསོད་ནམས་རྩེ་མོས། “ངག་གིས་དེ་ལྟར་མ་ཤེས་ན། །ཡིད་ཀྱི་ཤེས་པས་ཅི་ཞིག་ཕན། །”ཞེས་དྲན་དབང་དག་གི་སྐུ་ཚེའི་ཉམས་མྱོང་དང་གཤིབས་པའི་གནད་འདི་ཉིད་ཁོང་གིས་ཀྱང་གལ་ཆེ་བ་དགོངས་ཏེ་ཐོག་མ་ང་རོ་ཡིན་པས་གཟབ་དགོས་ཞེས་ཀ་རྩོམ་གྱི་བརྗོད་དོན་ཐོག་མ་བཞིན་གསུངས་པ་འདིས། ཐོག་མའི་རྨང་གཞི་སློབ་གསོའི་གལ་གནད་ཀྱི་ཆ་གཅིག་ཟིན་ཡོད་པ་ར་སྤྲོད་བྱེད་ཐུབ་ཅིང་། དེ་བཞིན་ཅ་སྡེ་ལས། “ཅ་ལེ་ཅོ་ལེ་ཙམ་གྱི་ཡི་གེའི་གཟུགས། །ཆ་མི་སྙོམས་པ་སྲིན་བུའི་སུག་རྗེས་དང་། །ཇ་སྡོང་ལྟ་བུ་བྲིས་པ་མི་ཕན་པས། །ཉ་རྒྱས་ཟླ་ལྟར་མཛེས་པའི་ཡིག་གཟུགས་སྦྱོངས། །”ཞེས་སྐུལ་ཚིག་དང་བཅས་ཏེ་སྦྱར་དོན་གང་ཞིག་ཀློག་པའི་ཞོར་དུ་འབྲི་བ་ཆེས་གལ་ཆེ་བ་ཡིན་ཏེ། རྒྱུ་མཚན་ཡང་ལེགས་པར་བཤད་པ་མཐའ་དག་གླེགས་བམ་ལས་བཏུ་དགོས་ཤིང་ཁྱེད་ཀྱིས་ཤེས་པ་དང་བརྡ་སྤྲོད་ན་འདོད་པ་མཐའ་དག་ཡིག་གཟུགས་ལས་ཕར་གོ་བར་བྱེད་པ་འབྲི་དགོས་པས། ཇི་སྲིད་རིག་གནས་ཀྱི་ཉིང་བཅུད་མཐའ་དག་གནས་མི་གནས་ཀྱང་ཡི་གེ་འདོན་པ་ལས་ཀྱང་གཟུགས་ལ་ཐུག་ཡོད་པ་ཡིན་ཕྱིན། རྣམ་འགྲེལ་ལས། “ཡི་གེའི་སྐུལ་སློང་ཤེས་པ་ལས། །སྐྱེ་ལ་ཤེས་པ་སྒྲ་སྐྱེའོ། །”ཞེས་དང་། ཤེར་ཕྱིན་བཤགས་མདོ་ལས། “ལྔ་བརྒྱ་ཐ་མར་གྱུར་བའི་དུས། །ང་ཉིད་ཡི་གེའི་གཟུགས་སུ་སྤྲུལ། །”ཞེས་གསུངས་པ་བཞིན། འབྲི་བའི་ཡོན་ཏན་འདི་ལ་ཁོང་གིས་ཉ་རྒྱས་ཟླ་བཞིན་མཛེས་པར་གྱིས་དང་ཞེས་ཡང་ཡང་སྐྱོར་བའི་དོན་འདིས་རྨང་གཞི་སློབ་གསོའི་གལ་གནད་ཀྱི་ཆ་གཉིས་པ་ཟིན་ཡོད་པ་བཤད་ཆོག་ལ། ཁྱད་པར་དུ་ངེས་པར་དོན་གྱི་སློབ་གཉེར་བ་ཞིག་ཡིན་ན་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་ལ་ངེས་པར་དུ་འཇུག་དགོས་པ་དང་། དེའི་ནང་ནས་ཀྱང་འཆད་རྩོད་གཉིས་ལས་ལྷག་པའི་དོན་ནི་རྩོམ་ལ་འཇུག་པ་འདི་ཡིན་པས། པ་སྡེ་དང་ཙ་སྡེ། ཞ་སྡེ་བཅས་ལས། “པ་ཏྲ་ལྟར་འཁྱོག་ཚིག་སྦྱོར་སྙན་པའི་ངག །ཕ་རོལ་ངོ་མཚར་སྐྱེད་པའི་རིག་གཞུང་ལ། །བ་སྤུ་ཡོ་བའི་དགའ་བ་ཆེར་བསྐྱེད་ནས། །མ་ལུས་ཁོང་དུ་ཆུད་པའི་ཐབས་ལ་འབོད། །”ཅེས་རིམ་པར་ཉིན་ཐོ་ལྟ་བུ་ནས་བརྩོན་པར་ཆེར་བསྐྱེད་དེ་མཐར་སྡེབ་ལེགས་ངག་གི་རྩལ་རྫོགས་ཤིང་ངོ་མཚར་དོན་གྱི་སྦྱོར་བ་ལ་མཁས་པར་གྱིས་ཤིག་ཅེས་བསྐུལ་ཡོད་པ་དང་། ལྷག་དོན་རྩོམ་འབྲི་ཡི་ལས་ལ་འཇུག་པའི་སྒོ་འདི་ཉིད་ཤེས་བྱ་ཐམས་ཅད་ཀྱི་ཉིང་བཅུད་བླུག་སའི་རིན་ཆེན་གྱི་སྣོད་བཟང་ལྟ་བུ་ཞིག་ཡིན་པས། དཔེ་དེབ་ནི་རྩོམ་པ་པོ་ཁོ་ནས་བསྐྲུན་ནུས་པ་དང་རྩོམ་མཁན་རང་ཉིད་ཀྱི་གནས་ལུགས་ཡོད་ཚད་བཅོལ་ས་ཡང་རྩོམ་དེབ་དེ་ཡིན་ཕྱིན། ཟུར་མཁར་བས། “དེ་བཞིན་སྙན་ངག་མི་ལྡན་ན། །བསྟན་བཅོས་མཁས་ལ་བརྩིས་སུ་མེད། །”ཅེས་དང་། རྗེ་རིན་པོ་ཆེའི་བླ་ན་མེད་པའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་ལས། “ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ།། ”ཞེས་གསུངས་པ་བཞིན། ཁོང་གིས་ཀྱང་རྩོམ་རིག་ནི་བསླབ་པ་སློབ་གཉེར་བའི་གོ་རིམ་ཁྲོད་ནས་མེད་དུ་མི་རུང་བའི་གལ་གནད་ཀྱི་ཆ་གསུམ་པར་ངོས་འཛིན་བྱས་ཡོད་པ་བཅས། མདོར་ན་མང་བོ་ཉུང་དུ་བསྡུས་ཏེ་གླེང་ན་ཐོག་མའི་རྨང་གཞི་ལེགས་པར་ཞིག་འཇོག་དགོས་པ་ཡིན་ན་གོ་རིམ་འདི་ཤིན་ཏུ་གལ་ཆེ་བ་དང་། ལྷག་དོན་ཀ་རྩོམ་ཁྲོད་ནས་ལོ་ཆུང་བྱིས་པའི་བློ་ཁ་དང་འཚམ་པའི་ཚིག་དོན་བརྩམ་ཆོས་ནི་འདི་ཉིད་ཙམ་ལས་ཆེར་མ་མཐོང་བ་དང་བཅས་འོས་སྦྱོར་ཞིག་གི་དོད་ཀྱང་བྱེད་འོས་སོ།།
གསུམ་པ། ཁྱད་ཆོས་ཡུལ་དུས་དང་བསྟུན་པའི་གཏམ།
སྤྱིར་བཏང་རྩོམ་ཡིག་གང་དང་གང་ཡིན་ན་མ་མཐའི་ཆ་རྐྱེན་ནི་ཡིག་རྨོངས་ལས་གྲོལ་ཞིང་བརྡ་དང་ཐ་སྙད་ཀྱི་གནས་ལ་བྱང་ཆ་ཅུང་དགོས་པ་བཞིན། ལྷག་དོན་<བསླབ་པར་བྱ་བའི་གཏམ་>ཞེས་པ་འདི་ཉིད་རྩོམ་རིག་གི་ངོས་ནས་བཤད་ན་ཅུང་འབྲི་དཀའ་བའི་ཚད་དང་སྒྲ་རྒྱན་རྩོམ་ཡིག་མང་ཤོས་ཤིག་ལྟ་ཀློག་བྱས་ན་འདོན་དཀའ་གོ་དཀའི་གནས་ཚུལ་ཞིག་ཀྱང་འཕྲད་སྲིད་པ་ཡིན་ཡང་། ཁོང་གི་འདི་ལ་ཁྱད་ཆོས་གཞན་ཞིག་ཀྱང་ཡོད་པ་ནི། “གོ་སླའི་ཚིག་གི་ཕྲེང་བར་སྤེལ་བའི་རྒྱན། །བློ་གསལ་ན་ཆུང་སློབ་བུའི་ཐོས་པ་འཛིན། །”ཞེས་རྩོམ་འདིའི་དགོས་ཆེད་དང་། འབྲི་ཐབས། ནང་དོན་སོགས་ཕྱོགས་མང་ཙམ་ནས་ཚིག་རྐང་འདི་གཉིས་ཀས་ར་སྤྲོད་བྱེད་ཐུབ་ཡོད་པ་དང་། ལྷག་དོན་རྩོམ་ཡིག་འདི་ནི་གོ་བདེ་ཞིང་འཛིན་འོས་པའི་ཡུལ་ནི་ན་ཆུང་སློབ་བུ་ཞེས་དམིགས་སུ་བཀར་བ་འདིས་རྩོམ་ཡིག་གི་ནང་དོན་འདི་ཉིད་དེ་བས་ཀྱང་ཞིབ་ཕྲ་བྱེད་ཐུབ་ཡོད་པ་བཅས། སྤྱིར་རྩོམ་འདིའི་གྲངས་ཚད་ནི་ཤོ་ལོ་ཀ་བཅུ་གཉིས་ཀྱིས་དབུ་མཇུག་ལེགས་པར་གྲུབ་ཡོད་པ་དང་། ཐོག་མའི་ཤོ་ལོ་ཀ་གཅིག་ནི་བསླབ་པར་གདམས་པའི་དོན་དང་། དེ་ནས་མར་ཤོ་ལོ་ཀ་དགུའི་བར་དབྱངས་བཞི་དང་གསལ་བྱེད་ཀྱིས་བརྒྱན་པའི་འབྲི་ཀློག་དང་འབྲེལ་བའི་ནང་དོན་སྐོར་དང་། མཇུག་མཐའི་ཤོ་ལོ་ཀ་གཉིས་ནི་བསླབ་ལ་བསྐུལ་བ་དང་དོན་གྱི་ཁྱད་ཆོས་དམིགས་སུ་བཏོན་པ་སྟེ། དེའང་སློབ་ཆུང་ལོ་རིམ་གསུམ་པ་དང་དྲུག་པའི་བར་དང་། ཡང་ན་སློབ་འབྲིང་སློབ་མ་སོགས་ལ་འདི་ལྟ་བུ་ད་སྐབས་བསླབ་བྱ་ཤིན་ཏུ་དགོས་པར་འདོད་ཅིང་། ད་སྐབས་སློབ་ཆུང་དང་སློབ་འབྲིང་གི་བྱིས་པ་དག་གིས་ཀློག་འདོན་གྱི་སྒྲ་མི་དག་པའི་སྐྱོན་ཤིན་ཏུ་མང་བ་དང་། ཡིག་གཟུགས་ཀྱི་བྲིས་ཁ་ཙམ་ཡང་བྲིས་རྒྱུན་ལས་ལྡོག་པའི་འབྲི་ལུགས། ལྷག་དོན་རྒྱུགས་དང་ལས་བྱའི་ཁྲོད་ན་རྩོམ་ལུས་གང་དང་གང་ཡིན་ཡང་རྨང་གཞི་ཞན་ཁར། རེ་འགའ་གང་ཡང་འབྲི་མི་ནུས་པའི་ཚད་དུ་འདུག་པའི་གནས་ཚུལ་སོགས་མང་དུ་མཐོང་བས་འབྱུང་འགྱུར་རྩོམ་ཡིག་གཞན་ཞིག་ནས་འདིའི་སྐོར་ཕྲན་གྱིས་གླེང་ཐབས་བྱེད་ངེས་པ་དང་། དགེ་སློབ་ཟུང་འབྲེལ་གྱིས་བསླབ་བྱ་འདི་དང་འདི་ལྟ་བུ་སློབ་པ་ལ་ཁ་རྩངས་དེ་རིང་གི་དུས་སུ་“དུས་ཐོག་ཆར་པ་”ལྟ་བུ་དང་། གལ་སྲིད་འདིའི་རིགས་བསླབ་ནས་ལག་ལེན་དོན་འཁྱོར་བྱེད་རྒྱུ་བྱུང་ན་སྔར་ན་མེད་པའི་གྲུབ་འབྲས་བཟང་བོ་ཞིག་ཐོན་པར་སྨྲོས་མི་དགོས་ཤིང་། དེ་ལྟར་མིན་རུང་བག་ཆགས་ཟབ་པའི་འདུ་ཤེས་ཙམ་ཞིག་ནི་ངེས་པར་དུ་བསྐྱེད་ནུས་ན། ད་སྐབས་དཔེར་ན་བསླབ་དེབ་རེ་འགའི་ནང་གི་<དགེ་ཆོས་ཀ་རྩོམ་ཨ་མཆོད་ལོ་རྒྱུས་>ལྟ་བུ་རེ་འགས་ཀ་རྩོམ་གྱི་རྒྱུན་ཤེས་ཙམ་ཕར་ཕུད་རྗེས། གཞན་བྱིས་པ་ལ་ཚིག་དོན་གཉིས་ཀ་ལས་རྔོ་ཐོགས་པ་ཤིན་ཏུ་བཤད་དཀའ་བ་འདུག་པ་བཅས། ཕྲན་གྱིས་གཙོ་བོ་ཞུ་ན་འདོད་པ་ནི་བསླབ་བྱ་འདི་ཉིད་མ་འོངས་པར་ན་ཆུང་བྱིས་པའི་ལམ་གྲོ་ཞིག་ཏུ་འགྱུར་རྒྱུར་འབད་དགོས་པ་དང་། མིན་རུང་བསླབ་དེབ་རེ་ན་བདམས་ཐོན་བྱུང་ན་ཡང་དགེ་མཚན་ཆེ་བ་བཅས། གསེར་ཞུན་དྭངས་མའི་མེ་ལོང་ལྟ་བུ་འདི་རེ་ཞིག་ཕྱི་རོལ་གྱི་ས་རྡུལ་དང་གཡའ་ཆགས་པའི་སྒྲིབ་པ་དེ་དག་ཕྱེས་ཐབས་སུ་བྱས་ཏེ། གནས་ཚུལ་རགས་བསྡུས་ཤིག་སྙན་ཞུ་དང་གླེང་གཞི་ཡི་དོད་དུ་བྲིས་པའོ། །
མཇུག་གཏམ།
སྤྱིར་ན་“ཆུ་རྣམས་ཐམས་ཅད་ལུང་བའི་ཕྱོགས་སུ་འབབ། །གཏམ་རྣམས་ཐམས་ཅད་འདོད་པའི་དབང་དུ་འགྲོ། །”ཞེས་པའི་དཔེ་ལྟར་རང་གི་སྣང་ངོ་ལས་བྱོ་བའི་རྩོམ་ཡིག་འདིའི་ནང་དུ་གནད་ལ་འཇུ་ཚུལ་དང་། དོན་ལ་གོ་ཚུལ། ཚིག་ལ་རྒྱུས་ཚུལ་སོགས་འགྲིག་མིན་ཅི་རིགས་ཀྱང་། རྩ་དོན་གལ་ཆེན་གྱི་གནད་གང་ཞིག་ལྷང་ཕུད་དང་མཛུབ་རིས་སུ་ཕབ་པའི་སྤོབས་པ་འདིས། སྤྱིར་བོད་ཀྱི་རྩོམ་རིག་དང་བསེ་ཚང་ཚང་གི་གསུང་གི་མཛད་དོན་ལ་དྲིན་གསོལ་ཙམ་དང་། བྱེ་བྲག་རང་ཅག་གི་ན་ཆུང་དག་གི་ལམ་གྱི་ཕྱི་ཐག་ལ་ཕུགས་ཀྱི་དྲོད་ཁོལ་ཙམ་རེ་སྟེར་ཐུབ་པའི་སྐུལ་སློང་དང་བཅས་ཏེ། འདི་ཉིད་ལས་ཀློག་འདོན་ལ་མཁས་ཚེ་ཞོར་དུ་ལྟ་ཀློག་ལ་མཁས་པ་ཆགས་པ་དང་། འབྲི་ལ་མཁས་ཚེ་ཞོར་དུ་རྩོམ་ལ་ཕྱོགས་ངེས་པ་དང་། རྩོམ་པའི་ཚེ་ན་ཚིག་དོན་གྱི་སྦྱོར་བ་རྒྱ་ཆེ་ས་ནས་བསླབ་དགོས་པ་བཅས་གནད་གསུམ་གྱི་ནོར་བུ་ལྟ་བུ་འདི་ཉིད་སློབ་གཉེར་བ་ཞིག་གི་མི་ཚེའི་ཁ་ཕྱོགས་ཀྱི་ལམ་ནས་དཔལ་འབར་ཞིག་ཏུ་འགྱུར་ཆོག་པ་བཅས་ཁོ་བོས་རྒྱང་ནས་འོད་སྣང་དང་བཅས་སྟོན་ཁུལ་ཙམ་བྱས་པར་དགེའོ།། །།
ཞེས་ཀྱང་གུས་པ་ལྡོང་རོང་བསོད་ཐར་ཀྱིས2023\ 8\ 21 ཉིན་སྔ་དྲོ་ཞིག་ལ་མཇུག་རྫོགས་པར་བྲིས་ཤིང་2023\11\ 5ཉིན་དག་བཅོས་བཅས་སོ།།
ཡོང་ཁུངས།
ཧི་མ་ལ་ཡ་སྤྱི་སྟེགས།