༄༅། །བདག་སྒྲ་དང་མིང་མཐའི་པ་བ་སྔོན་གྱི་ཡིག་ཚང་དང་ བསྟུན་ཐབས་སྐོར་གླེང་བ།  

བཀྲ་ཤིས་ཆོས་དར།[①]

ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་སྔོན་གྱི་བརྡ་གཞུང་གྲགས་ཅན་དུ་མར་གཞིར་བཅོལ་ཞིང་། མིང་མཐའ་དང་བདག་སྒྲའི་ན་རོ་ཡོད་མེད་ཀྱི་པ་བ་ཇི་ལྟར་སྔོན་གྱི་ཆོས་སྐད་དང་ཇེ་མཐུན་དུ་བཏང་སྟེ་ལག་ལེན་བྱ་དགོས་ཚུལ། ཚད་ལྡན་གྱི་ཡིག་ཆ་འགའི་ཕྱག་ལེན་བྱ་ཚུལ་དཔེ་རུ་དྲངས་ནས་དཔྱད་པ་བཏང་ཡོད།

བརྡ་ཆད་གཙོ་བོ། འ་དང་མཐའ་མེད་ཀྱི་མིང་མཐའ། གྲངས་ཀའི་པ་པོ། བདག་སྒྲའི་བ་བོ། མིང་མཐའི་པ་ལ་ཞུགས་པའི་བདག་སྒྲ།

གླེང་སློང་བ།

 སྤྱིར་བདག་སྒྲ་དང་མིང་མཐའི་པ་པོ་སོགས་ནི་སྐབས་རེར་རྟགས་མཚུངས་འདྲེན་པ་ཙམ་རེ་ཡོད་ཀྱང་། ཕྲད་རང་དབང་ཅན་དུ་གཏོགས་པས་སྔོན་གྱི་མཁས་པས་ཡུལ་དབུས་ཀྱི་སྐད་དག་པ་གཞིར་བཟུང་ནས་བརྗོད་བདེ་གཙོ་བོར་འཛིན་པ་ལས། རྩོད་པ་དང་རྗེས་འཇུག་ལ་མཐའ་གཅིག་ཏུ་ལྟོས་པ་ནི་མེད་པར་མངོན་མོད། གཅིག་ཏུ་ན། བོད་དབུས་དང་མཐའི་ས་ཁད་རིང་ཞིང་འབྲེལ་འདྲིས་ཉུང་བ་སོགས་ཀྱིས་རྐྱེན་པས། སྐད་ལ་ཁྱད་པར་བྱུང་བ་དང་། གཉིས་སུ། ལོ་པཎ་སྔ་མས་ད་དྲག་མཛད་ཅིང་སྒྲ་ཟུར་ཕྱིན་པར་ཀློག་པའི་ལུགས་སུ་རང་བཞིན་གྱིས་མིང་མཐའི་སྒྲ་སོགས་ཀྱང་མཐུན་པར་འབྱུང་མོད། ལོ་པཎ་་ཕྱི་མ་དག་གིས་ཟོར་ཡང་བའི་ཕྱིར་དུ་ད་དྲག་བསྡུས་པར་མཛད་ཅིང་། ཕྱིས་སུ་སྐད་ལའང་འགྱུར་བ་ཆེན་པོ་བྱུང་བས་གང་དུ་ད་དྲག་བསྐུངས་ཡོད་མེད་མ་ཕྱེད་པ་དང་། རྗེས་འཇུག་གི་རྟགས་ཀྱི་དབྱེ་ཚུལ་རྩ་བར་ཁ་མི་གསལ་ཞིང་། མཁས་པ་རང་རང་གིས་བཞེད་ཚུལ་མི་འདྲ་བ་དུ་མ་བཏོན་ཏེ། རྟ་མོག་མོག་གི་སྤུ་ལྟ་བུར་གྱུར་ཞེས་གྲགས་པ་བཞིན་མིང་མཐའ་འདྲེན་ཚུལ་ཡང་མི་མཐུན་པ་མང་དུ་བྱུང་བས་སྟབས་བདེ་ལ་གཅིག་མཐུན་གྱི་འགྲོ་ལུགས་ཤིག་མེད་པར་གྱུར་པ་ཡིན།

གཤམ་ནས་དཔྱད་གཞི་ཁུངས་ཐུབ་གང་རྙེད་གཞིར་བཅོལ་ནས་རང་བློས་དཔོག་ཚོད་ཀྱིས་དེའི་སྐོར་ལག་ལེན་ལ་ཇི་ལྟར་འདེབས་པའི་ཚུལ་རགས་ཙམ་དབྱེའོ། །

དང་པོ། བདག་སྒྲ་ལ་སྦྱོར་ཚུལ།

མཁས་མཆོག་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ནི་བོད་ཀྱི་མཁས་པའི་ཁྲོད་ནས་བོད་ཀྱི་བརྡ་སྤྲོད་ལ་ཞིབ་འཇུག་མཛད་ཡུན་རིང་ཤོས་དང་། གྲུབ་འབྲས་ཆེ་ཤོས་དེ་དང་། 1729ལོར་སྡེ་དགེ་རྒྱལ་པོ་བསྟན་པ་ཚེ་རིང་གིས་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་ཞེས་པ་ཕྱག་བཏབ་ཅིང་། སྐབས་དེར་སི་ཏུ་པཎ་ཆེན་ཁོང་ཉིད་ཀྱིས་ལོ་བཅོ་ལྔ་ཙམ་ལ་བཀའ་བསྟན་ཞུ་དག་མཛད་ཅིང་། ཞུ་དག་མཛད་པའི་ཉམས་མྱོང་ཀུན་ཕྱོགས་སྡོམ་ལྟ་བུས་འགྲེལ་ཆེན་དེ་ཉིད་མཛད་པ་ཡིན་པས། ཁོང་གིས་མཛད་པའི་འགྲེལ་ཆེན་དེ་ཉིད་ཁུངས་བཙུན་ཤོས་དང་། ཤུགས་རྐྱེན་ཆེ་ཤོས་ཤིག་ཏུ་ཆགས་ཡོད་པས་ཁོང་གི་བཞེད་པ་གཞི་རྩ་རུ་བཟུང་ནས། བདག་སྒྲ་ཡི་འཇུག་པ་རགས་ཙམ་ལག་ལེན་དང་སྦྲེལ་ཏེ་བལྟས་ན། ཁོང་ཉིད་ཀྱིས་མཛད་པའི《མུ་ཏིག་ཕྲེང་མཛེས》སུ་བདག་སྒྲའི་ཐད་ནས། རྩ་བར། པུལིངྒ་ཡི་སྒྲ་མེད་པར། །དེ་ལ་པུལིངྒ་སྦྱར་ན། །ཞེས་པ་ལྟར། བདག་སྒྲ་ནི་གཅིག་ཏུ་ན་སྔར་མེད་གསར་དུ་སྦྱར་བ་ཞིག་ཡིན་པར་བཞེད་ཅིང་། གཉིས་སུ“བདག་པོ་ཞེས་པའང་། རྟ་དང་གསེར་སོགས་དང་བྱེད་པ་དང་ཤེས་པ་སོགས་གང་ལ་ཡོད་པའི་གང་ཟག་དེར་ཤེས་དགོས་ཏེ། བེམ་པོ་སོགས་ལ་བདག་པོའི་ཐ་སྙད་མི་འཇུག” 1ཅེས་དང་། དེ་ཉིད་དུ་དཔེ་བརྗོད་ལའང་། རྟ་པ། གསེར་པ། ཁ་ལོ་པ། ཕྲིན་ལས་པ། བྱེད་པོ། ལེན་པོ། གཏོང་བ་པོ། ཞེས་འདྲེན་པར་མཛད་ཡོད། གསུམ་དུ་བདག་སྒྲ་ལ་རྩ་བའི་དངོས་བསྟན་གྱི་པུ་ལིངྒ་ཡི་སྒྲ་པ་པོ་དང་། མ་མོ་ནི་དེ་ལས་ལྡོག་པས་བལྟོས་ཏེ་ཤུགས་བསྟན་དང་། “བ་ཡིག་ནི་པུ་ལིངྒའི་སྒྲ་དངོས་སུ་འགྱུར་བ་ལྟ་ཅི་སྨོས། སྤྱིར་བདག་པོ་སྟོན་བྱེད་ཙམ་དུའང་མི་འཇུག་པའི་ཕྱིར་རོ། །” 2ཞེས་གསུངས་ཤིང་དེ་དག་ནི་ཁོང་ཉིད་ཀྱི་དུས་ཡུན་རིང་པོའི་ཞིབ་འཇུག་དང་ཉམས་མྱོང་ལ་བརྟེན་ནས་བཏོན་པའི་དགོངས་པ་ཡིན་པས་ང་ཚོས་དེ་ལྟར་ལག་ལེན་དུ་འདེབས་པའི་རིན་ཐང་ཡང་བླ་ན་མེད་པ་ཡོད་པ་སྨོས་མི་དགོས་མོད། སྤྱིར་བཏང་བདག་སྒྲ་དང་མིང་མཐའི་པ་པོ་དང་བ་བོའི་རྙོག་འཛིང་དེ་རྗེས་འཇུག་ང་འ་ར་ལར་ཇི་ལྟར་འཇུག་ཚུལ་གྱི་ཐད་ནས་འབྱུང་བས། འདིའི་ཐད་ཀྱི་སྔར་གྱི་ཡིག་ཆ་ཁུངས་ལྡན་དག་ཏུ་ཇི་ལྟར་ཕྱག་ལེན་མཛད་ཀྱི་ཡོད་པ་ལའང་བལྟ་དགོས།

ཁ་ཅིག་གིས་ཁྲོ་བོ་དང་། གཙོ་བོ། བཟོ་བོ། བཟི་བོ། རྫི་བོ་སོགས་ནི་མིང་མཐའ་རུ་འགྲེལ་མོད། ཇི་ལྟར་ཡང་བདག་སྒྲ་ལས་མ་འདས་པའི་རྒྱུན་མཐོང་གི་བརྡ་རུ་གྲགས་ཤིང་གྲུབ་པ་ཞིག་ཏུ་འདོད་དེ། ཁྲོ་དང་། གཙོ། བཟོ། བཟི། རྫི་སོགས་ལ་སྔར་མེད་གསར་དུ་བོ་སྒྲ་སྦྱར་བས་བདག་པོའི་དོན་ཉིད་སྟོན་པར་སོང་ཡོད་པ་ཤེས་སླ། དེ་ཕྱིར་ཞ་ལུ་ལོ་ཙཱ་བས་ཀྱང་། འདི་ལ་ཁ་ཅིག་ཏུ་བ་ཕྱེད་ཀྱང་སྣང་སྟེ། ཁ་ལོ་བ། ཕོ་ཉ་བ་སོགས་དང་ཞེས་བདག་སྒྲ་ལ་བ་ཕྱེད་ཝ་[wa]ཉིད་འཇུག་པ་ཡང་ཡོད་པར་གསུངས་ཤིང་། ཁ་ཅིག་ཏུ་ཞེས་པས་འདིའི་རིགས་དེ་ཅུང་ཉུང་བར་བསྟན་པ་ཡིན་ནམ་སྙམ།

བརྡ་སྤྲོད་སྨྲ་བའི་དབང་པོ་རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱིས་ཀྱང། 《འགྲེལ་པ་སྣང་བྱེད་ནོར་བུ》རུ། “ཁ་ཅིག་ཏུ་ཁ་ལོ་སྒྱུར་བ་ཞེས་བ་ཡིག་གིས་གོ་བཅད་པ་དང་” 4སོགས་གསུངས་ཤིང་། འདིར་གོ་བཅད་ཅེས་པའི་ཚིག་ལ་དཔྱད་ན་པ་དང་པོ་ནི་བདག་སྒྲ་དངོས་བསྟན་དང་བདག་སྒྲ་དངོས་ཀྱང་ཡིན་པར་བཞེད་ཅིང་། བ་བོ་ལྟ་བུ་པ་པོ་ཡི་ཚབ་ཏུ་བརྗོད་བདེའི་དབང་གིས་གོ་བཅད་པ་ཡོད་པ་བསྟན་པ་ཡིན་ལ།  རང་ཅག་ལ་ལག་ལེན་དང་གོ་བ་ཟུང་དུ་འབྲེལ་བྱེད་དང་། གཞུང་རྩ་བ་དང་ལག་ལེན་དངོས་བར་གྱི་རྙོག་གྲ་སེལ་བྱེད་ཀྱི་ལེགས་བཤད་རིན་ཐང་བྲལ་བ་ཞིག་གནང་ཡོད་པ་དང་། ཁོང་གིས་སྨྲ་སྒོའི་རྩ་བ་དྲངས་པ་ཡང་། “པ་དང་ཅན་ནི་བདག་པོའམ། །ལྡན་པའི་དོན་དུ་སྦྱར་བ་བྱ། །” 5ཞེས་པ་ལས། པ་བ་ཅན་ནི་བདག་པོའམ། །ཞེས་པའི་ལུགས་སུ་མ་དྲངས་པ་ནི་ཁོང་གིས་པ་པོ་ནི་བདག་སྒྲ་དངོས་དང་དངོས་བསྟན་(ཤུགས་བསྟན་ནི་མ་དང་མོ་རང་དུ་བཞེད་པ)དུ་བཞེད་པར་གསལ་ལོ། །

འོན་ཀྱང་བདག་སྒྲ་ལ་འཁོར་ལོ་སྒྱུར་བ་ལྟ་བུ་ནི་ཐད་ཀར་བདག་སྒྲར་འདོད་པ་དང་འཁོར་ལོ་སྒྱུར་བ་པོ་ཞེས་པའི་བདག་སྒྲའི་པོ་བསྡུས་པའི་ཤུལ་ཙམ་ཡིན་པར་འདོད་པའི་ལུགས་གཉིས་སུ་འབྱུང་བ། ཕྱི་མ་འཐད་སྙམ་པ་འབྱུང་སྟེ། འཁོར་ལོ་སྒྱུར་བ་དང་ཁ་ལོ་སྒྱུར་བ་ལྟ་བུ་ལ། འཁོར་ལོ་སྒྱུར་བ་པོ་དང་ཁ་ལོ་སྒྱུར་བ་པོ་ཞེས་བདག་སྒྲ་སྣོན་རུང་བ་དང་། ཕོ་ཉ་བ་དང་ལོ་ཙཱ་བ་ལྟ་བུ་ལ་ཕོ་ཉ་བ་པོ་དང་ལོ་ཙཱ་བ་པོ་ལྟ་བུ་འཇུག་ཏུ་མི་རུང་བས་སྔ་མ་ནི་བདག་སྒྲ་པོ་ཉིད་བསྡུས་པའི་ཤུལ་ཙམ་དུ་ངེས་སྙམ་པས་དཔྱད།

དེ་ཡང་བ་དང་བོ་ཉིད་བདག་སྒྲ་རུ་འཇུག་པ་སུམ་འགྲེལ་སྔ་ཤོས་ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ་ནས་སེ་རའི་པྲ་ཏི་དགེ་བཤེས་སོགས་བརྡ་སྤྲོད་སྨྲ་བའི་མཁས་པ་མང་ཆེ་བས་བཞེད་པ་ཡིན་མོད། བ་བོ་དེ་ཉིད་གང་དུ་འཇུག་པ་དང་ཇི་ལྟར་འཇུག་པ་གསལ་ཁ་མེད་པར་མགོ་ཉོག་པོར་གྱུར་ཡོད།

དེས་ན་ད་ལྟ་ང་ཚོས་ཁ་སྐད་རྐྱང་པར་གཞི་འཛིན་པར་དཀའ་བས་ན། མ་གཞི་ནས་རྩ་བར་ཕྲད་རང་དབང་ཅན་དུ་གཏོགས་པའི་བདག་སྒྲ་ཉིད་རྗེས་འཇུག་ལ་ལྟོས་ནས་སྦྱོར་ཐབས་མི་བྱེད་ཀ་མེད་བྱུང་ཡོད། དེ་ཡང་ང་འ་ར་ལ་མཐའ་མེད་ལ་རྣམ་པ་ཀུན་ཏུ་བ་བོ་འཇུག་དགོས་པའི་ལུགས་སུ་བྱས་ན་སྔར་གྱི་དཔེ་ཁུངས་ལྡན་དག་དང་འགལ་བའི་ཆ་མང་དུ་འབྱུང་བས། ད་དུང་མུ་མཐུད་དུ་གནད་དོན་དེ་སེལ་བར་བསམ་བློ་མི་གཏོང་རང་གཏོང་དུ་གྱུར་ཡོད། དེ་ལ་ཇི་ལྟར་འཇུག་ཅེ་ན། རྣམ་གླིང་པཎ་ཆེན་གྱི་དགོངས་པ་ལྟར་བ་བོ་གཉིས་ནི་བདག་སྒྲའི་སྐབས་སུ་བརྗོད་བདེའི་དབང་གིས་པ་པོའི་ཚབ་ཙམ་དུ་གོ་བཅད་པའི་ཚུལ་གྱིས་འཇུག་པ་ཡོད་ཅིང་། གང་ལ་འཇུག་ཅེ་ན། འ་དང་མཐའ་མེད་ལ་གདམ་ངའི་ཚུལ་དུ་འཇུག་ཅེས་དམ་བཅས་ན་འགལ་བ་མེད་ལ། རྒྱུ་མཚན་གཉིས་ཀྱིས་བསྒྲུབ་པར་བྱ་སྟེ། དང་པོ་ནི། བོད་ཀྱི་ཕྲད་གཞན་རྣམས་ཀྱང་འ་དང་མཐའ་མེད་གཉིས་དམིགས་བསལ་གྱིས་འཇུག་ཚུལ་མཚུངས་ཤིང་མོ་ཡིག་ཁོ་ན་འཇུག་པ་ཡིན་ན། བདག་སྒྲ་ལ་ཡང་དེ་ལྟར་དུ་འཇུག་མི་རུང་བའི་རྒྱུ་མཚན་མེད་པ་དང་། གཉིས་པ་ནི། སྔར་གྱི་སུམ་གཞུང་དག་ན་འདིར་དཔེ་བརྗོད་དྲངས་པར་འ་དང་མཐའ་མེད་ལ་བ་བོ་འཇུག་པ་དྲངས་པ་ལས་མ་འདས་པ་སྟེ། ཞ་ལུ་ལོ་ཙཱ་བའི《སུམ་ཅུ་པའི་རྣམ་འགྲེལ་》ལས། “འདི་ལ་ཁ་ཅིག་ཏུ་བ་ཕྱེད་ཀྱང་སྣང་སྟེ། ཁ་ལོ་བ། ཕོ་ཉ་བ་སོགས་དང་” 6ཞེས་དང་། ཟུར་མཁར་པ་བློ་གྲོས་རྒྱལ་པོའི《སུམ་རྟགས་ཀྱི་བཤད་སྦྱར་མཁས་པའི་དགའ་སྟོན》ལས་“ལག་བདེ་བ་” 7ཞེས་དང་། པྲ་ཏི་དགེ་བཤེས་རིན་ཆེན་དོན་གྲུབ་ཀྱི་《སུམ་ཅུ་པའི་རྣམ་བཤད་ཀུན་བཟང་དགོངས་རྒྱན》དུ། “བུམ་པ་བ” 8ཞེས་པ་དང་། སྤྱིར་འ་དང་མཐའ་མེད་ནི་རྣམ་པ་ཀུན་ཏུ་ངོ་བོ་དང་འཇུག་ཚུལ་མཚུངས་ཤིང་། མཐའ་མེད་ནི་དུས་ཕྱིས་སུ་ཡི་གེ་ཟོར་ཡང་བའི་ཕྱིར་དུ་འ་མཐའ་བསྡུས་པ་ཙམ་ཡིན་པ་ཤེས་པ་ལྟར་དང་། དེ་བཞིན་ཕ་དམ་པ་སངས་རྒྱས་ཀྱི་དིང་རི་བརྒྱ་རྩ་མ་རུ། བྱིན་རླབས་ཤུགས་ཀྱིས་འབྱུང་ངོ་དིང་རི་བ། །ཞེས་དང་། སེར་སྣའི་མདུད་པས་མ་ཆིངས་དིང་རི་བ། །དང་། ངན་གཤགས་འཐབ་མོ་མ་བྱེད་དིང་རི་བ། །ཞེས་པ་ལྟ་བུ་དག་ནི་རྩོད་མེད་ཀྱི་བདག་སྒྲ་རུ་འ་དང་མཐའ་མེད་ལ་བ་ཡིས་གོ་བཅད་པའོ། །

ཡང་གསེར་ཏོག་བློ་བཟང་ཚུལ་ཁྲིམས་ཀྱི་《མཆན་འགྲེལ་ངོ་མཚར་འཕྲུལ་ལྡེ》ལས“བཟང་པོ། དཀར་པོ་ལྟ་བུ་ན་རོ་ཐོབ་ཚེ་པ་བཟེད་དང་། དེ་མིན་བཟང་བ། དཀར་བ་ཞེས་བ་ཟུམ་ཐོབ” 9ཞེས་གསུངས་པ་ནི་ཤས་ཆེ་ཆུང་ཙམ་ལ་དགོངས་པ་འདྲ་སྟེ། གོང་དུ་སྨོས་པ་བཞིན་ཁྲོ་བོ་དང་། གཙོ་བོ། བཟོ་བོ། བཟི་བོ། རྫི་བོ་དང་། གཞན་ཡང་དཔའ་བོ། ཞ་བོ། མཛའ་བོ། སོགས་བདག་སྒྲ་ཡིན་མོད། ཁྲོ་པོ་དང་། གཙོ་པོ། བཟོ་པོ། བཟི་པོ། དཔའ་པོ་སོགས་ནི་མ་གྲགས་ཤིང་བརྗོད་གཏན་ནས་མི་བདེ་བས། སྐབས་འདིར་ཡང་རྣམ་གླིང་པཎ་ཆེན་གྱི་དགོངས་པ་བཞིན་བདག་སྒྲ་ལ་འ་དང་མཐའ་མེད་ལ་བོ་ཉིད་ཀྱིས་གོ་བཅད་པ་ཡོད་པར་ཁས་བླངས་ན་དཀའ་རྙོག་རང་ཞིག་ཏུ་འགྲོའོ། །སྤྱིར་ན་རོ་ཞུགས་པའི་བདག་སྒྲ་ཆ་ཡིན་པ་ལ་འ་དང་མཐའ་མེད་ལ་བོ་འཇུག་པ་ལས། བདག་སྒྲ་ཡའི་སྐབས་སུ་འ་དང་མཐའ་མེད་ལ་པོ་འཇུག་པ་སྟེ། སྤྱན་རས་གཟིགས་ཀྱི་པོ་བསྟོད་ལས། འཇིག་རྟེན་བླ་མ་སྲིད་པ་གསུམ་གྱི་བསྟོད་པ་པོ། །ལྷ་ཡི་གཙོ་བོ་བདུད་དང་ཚངས་པས་བསྟོད་པ་པོ། །ཐུབ་པའི་རྒྱལ་མཆོག་བསྟོད་པས་གྲུབ་པར་མཛད་པ་པོ། །འཇིག་རྟེན་གསུམ་གྱི་མགོན་པོ་མཆོག་ལ་ཕྱག་འཚལ་ལོ། །སོགས་ཀུན་ལ་པོ་ཁོ་ན་ཉིད་དུ་ངེས་པས། ལེགས་བཤད་ལྗོན་པའི་དབང་པོར། བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །ཞེས་གསུངས་པ་དང་གོ་ལྡོག་པ་འདྲ་ཞིག་འབྱུང་བ་དང་། ཙོང་ཁ་པ། ན་རོ་པ། ཏཻ་ལོ་པ། དོལ་པོ་པ་ཞེས་པ་ལྟ་བུའང་མང་དུ་འབྱུང་བས། མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས་ཀྱང《ཐོན་མའི་ཞལ་ལུང》ལས། བདག་སྒྲ་ལ་ཆ་ཡ་བརྩི་བ་འདི་ལ་མཁས་པའི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་ལེགས་བཤད་དུ་སྣང་ཡང་། ལག་ལེན་གྱི་ཚེ་ན་བརྟེན་ཁུངས་རྩོད་མེད་ཅིག་རྙེད་དཀའ་འོ། །10ཞེས་གསུངས་པའང་འདི་འདྲ་ལ་དགོངས་ཏེ་གསུངས་པ་འདྲ་སྙམ། 

ཡང་བདག་སྒྲ་ཡ་ལ་མིང་མཐའ་པ་ཡིན་པར་པ་ཉིད་ཟློས་པར་ཞུགས་པ་ནི་སྤང་བའང་སྔར་གྱི་ཕྱག་ལེན་ཏེ། དགོན་པ་བ་དང་། ཉན་ཐོས་ཀྱི་ཐེག་པ་བ། སྤྱོད་པ་བ། ཕྱིང་པ་བ། བཏགས་པ་བ།  བུམ་པ་བ། མངོན་པ་བ། སོགས་ལས་དགོན་པ་པ་དང་། ཉན་ཐོས་ཀྱི་ཐེག་པ་པ། སྤྱོད་པ་པ། ཕྱིང་པ་པ། བཏགས་པ་པ། བུམ་པ་པ་སོགས་སུ་མི་སྦྱོར་བའང་ཡིག་ཆ་ཁུངས་ཐུབ་དག་ཏུ་ཡང་ཡང་འབྱུང་བས་སྣང་ལ་མ་ངེས་པ་རུ་གཏོང་མི་རུང་ངོ་། ། 

གཉིས་པ། ཆོས་ཅན་བརྗོད་པའི་མིང་ལ་སྦྱོར་ཚུལ། 

གཞན་བདག་སྒྲ་མ་ཡིན་པའི་དངོས་པོ་གང་ཞིག་གི་ཁྱད་གཞི་ཙམ་སྟོན་པའི་ཆོས་ཅན་བརྗོད་པའི་མིང་དག་ལས། ང་འ་ར་ལ་མཐའ་མེད་རྣམས་ལ་བ་བོ་ཁོ་ན་སྦྱོར་བ་སྟབས་བདེ་བ་ཙམ་ལས། བོད་ཀྱི་སྔའི་ཡིག་ཚང་དང་མཐུན་པའི་ལུགས་སུ་མི་འགྱུར་ཏེེ། དཔེར་ན། ཁང་པ། རྐང་པ། ལུང་པ། རྙིང་པ། གསར་པ། ཤིང་སྦྱར་པ། བསྐལ་པ། བིལ་པ། ལྟ་བུ་མིང་རྐྱང་གི་མིང་མཐར་པ་འཇུག་པ་ཤས་ཆེ་བ་དང་། འ་དང་མཐའ་མེད་ལ་མིང་རྐྱང་ཡིན་ཡང་བ་དང་བོ་འཇུག་པ་ཡིན་ཏེ། 《དག་ཡིག་མཁས་པ་དགའ་སྐྱེད》ལས། “མཛེས་དགའ་བོ་དང་ཀུན་དགའ་བོ། །མཛའ་བོ་དཔའ་བོ་ངོ་བོ་དང་། །སྤྱི་བོ་ལ་སོགས་མིང་གི་ཆ། །ཝ[wa]ཕྱེད་ཉིད་དུ་འབྲི་ཞིང་བཀླག །” 11ཅེས་པར་འ་དང་མཐའ་མེད་ཁོ་ན་འབྱུང་བ་དང་། གཞན་ཡང་། ཀ་བ། ཁ་བ། ཕོ་བ། གློ་བ། གྲེ་བ། རྣ་བ། མགོ་བོ། རི་བོ། ཆུ་བོ། རྔ་བོ་ཆེ། མི་བོ་ཆེ། སོགས་མང་བ་ཤེས་སླ། ཡིན་ན་ཡང་ང་འ་ར་ལ་མཐའ་མེད་ལ་མཐའ་ཅིག་ཏུ་བ་བོ་སྦྱོར་བའི་ལུགས་དེ་ལ་དགེ་མཚན་གཏན་ནས་མེད་པ་མིན་ཏེ། ཁམས་ཀྱི་འབྲོག་སྐད་དང་ཨ་མདོའི་ཡུལ་སྐད་ལྟ་བུར་ཕལ་ཆེ་བར་མིང་མཐའ་དང་བདག་སྒྲའི་པ་བ་དང་པོ་བོའི་ཁྱད་པར་ངག་ཏུ་མི་གསལ་བས། ལུགས་འདི་བཞིན་དུ་བྱས་པ་ནི་ལས་དང་པོ་པ་ལྟ་བུ་ལ་སྨན་པའི་ཐབས་ལམ་ཉག་གཅིག་གོ །

གསུམ་པ། ཆོས་བརྗོད་ཀྱི་མིང་ལ་སྦྱོར་ཚུལ།

མིང་རྐྱང་གི་རིགས་ལས་ཆོས་བརྗོད་པའི་མིང་རྐྱང་དག་ནི་ན་རོ་མ་ཞུགས་པར་ང་འ་ར་ལ་མཐའ་མེད་ལ་བ་འཇུག་པ་སྟེ། དཔེར་ན། རིང་བ། ཐུང་བ། མཐོ་བ། དམའ་བ། མྱུར་བ། དལ་བ། དགྱེ་བ། སྒུར་བ། རྣོ་བ། རྟུལ་བ། ཚ་བ། གྲང་བ། ཡང་བ། ལྕི་བ། མངར་བ། སྐྱུར་བ། སོགས་ལྟ་བུ་དང་། ཆོས་བརྗོད་ཀྱི་མིང་གི་མཐར་ང་འ་ར་ལ་མཐའ་མེད་ཀྱི་མིང་མཐའ་ལ་ན་རོ་ཞུགས་པའི་ཚེ། འ་དང་མཐའ་མེད་ལ་བོ་དང་གཞན་དག་ཀུན་ལ་པོ་འཇུག་སྟེ། དམའ་བོ། ཁྲ་བོ། ཁ་བོ། སླ་བོ་སོགས་དང་། གཞན་ང་ར་ལ་རྣམས་ལ་པོ་སྦྱོར་བ་ནི།《མཆན་འགྲེལ་ངོ་མཚར་འཕྲུལ་ལྡེ།》ལས “ན་རོ་ཅན་ཡིན་ཚེ། བཟང་པོ། དཀར་པོ་སོགས་པ་བཟེད་ཐོབ་པ་ཡང་ཡི་གེ་ཟུར་ཕྱིན་བཀླག་པ་ན་བརྗོད་པ་གང་བདེ་བ་དེ་དང་བསྟུན་ནས་སྒྲ་མཚུངས་དྲངས་པ་དང” 12སོགས་གསུངས་པ་བཞིན། དཀར་པོ། དམར་པོ། གྲུང་པོ། བཟང་པོ། རིང་པོ། མྱུར་པོ། དལ་པོ། རྟུལ་པོ། ཞེས་སོགས་སུ་སྦྱོར་བ་ལུགས་དང་མཐུན་པ་ལེགས་པར་དཔྱད་ཅིང་ལག་ལེན་དུ་འཁྱོལ་བར་འབད་དགོས་སྙམ་མོ། །

བཞི་པ། གྲངས་ཀ་དང་རིམ་པ་ལ་སྦྱོར་ཚུལ།

གྲངས་ཀ་དང་རིམ་པ་ལ་པ་པོ་འཇུག་ཚུལ་འདི་ཡང་གནད་ཆེ་བར་མཐོང་ཞིང་བེད་སྤྱོད་ཀྱི་ཚད་ཀྱང་མཐོ་བས། འདིར་ཆེད་དུ་ནན་ཏན་གྱིས་དམིགས་སུ་བཀར་ཏེ་མདོར་བསྡུས་སུ་གླེང་བ་ལ། གྲངས་ཀ་དང་རིམ་པ་ལ་པ་པོ་མ་གཏོགས་བ་བོ་གཏན་ནས་མི་འཇུག་པའང་སྔར་གྱི་ཆོས་སྐད་ཀྱི་ལུགས་ཏེ། 1. དེ་ཡང་མིང་ཙམ་སྟོན་པའིགྲངས་ཀར། 《བརྒྱད་སྟོང་པ།》 《དབུ་མ་བཞི་བརྒྱ་པ།》 《དོན་བདུན་བཅུ་པ།》 《ཤེས་རབ་བརྒྱ་པ།》 《སུམ་ཅུ་པ།》 ལྟ་བུ་ལས་བརྒྱད་སྟོང་བ་དང་དོན་བདུན་ཅུ་བ་ལྟ་བུ་སོགས་སུ་མི་འབྱུང་བ་དང་། 2. གྲངས་ཀ་བསྡོམས་ཏེ་སྟོན་པ་དེ་བཞིན་གཤེགས་པའི་ཆོས་བཅུ་པོ། གྲོང་ཁྱེར་བཞི་པོ། དགེ་སློང་ལྔ་པོ་ལྟ་བུ་པོ་འཇུག་པ་དང་། 3. གྲངས་ཀྱི་སྔ་ཕྱིའི་རིམ་པ་སྟོན་པ་ལ། ཐོན་མིའི་《སུམ་ཅུ་པའི》རྩ་བར། “བཞི་པ་དགུ་པ་ལ་བཅུ་པ། །སྦྱར་བ་འབྱུང་ཁུངས་དག་ཡིན་ཏེ། །” 13ལྟ་བུ་དཔེ་ཁུངས་ལྡན་དག་ལས་འབྱུང་བ་དང་། 《སྒྲ་བྱེ་བྲག་རྟོགས་བྱེད་ཆེན་མོ》ལས། “དང་པོ། གཉིས་པ། གསུམ་པ། བཞི་པ། ལྔ་པ། དྲུག་པ། བདུན་པ། བརྒྱད་པ། དགུ་པ། བཅུ་པ། ” 14ཞེས་འབྱུང་བ་དང། དེ་ལའང་སྔ་ཕྱིའི་རིམ་པ་ཀ་མད་ཀྱིས་སྟོན་པ་ནི་སྔར་གྱི་དཀར་ཆག་དག་པ་རྣམས་སུ་ཀ་པ། ཁ་པ། ག་པ། ང་པ། ཞེས་སོགས་འབྱུང་བའང་གྲངས་ཀ་དང་རིམ་པ་མཚོན་པའི་ཁོངས་སུ་གཏོགས་པ་ཤེས་དགོས་ཤིང་། ཀ་པ་ཞེས་པས་ཁང་པའི་ཀ་བ་དང་དོན་མི་འཁྲུལ་བ་དང་། དེ་བཞིན་ག་པ་ནི་གཡག་ག་བ་ལྟ་བུ། ང་པ་ནི་ཡ་ང་བ་དང་དྲི་ང་བ། ན་པ་ནི་ནད་ན་བ་སོགས་ལས་དོན་གྱི་འཁྲུལ་བ་མི་འབྱུང་བའི་དགོས་པ་པའང་ཡོད་དོ། ། 

ལྔ་པ། བྱ་ཚིག་ལ་སྦྱོར་ཚུལ།

《དག་ཡིག་ཟ་མ་ཏོག》ལས།“ ག་ད་བ་ས་ན་མ་པ། །ཞེས་དང་། ང་འ་ར་ལ་འདོགས་ཅན་དང་། །རྐྱང་པའི་རྗེས་སུ་བ་ཕྱེད་ཝ[wa]ར། །འབོད་པ་རྣམས་ལ་བ་སྦྱར་ཞིང་། །” 15ཞེས་གསུངས་པ་དང་། 《དག་ཡིག་ངག་སྒྲོན》ལས། “མིང་མཐའི་པ་བའི་དབྱེ་བ་ནི། །ག་ད་ན་བ་མ་ས་དང་། །ད་དྲག་ཅན་མཐར་པ་དང་ནི། །ང་འ་ར་ལ་མཐའ་མེད་མཐའི། །བ་ཕྱེད་ཝ[wa]འབོད་རྣམས་ལ་བ། །གཞན་ལ་པ་ཉིད་སྦྱར་ཏེ་དཔེར། །” 16སོགས་གསུངས་པ་ནི། ང་འ་ར་ལ་དང་མཐའ་མེད་ལ་མཐའ་ཅིག་ཏུ་བ་དང་བོ་འཇུག་པར་གསུངས་པ་མིན་པར། སྔར་གྱི་ཡུལ་དབུས་སོགས་སྐད་དག་པ་རུ་བ་ཕྱེད་ཝ་རུ་འབོད་པའམ། ངག་ལ་རང་བཞིན་གྱིས་མིང་མཐའ་དང་བདག་སྒྲར་བ་ཕྱེད་ཝ[wa]ཉིད་འབྱུང་ཞིང་བརྗོད་བདེ་བ་རྣམས་ལ་བ་ཉིད་སྦྱོར་བ་དང་། ང་འ་ར་ལ་དང་མཐའ་མེད་ལ་ངག་ལ་རང་བཞིན་གྱིས་མིང་མཐའ་དང་བདག་སྒྲར་པ་ཉིད་འབྱུང་ཞིང་བརྗོད་བདེ་བ་རྣམས་ལ་པ་སྦྱོར་བར་གསུངས་པ་ཡིན་པས། གོ་བ་རང་འདོད་ལྟར་ལེན་པ་ནི་བཙན་ས་ཟིན་པ་དཀའོ། །ཡིན་ན་ཡང་དེ་དག་ཏུ་ཡུལ་དབུས་ལྟ་བུའི་སྐད་དག་པ་ཁ་ཤས་ཤིག་གི་བརྗོད་བདེ་ཙམ་གཞིར་བཞག་ནས་གསུངས་པས། ད་དུང་བོད་ཡོངས་ཀྱིས་ལག་ལེན་ཏུ་འདེབས་ཆོག་ཆོག་དང་སྟབས་བདེ་ཞིང་ཆོད་ཆེ་བ་ཞིག་བྱུང་མེད་པ་དང་། བྱ་ཚིག་མིང་རྐྱང་བཅས་ལ་བྱེ་བྲག་ཏུ་འཇུག་ཚུལ་མི་གསལ་བར་སྤྱི་ལྡོག་ཙམ་དུ་བསྟན་པར་སོང་བས། རིམ་གྱིས་སྐད་ཆ་འགྱུར་བ་དང་བསྟུན་ནས་རྙོག་གྲ་ཆེ་རུ་སོང་བར་ངེས། དེ་ཡང་བརྡ་སྤྲོད་སྨྲ་བའི་དབང་པོ་དགེ་རྒན་དཔའ་རིས་སངས་རྒྱས་ལགས་ཀྱིས《བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ》དུ། “དབུས་སྐད་བྱ་བའི་མིང་ལ་ནི། །ཆ་ཡ་ཁྱད་མེད་བ་སྦྱར་ཏེ། །སོང་བ་མྱུར་བ་སྐྱོན་འདོར་བ། །དོན་གོ་བ་དང་དགའ་བ་བཞིན། །” 17ཞེས་པ་ནི་དབུས་སྐད་དུ་བྱ་ཚིག་གི་རྗེས་འཇུག་ང་འ་ར་ལར་རྣམ་པ་ཀུན་ཏུ་བ་ཉིད་སྦྱོར་བར་གསུངས་པ་ནི་ལེགས་བཤད་རྨ་མེད་པ་དང་། འདི་ཉིད་ནམ་ཡང་ལག་ལེན་དུ་འདེབས་སུ་རི་བ་ཞིག་ཏེ། བྱ་ཚིག་གི་རྗེས་འཇུག་ང་འ་ར་ལ་དང་མཐའ་མེད་ལ་རྣམ་པ་ཀུན་ཏུ་བ་ཉིད་སྦྱོར་བ་ནི་སྔར་གྱི་ཡིག་ཆ་ཁུངས་མ་མང་པོའི་ལུགས་ཡིན་པ་ནི། ས་པཎ་གྱི《མཁས་པའི་ཁ་རྒྱན》ལས། “ང་ར་ལ་རྣམས་(འབྱུང་བ། འགྱུར་བ། དལ་བ། གང་བ། གྱུར་བ། ཆལ་བ། )ཀྱི་ཝ་ཡང་ནའོ། །ཞེས་དང་། འ་འི་(དཔའ་བ། དགའ་བ།)ཝའོ། །” 18ཞེས་བྱ་ཚིག་ལ་ང་འ་ར་ལར་བ་ཁོ་ན་དང་། ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་མཛད་པའི《བྱཱ་ཀ་ར་ཎའི་རྟགས་ཀྱི་འཇུག་པ་རྣམ་གསལ་ལེགས་བཤད》དུ། “སྣུམ་སྐུ་བར་བྱེད། དྲིན་གྱིས་སྐྱོང་བར་བྱེད། སྡེ་དཔོན་སྐོ་བར་བྱེད། ནོར་རྐུ་བར་བྱེད། སེམས་ཅན་སྒྲོལ་བར་བྱེད། རྩིག་པ་སྒྱེལ་བར་བྱེད། ཆོས་སྒྱུར་བར་བྱེད། ” 19ལྟ་བུ་སོགས་དང་།

སི་ཏུའི་འགྲེལ་ཆེན་《མུ་ཏིག་ཕྲེང་མཛེས》སུ། “བཀལ་བར་བྱའོ། །བཀོལ་བར་བྱ། བཀྲུ་བར་བྱ། བརྐུ་བར་བྱ། བརྐོ་བར་བྱ། བརྐྱང་བར་བྱ། བསྐང་བར་བྱ། བསྐུལ་བར་བྱ། བསྐོར་བར་བྱ། ” 20ལྟ་བུ་སྟེ་ང་འ་ར་ལ་མཐའ་མེད་ལ་བྱ་ཚིག་གི་མིང་མཐར་བ་ཁོ་ན་འབྱུང་ངོ་། །

དེ་དག་ནི་ཡིག་ཆ་ཁུངས་ལྡན་དག་ལས་དྲངས་པའི་དཔེ་བརྗོད་འགའ་ཤས་དང་། འདི་ཡིས་བྱ་ཚིག་དང་མིང་རྐྱང་གི་ཁྱད་པར་ཡང་གསལ་ནུས་པ་ཡིན་ཏེ། ཐར་བ་ལྟ་བུ་བྱ་ཚིག་དང་། ཐར་པ་མིང་རྐྱང་ངམ་མིང་ཙམ་དུ་པ་དང་བའི་ནུས་པས་འབྱེད་པ་ནི། འབྱོར་བ། འབྱོར་པ། འགྲེལ་བ། འགྲེལ་པ། རལ་བ། རལ་པ། སྤྲུལ་བ། སྤྲུལ་པ། འགོ་བ། འགོ་པ། སྟོང་བ། སྟོང་པ། གསར་བ། གསར་པ། རྙིང་བ། རྙིང་པ། སོགས་ནི་མིང་མཐའི་པ་བ་བརྗེས་པ་ཙམ་གྱིས་དོན་ཐ་དད་དུ་སྟོན་པའང་སྔོན་གྱི་ཆོས་སྐད་ཀྱི་ལུགས་སོ།  

མཇུག་བསྡུ་བ།

ད་ལྟའི་དུས་སུ་བདག་སྒྲ་སོགས་མིང་མཐའི་ན་རོ་ཡོད་མེད་ཀྱི་པ་བ་ནི་སྔོན་གྱི་ཡིག་ཚང་ཁུངས་མ་དག་དང་མཐུན་པ་ཞིག་ཡོང་བ་ནི་དཀའ་བའི་གནད་ཅིག་ཏུ་གྱུར་ཡོད་ཅིང་། ད་ལྟ་ཡིག་ཆ་གསར་པ་མང་པོ་ཞིག་བ་དང་བོ་ཡིས་ཁེངས་པ་འདྲ་ཞིག་དང་། ད་དུང་ཁ་ཤས་ཀྱིས་མིང་མཐའ་དང་བདག་སྒྲ་གཉིས་ཀར་ཕོ་ཡིག་དང་མོ་ཡིག་ལ་མ་ལྟོས་པར་ཆ་ཡ་བརྩི་བ་བཅས་གཏད་སོ་ཅི་ཡང་མེད་པར་གྱུར་ཟིན་པ། སྔར་གྱི་བསྟན་བཅོས་ཀྱི་སྐད་ལ་གོམས་པར་མ་བྱས་པའི་སྐྱོན་དུ་ངེས་པས་དེ་དག་ལ་གོམས་པར་བྱ་བ་ནི་གནད་ཀྱི་དམ་པ་དང་། སྔོན་གྱི་མཁས་དབང་རིམ་བྱོན་གྱིས་ཡི་གེའི་བརྡ་སྤྲོད་འདི་ཉིད་ལ་ཆོས་སྐད་ཅེས་ཀུན་གྱིས་གཙིགས་སུ་བཟུང་སྟེ་ཐབས་སྣ་ཚོགས་ཀྱིས་སྤེལ་ཞིང་། གཅིག་གྱུར་བྱུང་སྟེ་མདོ་དབུས་མཐོ་སྒང་གི་མི་རིགས་འདི་ཉིད་སེམས་དང་བསམ་པ་གཅིག་ཏུ་སྦྲེལ་ཞིང་། བློ་དང་རྒྱུ་མ་ཡ་མ་བྲལ་བའི་ནུས་པ་བླ་མེད་ཐོན་པ་ནི་དགའ་འོས་པའི་ལོ་རྒྱུས་ཤིག་ཡིན་ལ། སྲོལ་བཟང་འདི་ཉིད་མ་ཉམས་པར་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་བར་འབད་པ་ནི་ང་ཚོས་འགན་ལ་ཅིས་མི་ལེན། དེ་ཡང་འདིར་བདག་སྒྲ་དང་མིང་མཐའི་ན་རོ་ཡོད་མེད་ཀྱི་པ་བ་ལ་ཁྱབ་པ་གཉིས་དང་ཕྱོགས་ལྷུང་གསུམ་བརྩིས་ཡོད་དེ། བྱ་ཚིག་ལ་ང་འ་ར་ལ་མཐའ་མེད་ལ་བ་ཁོ་ན་འཇུག་པས་ཁྱབ། གྲངས་ཀ་དང་རིམ་པ་ལ་པ་དང་པོ་ཡིས་ཁྱབ། བདག་སྒྲ་ནི་པ་པོའི་ཕྱོགས་སུ་ལྷུང་བས་འ་དང་མཐའ་མེད་ཁོ་ནར་བ་བོ་གཉིས་ཀྱང་གདམ་ངའི་ཚུལ་དུ་སྦྱོར་བ་མི་འགལ། ཆོས་བརྗོད་ཀྱི་མིང་གི་མཐའ་ནི་ན་རོ་མེད་པ་བ་ཡི་ཕྱོགས་སུ་ལྷུང་བ་དང་། ན་རོ་ཞུགས་པར་དེ་ལས་ལྡོག་སྟེ་འ་དང་མཐའ་མེད་ལ་བ་བོ་དང་། གཞན་དག་ཀུན་ལ་པོ་ཡིས་ཁྱབ་པས་པོ་ཡི་ཕྱོགས་སུ་ལྷུང་བ་ཡིན། ཆོས་ཅན་བརྗོད་པའི་མིང་ནི་པ་ཡི་ཕྱོགས་སུ་ལྷུང་བ་ཅན་དང་འ་དང་མཐའ་མེད་ལ་བ་དང་བོ་ཡིས་ཁྱབ་པ་བཅས་སུ་འདོད་དེ། འདི་ལྟར་ལག་ལེན་དུ་བཏབ་ན་བ་དང་བོ་ཡི་གྲངས་ཀ་ཉུང་བར་འགྱུར་ཞིང་སྔར་གྱི་བསྟན་བཅོས་ཀྱི་སྐད་དང་མཐུན་པ་འདུག་གོ །

  ཟུར་མཆན།

1,2,སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས། སི་ཏུའི་འགྲེལ་ཆེན་མུ་ཏིག་ཕྲེང་མཛེས་དཔེ་བསྡུར་མ། [M] སི་ཁྲོན་དུས་དེབ་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2017 ལོ། ཤ101  ཤ 102

4,5,རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས། ལེགས་བཤད་སྣང་བྱེད་ནོར་བུ། [M] བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས། པོད་གསུམ་པ། [G] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014 ལོ།  ཤ36  ཤ36

6,ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ། སུམ་ཅུ་པའི་རྣམ་འགྲེལ། [M] དཔལ་ལྡན་ས་སྐྱ་པའི་གསུང་རབ། [G] མི་རིགས་དཔེ་སྐྲུན་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2013 ལོ། ཤ 43

 7,ཟུར་མཁར་པ་བློ་གྲོས་རྒྱལ་པོ། སུམ་རྟགས་ཀྱི་བཤད་སྦྱར་ཡང་དག་མཁས་པའི་དགའ་སྟོན། [M] བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས། པོད་དང་པོ། [G] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014 ལོ། ཤ184

8,པྲ་ཏི་རིན་ཆེན་དོན་གྲུབ། སུམ་ཅུ་པའི་རྣམ་བཤད་ཀུན་བཟང་དགོངས་རྒྱན། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016 ལོ། ཤ 55

9,12,གསེར་ཏོག་བློ་བཟང་ཚུལ་ཁྲིམས། མཆན་འགྲེལ་ངོ་མཚར་འཕྲུལ་ལྡེ། [M] མི་རིགས་དཔེ་སྐྲུན་ཁང་། 1995 ལོ། ཤ 88  ཤ 199

10,ཚེ་ཏན་ཞབས་དྲུང་། ཐོན་མའི་ཞལ་ལུང་། [M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2016 ལོ། ཤ 199

1,1དབྱངས་ཅན་རོལ་བའི་འོ་མཚོ། དག་ཡིག་མཁས་པ་དགའ་སྐྱེད། [M] དག་ཡིག་ཕྱོགས་བསྒྲིགས་མུ་ཏིག་ཚོམ་བུ། [G] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2011 ལོ། ཤ 427

13,ཐོན་མི་ཨ་ནུ། ལུང་དུ་སྟོན་པའི་རྩ་བ་སུམ་ཅུ་པ། [M] སྡེ་དགེ་བསྟན་འགྱུར་ཤིང་པར་མ། [G] སྣ་ཚོགས། ཅོ། ཤ བརྒྱ་རེ་གཅིག

14,ལོ་ཙཱ་བ་སྐ་ཅོག་ཞང་གསུམ་སོགས། སྒྲ་བྱེ་བྲག་རྟོགས་བྱེད་ཆེན་མོ། [M] སྡེ་དགེ་བསྟན་འགྱུར་ཤིང་པར་མ། [G] སྣ་ཚོགས་ཅོ། ཤ བརྒྱ་དང་བཅུ་བཞི།

15,ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ། དག་ཡིག་ཟ་མ་ཏོག ། [M] དཔལ་ལྡན་ས་སྐྱ་པའི་གསུང་རབ། [G] མི་རིགས་དཔེ་སྐྲུན་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2013 ལོ། ཤ 318

16,དཔལ་ཁང་ལོ་ཙཱ་བ། དག་ཡིག་ངག་སྒྲོན། [M] མི་རིགས་དཔེ་སྐྲུན་ཁང་། 2017 ལོ། ཤ 36

17,དཔའ་རིས་སངས་རྒྱས། བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ། [M] མི་རིགས་དཔེ་སྐྲུན་ཁང་། 2008 ལོ། ཤ322

18,ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན། བསྟན་བཅོས་མཁས་པའི་ཁ་རྒྱན། [M] ས་སྐྱ་གོང་མ་རྣམ་ལྔའི་བཀའ་འབུམ། [G]  ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན། 2015 ལོ། ཤ535

19,ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ། བྱཱ་ཀ་ར་ཎའི་རྟགས་ཀྱི་འཇུག་པ་རྣམ་གསལ་ལེགས་བཤད། [M] དཔལ་ལྡན་ས་སྐྱ་པའི་གསུང་རབ། [G] མི་རིགས་དཔེ་སྐྲུན་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2004 ལོ། ཤ 57

20,སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས། སུམ་རྟགས་ཀྱི་འགྲེལ་པ་མུ་ཏིག་ཕྲེང་མཛེས། [M] སི་ཏུའི་བཀའ་འབུམ་ཤིང་པར་མ། [G] པོད་ཆ་པ།  ཤ ལྔ་བཅུ་ང་གཉིས།

 ཡོང་ཁུངས།

ངེད་དྲ་བ།


[①] བཀྲ་ཤིས་ཆོས་དར། (1987 -)ཕ་ཡུལ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་སྐྱེ་དགུ་མདོ། ད་ལྟ་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི2017ལོའི་རབ་འབྱམས་ཞིབ་འཇུག་སློབ་མ་ཡིན། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་བོད་ཀྱི་གནའ་རབས་ཡིག་ཚང་ཡིན།

*དཔྱད་རྩོམ་འདི་ནི་བོད་ལྗོངས་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་“མཐོ་རིམ་མི་སྣ་གསོ་སྐྱོང་འཆར་གཞིའི་རྣམ་གྲངས”《 བདག་སྒྲ་དང་མིང་མཐའི་པ་བ་སྔོན་གྱི་ཡིག་ཚང་དང་བསྟུན་ཐབས་སྐོར་གླེང་བ།》ཞེས་པའི་དཔྱད་འབྲས་ཀྱི་ཚན་པ་ཞིག་ཡིན། རྣམ་གྲངས་ཨང་རྟགས། 2017-GSP-025