2024 / 1 / 3
ང་ཡི་དད་སེམས།
ཡིག་སྒྱུར་བ། གེ་སར།
རྩོམ་པ་པོ་མཚམས་སྦྱོར།
མ་ལི**·**ཅུས་ལི(1867~1934)ཧྥ་རན་སེའི་དངོས་ལུགས་རིག་པ་བ་དང་རྫས་འགྱུར་རིག་པ་བ་ཡིན། སྐྱེས་ཁུངས་ཕོ་ལན། ཕ་རི་སི་སློབ་ཆེན་གྱི་རང་བྱུང་རིག་པའི་འབུམ་རམས་པ་སྟེ། 1895ལོར་ཕི་ཨའེ་ཨེར· ཅུས་ལི་དང་གཉེན་བསྒྲིགས་ཤིང་། ཁོང་ཚོས་མཉམ་དུ་པེ་ཁོ་ལི་ཨེར་གྱིས་དུས་སྐབས་དེར་ཐོག་མར་གསར་རྙེད་བྱུང་བའི་འཕྲོ་ནུས་ལྡན་པའི་སྣང་ཚུལ་ལ་ཞིབ་འཇུག་བྱས་ཏེ། སྔ་རྗེས་སུ་རང་བྱུང་གི་འགྱེད་འཕྲོ་ཅན་གྱི་གཞི་རྒྱུ་ཕུའུ་དང་ལེ་གཉིས་ཤེས་རྟོགས་བྱུང་། 1906ལོར་ཅུས་ལི་འདས་རྗེས། ཁོ་མོས་མུ་མཐུད་དུ་འཕྲོ་ནུས་རང་བཞིན་ལ་ཞིབ་འཇུག་བྱས་ཏེ་གྲུབ་འབྲས་ཆེན་པོ་བླངས། བརྩམས་ཆོས《འཕྲོ་ནུས་ལྡན་པའི་སྐོར་གྱི་ཀུན་གསལ་རྣམ་བཤད》དང《འགྱེད་འཕྲོ་ཅན་གྱི་དངོས་པོའི་ཞིབ་འཇུག》སོགས་ཀྱིས་རྡུལ་ཉིང་ཚན་རིག་གི་འཕེལ་རྒྱས་ལ་སྐུལ་འདེད་ཐེབས། ཅུས་ལི་བཟའ་ཟླ་གཉིས་དང་པེ་ཁོ་ལི་ཨེར་ལ1903ལོར་ཐུན་མོང་གི་ནོལ་པེལ་དངོས་ལུགས་རིག་པའི་བྱ་དགའ་ཐོབ་ཅིང་། 1911ལོར་ཁོ་མོར་ཡང་བསྐྱར་ནོལ་པེལ་རྫས་འགྱུར་རིག་པའི་བྱ་དགའ་ཐོབ། ཁོ་མོ་ནི་ཕ་རི་སི་སློབ་ཆེན་གྱི་བུད་མེད་སློབ་དཔོན་ཆེན་མོ་ཐོག་མ་དང་། ཧྥ་རན་སེའི་ཚན་རིག་ཁང་གི་བུད་མེད་ཡོན་ཧྲི་ཐོག་མའང་ཡིན། 1934ལོའི་ཟླ7པའི་ཚེས4ཉིན། རླབས་ཆེ་བའི་ཚན་རིག་པ་འདི་ཉིད་འཇིག་རྟེན་མི་ཡུལ་དང་གཏན་དུ་གྱེས་ཟིན་ནའང་། ཁོ་མོའི་ཞུམ་པ་མེད་པའི་སྙིང་སྟོབས་དེས་མི་རྣམས་ལ་དུས་ནམ་ཡང་སྐུལ་འདེད་གཏོང་བཞིན་ཡོད་དོ།།
ང་ཡི་དད་སེམས།
ལྕམ་མོ་ཅུས་ལིས་བརྩམས།
གེ་སར་གྱིས་བསྒྱུར།
འཚོ་བ་ནི་ཕོ་མོ་སུ་ཞིག་ལ་མཚོན་ནའང་ལས་སླ་མོ་ཞིག་གཏན་ནས་མིན། ང་ཚོ་ལ་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་ཤིག་ལྡན་དགོས་ལ། གཙོ་ཆེ་བ་ནི་ང་ཚོ་རང་ཉིད་ལ་དད་སེམས་ཤིག་ཡོད་དགོས་པ་དེ་ཡིན། དོན་དག་གང་ཞིག་ལ་ཁ་གཏོད་དུས་ང་ཚོ་རང་ཉིད་ལ་འཇོན་ནུས་ལྡན་པར་ཡིད་ཆེས་ཅིས་ཀྱང་ལྡན་དགོས་པ་ལས། རིན་དོད་ཅི་ཞིག་དབུལ་དགོས་ཀྱང་དོན་དག་དེ་ཡག་པོ་ཞིག་འཁྱོང་དགོས། དོན་དག་དེ་མཇུག་རྫོགས་སྐབས། ཁྱོད་ཀྱིས་འགྱོད་པ་ཅི་ཡང་མེད་པའི་སྒོ་ནས“ངས་ནུས་པ་ཡོད་ཚད་རྩལ་དུ་སྤྲུགས་ཟིན”ཞེས་བཤད་ཐུབ་དགོས།
ལོ་ཞིག་གི་དཔྱིད་ཀར། ང་རང་ནད་ཀྱི་དབང་གིས་གཟའ་འཁོར་འགར་ཁྱིམ་ནས་ངལ་མི་གསོ་ཀ་མེད་བྱུང་། ངས་རང་གི་ཞི་མོ་ཚོས་གསོས་པའི་དར་འབུ་སྟེང་སྲིན་གོང་སྐྱེས་ཡོད་པར་ཅེར་ནས་བསྡད་ཅིང་། དེས་ངའི་སྤྲོ་བ་དྲངས་བྱུང་། དར་འབུ་དེ་དག་གིས་ཨུ་ཚུགས་དང་ཧུར་ཐག་སྒོས་བྱ་བ་སྒྲུབ་བཞིན་པར་ལྟ་ཞོར། ངས་དེ་དག་དང་རང་ཉིད་ཇི་འདྲའི་མཚུངས་ཨང་སྙམ་ཞིང་། ཁོ་ཚོ་དང་འདྲ་བར་ངས་ནམ་རྒྱུན་དམིགས་པ་རྩེ་གཅིག་ཏུ་གཏད་ནས་བསྡད་པ་ཡིན། ང་རང་འདི་འདྲ་ཞིག་ཡིན་དོན་ནི་ནུས་ཤུགས་རིགས་ཤིག་གིས་ང་ལ་སྐུལ་ལྕག་ཐེབས་བཞིན་ཡོད་པས་ཡིན། དེ་ནི་དར་འབུས་ཧུར་ཐག་སྒོས་རང་གི་སྲིན་གོང་སྐྱེས་སུ་འཇུག་པ་ལྟ་བུ་རེད།
ལོ་ཡི་འཁོར་མོ50ཙམ་ནང་། ངས་ཚན་རིག་ཞིབ་འཇུག་ཐད་ལ་ཧུར་བརྩོན་བྱས་ཤིང་། དེ་ཡང་ཞིབ་འཇུག་ཕལ་ཆེ་བ་ནི་བདེན་ལུགས་ཐད་ཀྱི་ཞིབ་བསྡུར་ཡིན། ང་ལ་ཡིད་དུ་འོང་ཞིང་སྐྱིད་སྣང་སྟེར་བའི་ཕྱིར་དྲན་མང་བོ་ཡོད་དེ། ན་ཆུང་མའི་དུས་སྐབས་སུ་ངས་ཕ་རི་སི་སློབ་ཆེན་ནང་ཁེར་རྐྱང་སྒོས་སློབ་གཉེར་གྱི་ལོ་ཟླ་བསྐྱལ། དུས་སྐབས་དེར། ང་དང་ཁྱོ་ག་གཉིས་ཀྱིས་སེམས་པ་རྩེ་གཅིག་ཏུ་གཏད་ནས་རྨི་ལྟས་ནང་འགྲིམ་པ་བཞིན་དཀའ་སྡུག་སྒོས་དཔེ་ཁང་བབ་ཆགས་པོ་དེའི་ནང་ཞིབ་འཇུག་བྱས་ཤིང་། རྗེས་སུ་ང་ཚོས་གནས་དེ་གར་གཞི་རྒྱུ་ལེ་ཤེས་རྟོགས་བྱུང་།
འཚོ་བའི་ཁྲོད། ངས་དུས་ནམ་ཡང་ལྷིང་འཇགས་ཀྱི་བྱ་བ་ཞིག་དང་ཁྱིམ་ཚང་གི་འཚོ་བ་སྟབས་བདེ་ཞིག་ལ་རེ་སྙེག་བྱས་པ་ཡིན། ཕུགས་བསམ་དེ་མངོན་འགྱུར་བྱ་ཆེད། རྗེས་སུ་ངས་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་རྒྱུན་འཁྱོངས་བྱ་རྒྱུར་འབད་པ་མཐའ་འཁྱོལ་བྱས་ཤིང་། དེ་ནི་གཞན་དོན་ཙག་ཙིག་དང་སྙན་གྲགས་ཀྱི་དཀྲོག་ཟིང་ལ་གཡོལ་བའི་ཆེད་དུ་ཡིན།
ཚན་རིག་གི་ཕྱོགས་ནས་ང་ཚོས་དོན་དག་ལ་ཁ་གཏད་ཡོད་པ་ལས་མི་ཡི་སྤྲོ་བར་ཁ་གཏད་མེད་པར་ང་ལ་ཡིད་ཆེས་བདོག ཕི་ཨའེ་ཨེར· ཅུས་ལི་དང་ངེད་གཉིས་ཀྱིས་ང་ཚོའི་གསར་རྙེད་ཀྱི་སྟེང་ནས་དཔལ་འབྱོར་གྱི་ཁེ་ཕན་ལེན་མིན་ཐག་གཅོད་བྱེད་དུས། ངེད་གཉིས་པོས་དེ་ནི་ང་ཚོའི་རྣམ་དག་གི་ཞིབ་འཇུག་བསམ་བློ་དང་འགལ་ཡོད་པར་འདོད་དོ།། དེའི་ཕྱིར། ང་ཚོས་གསར་རྙེད་བྱུང་བའི་གཞི་རྒྱུ་ལེ་ཡི་ཆེད་ཁེའི་བདག་དབང་རེ་ཞུ་མ་བྱས་ལ། དེ་ནི་རྒྱུ་ནོར་འབོར་ཆེན་ཞིག་རིས་སུ་དོར་བའང་ཡིན། ང་ཚོའི་བསམ་ཕྱོགས་དེ་ཡང་དག་པ་ཡིན་པར་ང་རང་ཡིད་ཆེས་ཀྱིས་བརྟས་ཡོད། མིའི་རིགས་ལ་དངོས་དོན་འཚོལ་མཁན་དགོས་པ་ནི་སྨྲ་མི་དགོས་ཤིང་། ཁོ་ཚོས་བྱ་བའི་ཁྲོད་ནས་གླ་ཆ་ཆེན་པོ་བླངས་ཡོད་པ་རེད། ཡིན་ཡང་། མིའི་རིགས་ལ་སྟོང་བསམ་རིང་ལུགས་པའང་མཁོ་ཆེའོ།། ཁོང་ཚོས་བྱ་གཞག་འཕེལ་རྒྱས་ཀྱི་ཆེད་དུ་རང་ཉིད་བརྗེད་ཅིང་། དེས་ཡིད་སེམས་ཀུན་ནས་དྲངས་ཏེ་དུས་ནམ་ཡང་ཁོམ་ལོང་མེད་པ་དང་། དངོས་པོའི་ལོངས་སྤྱོད་ཀྱི་ཁེ་ཕན་བསྙེག་པའི་བསམ་པའང་མེད། ང་ཡི་རེ་བ་ཉག་གཅིག་ནི་རང་དབང་གི་རྒྱལ་ཁབ་ཞིག་ཏུ་རང་དབང་གི་ཡོན་ཏན་པ་ཞིག་གི་བརྟུལ་ཞུགས་བཟུང་ནས་ཞིབ་འཇུག་གི་ལས་ཀ་གཉེར་རྒྱུ་དེ་ཡིན། ངས་དུས་ནམ་ཡིན་ཡང་ཁེ་དབང་དེ་ཉིད་ཡོད་ཆོག་ཆོག་ཅིག་རེད་ཅེས་གཏན་ནས་འདོད་གིན་མེད། ལོ་ངོ24ཡི་ཡར་སྔོན་དུ། ང་རང་གཞན་གྱིས་བཙན་བཟུང་དང་རྡོག་བརྫིས་སུ་བཏང་བའི་ཕོ་ལན་དུ་འཚོ་སྡོད་བྱས་པས། ངས་ཧྥ་རན་སེའི་རང་དབང་གི་རིན་དོད་ཕྱོགས་ལ་ཚོད་བགམ་བྱས་མྱོང་།
ང་རང་སྐྱེས་མ་ཐག་ནས་གཤིས་ཀ་འཇམ་པོའི་མི་ཞིག་མིན། ངས་དུས་སྔ་མོ་ཞིག་ནས་ཤེས་ཡོད་དེ། ང་དང་འདྲ་བར་ཚོར་བ་རྣོ་བའི་མི་མང་ཤོས་ཤིག་གཞན་གྱི་ལེ་བདའི་ཚིག་ཟུར་ཙམ་ཐོས་པའི་ཚེ་ནའང་ཚད་ལས་འདས་པའི་འགྱོད་གདུང་ཞིག་སྐྱེ་ངེས་ལ། ཁོ་ཚོས་རང་ཉིད་ཀྱི་ཚོར་བ་སྐྱེན་པོ་དེ་སྦ་ཅི་ཐུབ་བྱ་ངེས་ཡིན། ང་ལ་རང་གི་ཁྱོ་གའི་ཞི་འཇམ་ལྷོད་བག་གི་རང་གཤིས་དེས་བློ་སྐྱེད་མང་བོ་ཞིག་ཐོབ་མྱོང་། ཁོ་རང་འཇིག་རྟེན་མི་ཡུལ་དང་གཏན་དུ་གྱེས་རྗེས། ངས་ད་གཟོད་རྐྱེན་ངན་ལ་གདོང་ཇི་ལྟར་གཏད་རྒྱུ་ཤེས་བྱུང་། རིམ་བཞིན་ང་རང་ན་སོ་རྒས་པ་ནས། ངས་འཚོ་བའི་ཁྲོད་ཀྱི་དོན་དག་ཆུང་ངུའི་རིགས་ཏེ། མེ་ཏོག་གསོ་བ་དང་སྡོང་བོ་འཛུགས་པ། འཛུགས་སྐྲུན་སོགས་ལ་མྱོང་རོལ་བྱ་རྒྱུ་ཤེས་པ་ལས། སྙན་ངག་གྱེར་འདོན་བྱེད་པ་དང་བར་སྣང་གི་སྐར་མར་རྒྱང་ལྟ་བྱེད་རྒྱུར་ཡང་སྤྲོ་བ་ཅུང་ཙམ་ཡོད་པར་གྱུར་སོང་།
ང་རང་དུས་རྟག་ཏུ་འཇིག་རྟེན་འདིའི་མཛེས་སྡུག་ཁྲོད་མགོ་འཁོར་ནས་བསྡད། ང་རང་དགའ་བའི་ཚན་རིག་ལའང་གསར་རྐྱང་གི་རྣམ་པ་རེ་ཆགས་བཞིན་འདུག ངས་ཚན་རིག་ལ་མ་གཞི་ནས་རླབས་ཆེ་བའི་མཛེས་སྡུག་ཅིག་ཡོད་པར་འདོད་དོ།།
ཞིབ་འཇུག་གི་ལས་ཀ་གཉེར་བའི་ཚན་རིག་པ་ཞིག་ལ་མཚོན་ན། ཁོ་རང་ལག་རྩལ་མི་སྣ་ཞིག་ཡིན་པས་མི་ཚད། ད་དུང་ཁོ་རང་བྱིས་པ་ཞིག་ཡིན་པ་རེད། རང་བྱུང་ཁམས་ཀྱི་མཛེས་སྡུག་གི་ཡུལ་ལྗོངས་ཁྲོད། ལྷ་སྒྲུང་གི་ཀློང་དུ་བྱིང་བ་ནང་བཞིན་གྱི་འགུགས་ཤུགས་དེ་ནི་ང་རང་མི་ཚེ་གང་བོར་ཚོད་ལྟའི་ཁང་དུ་འཛུལ་ནས་ཧུར་ཐག་གིས་བྱ་བ་བསྒྲུབ་ནུས་པའི་རྒྱུ་རྐྱེན་གཙོ་བོ་ཡིན་ནོ།།
【བརྩམས་ཆོས་དབྱེ་ཞིབ】
ལྕམ་མོ་ཅུས་ལིས་རང་ཉིད་ཀྱི་ཚན་རིག་ཞིབ་འཇུག་གི་བྱ་གཞག་དེར“རྣམ་དག་གི་ཞིབ་འཇུག”ཅེས་འབོད། དེ་ནི་ཆེས་རྣམ་དག་གི་སྒོ་ནས་བདེན་ལུགས་ལ་ཞིབ་འཇུག་དང་དཔྱད་འཇོག་བྱ་ཆེད་ཡིན་པ་ལས། ཁེ་ཕན་གྱི་བསམ་བློ་ཅུང་ཙམ་ཡང་མེད། ལྕམ་མོ་ཅུས་ལི་ལ་མཚོན་ནས་བཤད་ན། ཚན་རིག་ཞིབ་འཇུག་ནི་ཁོ་མོའི་དད་སེམས་ཡིན། ཁོ་མོས“ང་རང་འདི་འདྲ་ཞིག་ཡིན་དོན་ནི་ནུས་ཤུགས་རིགས་ཤིག་གིས་ང་ལ་སྐུལ་ལྕག་ཐེབས་བཞིན་ཡོད་པས་ཡིན། དེ་ནི་དར་འབུས་ཧུར་ཐག་སྒོས་རང་གི་སྲིན་གོང་སྐྱེ་རུ་འཇུག་པ་ལྟ་བུ་རེད”ཅེས་ཟེར། ནུས་ཤུགས་རིགས་ཤིག་དེས་ཅི་ཞིག་སྟོན་པ་ཡིན་ནམ། ལྕམ་མོ་ཅུས་ལིས་གསལ་བོ་ཞིག་བཤད་མེད་པ་ནི་ནུས་ཤུགས་རིགས་དེ་མ་གཞི་ནས་བརྗོད་དཀའ་བ་ཞིག་ཡིན་ཡང་སྲིད། དེ་ཡང་ནུས་ཤུགས་དེ་ནི་རྒྱུ་རྐྱེན་མཉམ་འདུས་ཤིག་སྟེ། དེ་ནི་བྱ་བ་ཞིག་འགྲུབ་ཏུ་གཞུག་དགོས་པའི་ཆོད་སེམས་དང་བདེན་ལུགས་ཀྱི་རེ་བཞག ཚན་རིག་ཞིབ་འཇུག་གི་འགུགས་ཤུགས་བཅས་སོ།། དེ་ལས་གཞན། ལྕམ་མོ་ཅུས་ལིས་ཚན་རིག་ཞིབ་འཇུག་གི་བྱ་གཞག་གཉེར་དོན་ནི་རང་གི་ཁེ་ཕན་གྱི་ཆེད་མ་ཡིན་པར། རླབས་ཆེ་བའི་འགན་འཁྲིའི་འདུ་ཤེས་ཞིག་ལྡན་པས་རེད། ཚན་རིག་ཞིབ་འཇུག་གི་བྱ་གཞག་ནི་མིའི་རིགས་ལ་བདེ་སྐྱིད་བསྐྲུན་པའི་བྱ་གཞག་རླབས་ཆེན་ཞིག་ཡིན་པས། འགན་འཁྲིའི་འདུ་ཤེས་དེ་ནི་རྒྱུ་རྐྱེན་སྣ་གཅིག་ཡིན་པ་ཁོ་ཐག་རེད།
རྩོམ་ཡིག་འདི་བཀླགས་ཚེ། ང་ཚོས་ལྕམ་མོ་ཅུས་ལིའི་རླབས་ཆེ་བའི་མི་གཤིས་ཀྱི་མཛེས་པ་ཞིག་ཉམས་སུ་མྱོང་ཐུབ། དེ་ནི་འགྱུར་མེད་ཀྱི་སྙིང་སྟོབས་དང་བརྟན་བརླིང་གི་དད་སེམས། དམིགས་ཡུལ་མ་འགྲུབ་བར་དུ་མཚམས་མི་འཇོག་པའི་རང་གཤིས། ཁེ་ཕན་དང་སྙན་གྲགས་མི་བསམས་ལ། ལྷིང་འཇགས་དང་སྟབས་བདེའི་འཚོ་བ་ཞིག་ལ་སྨོན་པ་ལས། འཁོར་བའི་འདམ་གྱིས་མ་གོས་པའི་སྤྱོད་བཟང་དང་། རང་དབང་གི་མཁས་པ་ཞིག་གི་བརྟུལ་ཞུགས་བཟུང་སྟེ། རང་དབང་གི་རྒྱལ་ཁབ་ཞིག་ཏུ་རང་དབང་གི་ཚན་རིག་ཞིབ་འཇུག་ལ་གཞོལ་འདོད་པའི་རེ་སྨོན་སོགས་ཀྱིས་ཆུ་ཤེལ་བཞིན་དྭངས་པའི་ཁོ་མོའི་མི་གཤིས་ཀྱི་མཛེས་པ་ཞིག་གྲུབ་ཡོད་ལ། དེ་ནི་ཁོ་མོས་གཞན་ལས་འགོངས་པའི་གྲུབ་འབྲས་རླབས་ཆེན་ཞིག་བླངས་སོང་བའི་རྒྱུ་རྐྱེན་གཙོ་བོའང་ཡིན་ནོ།།