བརྡ་སྤྲོད་བསྟན་བཅོས《སྨྲ་སྒོ་མཚོན་ཆ》དང་དེའི་ཁྱད་ཆོས་འགའི་སྐོར་ལ་ཅུང་ཟད་དཔྱད་པ།

ས་དཀར་ཀརྨ་བྱང་ཆུབ།

ནང་དོན་གནད་བསྡུས།  རྒྱ་གར་ཡུལ་ནས་དྲིན་ཆེན་མ་ཡི་སྡིག་བཤགས་འགྲོ་དོན་གྱི་ཕྱིར་བོད་དུ་ཕེབས་པའི་པཎྜི་ཏ་ཆེན་པོ་ཇོ་བོ་སྨྲྀ་ཏི་ཛྙྰ་ན་ཀྰིརྟིའི(བོད་སྐད་དུ་མཚན་ལ་དྲན་པ་ཡེ་ཤེས་གྲགས་པ)རྣམ་ཐར་དང་།  ཁོང་གིས་ལི་ཆུ་གསེར་ཁོག(ཁང)ནས་མཛད་པའི་སྨྲ་སྒོ་མཚོན་ཆ་དང་།  བརྡ་སྤྲོད་གཞུང་དེ་རྩོམ་པའི་དུས་ཚིགས།  མིང་གི་སྐོར།  བརྗོད་གཞིའི་སྐོར།  འགྲེལ་པ་ཇི་ཙམ་བྱུང་བའི་སྐོར་སོགས་ལས་འཕྲོས་ཏེ། སྨྲ་སྒོ་མཚོན་ཆའི་འགྲེལ་བ་རྩོམ་པ་པོ་རོང་ཟོམ་མ་ཧཱ་པཎྜི་ཏ་ཆོས་བཟང་གི་སྐོར་སོགས་ས་བཅད་ལྔ་ཡི་ནང་གྲུབ་པ་བྱས་ཡོད།

བརྡ་ཆད་གཙོ་བོ། ཇོ་བོ་སྨྲྀ་ཏི་ཛྙྰ་ན་ཀྰིརྟི།   བརྡ་སྤྲོད་བསྟན་བཅོས།   སྨྲ་སྒོ་མཚོན་ཆ།    ལོ་རྒྱུས་དང་རྣམ་ཐར།

དང་པོ། སྨྲ་སྒོ་མཚོན་ཆ་རྩོམ་པའི་དུས་ཚིགས་ལ་དཔྱད་པ། 

བོད་བཙན་པོའི་དུས་རབས[BC127—C942]མཇུག་རྫོགས་ནས། སིལ་བུའི་དུས་རབས་མགོ་འཛུགས་པའི་རྗེས་སུ་བོད་ཀྱི་བརྡ་སྤྲོད་པའི་གཞུང་སྔ་ཤོས་ནི་པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་མཛད་པའི་སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་འདི་ཉིད་ཡིན་པ་རེད། འདི་ནི་པཎྜི་ཏ་དུས་རབས༡༠པར་བོད་དུ་ཕེབས་པའི་བར་ལམ་དུ་ལོ་ཙཱ་བ་གྲོངས་ནས་འཕྲིན་ལས་མ་རྒྱས་པའི་གཙང་རྟ་ནག་ཁུལ་དུ་མི་ལོ་བདུན་ཙམ་ལུག་རྫིར་སོང་བ་དང་། དཔྱལ་ལོས་རོགས་རམ་འོག་མཛད་འཕྲིན་གྱི་མགོ་དོད་པ་དང་། སྐབས་དེར་ཁམས་སུ་ཤོར་ཕྱིན་སྔ་དར་གྱི་སྲོལ་རྒྱུན་ལུས་ཡོད་པ་དང་མངོན་པ་གོང་འོག་ཀྱང་དར་བའི་སྐབས་ཡིན་སྐབས་ཐད་ཀར་ཁམས་སུ་ཕེབས་ཏེ་ལྡན་ཁོག(ཁམས་འདན་ཁོག四川甘孜邓玛)གླང་ཐང་དུ་གཞིས་ཕབ་རྗེས་གཞི་ནས་བརྩམས་པ་ཞིག་ཡིན་པས་ཕལ་ཆེན་དུས་རབས་བཅུ་གཅིག་པའི་དུས་མགོ་སྤྱི་ལོ(༡༠༡༠ནས༡༠༢༣)ནང་ཚུད་བརྩམས་པ་ཞིག་ཡིན་ཞེས་བཤད་ཆོག་སྙམ།  རྒྱུ་མཚན་ནི་དུས་རབས་བཅུ་པའི་མཇུག་མཐར་བོད་དུ་ཕེབས་ནས་ལོ་བདུན་ལུག་རྫིར་སོང་། དེ་ནས་དབུས་གཙང་ཁུལ་དུ་སྨྲྀ་ཏི་ཕྱག་ཚཱས་སྐད་གྲགས་ངེས་ཅན་ཁྱབ་པ་དང་སྐུ་བརྙན་དང་ལྷ་ཁང་བཞེངས་རབས་ཀྱི་ལོ་རྒྱུས་དང་ངག་རྒྱུན་ལ་དཔག་ན་མ་མཐའ་ཡང་ལོ་གསུམ་ཡན་མན་འགོར་བས། དེས་ན་ཁོང་ཁམས་སུ་ཕེབས་པ་ནིསྤྱི་ལོ༡༠༡༠ཡན་མན་གྱི་རྗེས་ལ་ཡིན་དགོས། སྤྱི་ལོ༡༠༢༣ལོར་སྨྲ་སྒོར་མཚོན་ཆ་བརྩམས་གྲུབ་པར་ངེས་ཏེ། འབྲོམ་གྱི་རྣམ་ཐར་ལས་དགུང་ལོ་བཅུ་དགུ་པ་འབྲུག་གི་ལོ༡༠༢༣ལོར་ཁམས་གླང་ཐང་པཎྜི་ཏ་སྨྲྀ་ཏིའམ་སྒྲ་ཡི་མཚམས་མའི་དྲུང་ནས་སྨྲ་སྒོ་མཚོན་ཆ་དང་རྒྱ་གར་པའི་ཡུལ་སྐད་སོགས་བསླབ་ཚུལ་གསལ་བས་དེ་དུས་བརྩམས་གྲུབ་པར་ཐེ་ཚོམ་མི་དགོས། བུ་སྟོན་ཆོས་འབྱུང་ལས། ཁམས་སུ་བྱོན་ནས་འདན་ཀློང་ཐང་དུ་མངོན་པ་མཛོད་ཀྱི་བཤད་པ་བཙུགས། ཕྱིས་བོད་སྐད་མཁས་པར་གྱུར་ཏེ། གདན་བཞི་དང་འཇམ་དཔལ་གསང་ལྡན་གྱི་སྐོར་དང་། སྔགས་དོན་རྣམ་གཟིགས་ལ་སོགས་པ་རང་འགྱུར་མང་པོ་མཛད། ཕྱིས་སུ་ལི་ཆུ་གསེར་ཁབ (ཁང) ཏུ་བྱོན་ཏེ་སྨྲ་སྒོ་བརྩམས་སོ།།   ཞེས་གསུངས། 

གཉིས་པ། སྨྲ་སྒོ་མཚོན་ཆ་ལྟ་བུའི་མིང་གི་སྐོར།

གཞུང་འདིར་སྨྲ་སྒོ་མཚོན་ཆ་ཞེས་འདོགས་པའི་རྒྱུ་མཚན་ནི་སྨྲ་སྒོ་རྩ་བར། དོན་ལ་འཇུག་བྱེད་སྨྲ་བ་རྣམས་ཀྱི་སྒོ།། བློ་འབྱེད་གཏི་མུག་གཅོད་པས་མཚོན་ཆ་འདྲ།། མི་འཇིགས་སྙེམས་པ་སྦྱིན་བྱེད་དཔུང་དང་གོ། དོན་ནོར་སྨྲ་བས་མི་ཉམས་བརྟན་པའི་མཁར།།  ཞེས་དང་། དེའི་ཐད་ཀྱི་འགྲེལ་པར། དོན་ཇི་ལྟ་བ་བཞིན་དུ་སྟོན་པའི་འཇུག་པར་བྱེད་པའི་སྒོ་ལྟ་བུ་ཡིན་པས་སྨྲ་བའི་སྒོའོ།།  གང་ཟག་རྣམས་ཀྱི་བློ་འབྱེད་ཅིང་གཏི་མུག་གི་དྲ་བ་གཅོད་པས་མཚོན་ཆ་ལྟ་བུ་ཡིན་པས་མཚོན་ཆ་ལྟ་བུའོ།།  དོན་དང་ལྡན་པར་སྨྲ་བའི་རྒོལ་བ་རྣམས་ཀྱིས་མི་འཇིགས་ཤིང་སྙེམས་པ་རྙེད་པས་དཔུང་དང་གོ་ཆ་ལྟ་བུའོ།།  རང་གི་བློ་ལ་སྒྲ་དང་དོན་ནོར་བར་སྨྲ་བའི་ཤེས་རབ་འཆལ་པའི་སྐྱོན་གྱིས་མི་ཉམས་པའི་བློ་བརྟན་པ་རྙེད་པར་བྱེད་པས་བརྟན་པའི་མཁར་ལྟ་བུའོ།།  ཞེས་པ་ལྟར་ཡིན། དེ་ནི་རང་ཉིད་མདོ་སྔགས་རིག་གནས་དང་བཅས་པར་གཞན་དྲིས་མི་འཇོག་པའི་མཁྱེན་རབ་ཀྱི་རྩལ་དང་ལྡན་ནའང་། སྨྲ་བ་ངག་ལ་མི་རིགས་འདིའི་སྐད་ཡིག་མཚོན་ཆ་ལྟ་བུ་ཞིག་ཞལ་ལ་མི་ལྡན་པའི་དཀའ་རྙོག་དེས་ཐུགས་སུན་པའི་སྙིང་ནད་དེས་མིང་འདི་ལྟར་འདོགས་པ་ཡིན་ངེས་སྙམ།

གསུམ་པ། སྨྲ་སྒོ་མཚོན་ཆ་ལྟ་བུའི་བརྗོད་གཞིའི་སྐོར།

སྨྲ་སྒོའི་བརྗོད་གཞིའི་ཐད་གཞུང་ཧྲིལ་པོ་མིང་ཚིག་ཡི་གེ་སྟེ་དོན་ཚན་ཆེན་པོ་གསུམ་དུ་བསྡུས་ཏེ། དེ་དག་རེ་རེ་ལའང་། རྒྱུ་དང་ངོ་བོ། སྒྲ་བཤད། དབྱེ་བ། ལྡང་ཚད་བཅས་དོན་ཚན་ལྔར་ཕྱེས་ནས་འགྲེལ་པ་མཛད་པས་གསལ་ཁ་བྱས་ཡོད། དང་པོ་ཡི་གེ་བཤད་པའི་སྐབས་སུ་ཡི་གེའི་རྒྱུ་བདུན་ངོས་འཛིན་གནང་ཡོད་དེ། དེ་ཉིད་ལས། གནས་རྣམས་དང་ནི་བྱེད་པ་དང་།། རྣམ་པར་རྟོག་དང་རླུང་གཉིས་དང་།། ང་རོ་གསལ་བྱེད་སྣང་ཆ་ཡིས།། ངག་གི་འདུ་བྱེད་ཀུན་དུ་བསྐྱེད།། ཅེས་ཡི་གེའི་རྒྱུ་བདུན་དུ་ཕྱེས་ནས། གནས་ལ་བརྒྱད་དང་། བྱེད་པ་བཞི། རྣམ་རྟོག་ལ་གཅིག རླུང་ལ་ཕྱི་ནང་གཉིས་སོ་སོར་ཕྱེས་པས་གཉིས། ཡི་གེའི་རང་བཞིན་ནི་རྒྱུ་གནས་དང་བྱེད་པས་བསྡུས་ཤིང་རླུང་བཅས་པ་ལས་འབྲས་བུ་སྒྲའི་རྣམ་པར་གསལ་བ་ཙམ་ལ་ངོས་འཛིན་བྱས་ཡོད། ཡི་གེའི་དབྱེ་བ་ལ་སྤྱིར་འཕགས་ཡུལ་གྱི་སྒྲ་མདོ་འདྲ་མིན་དང་ལྷག་དོན་དུས་ཀྱི་འཁོར་ལོའི་རྒྱུད་སྡེ་སོགས་ཀྱི་བཞེད་པ་མི་འདྲ་བ་དུ་མ་ཡོད་ཀྱང་སྨྲ་སྒོ་ལས་ནི་དབྱངས་ཡིག་བཅུ་དྲུག་དང་གསལ་བྱེད་སོ་བཞིའི་རྣམ་གྲངས་གཏན་འབེབས་བྱས་ཡོད། ཡི་གེའི་ལྡང་ཚད་ལ། གནས་ཆའི་ཡི་གེ་ཇི་སྙེད་ཀྱང།། ང་རོ་གཅིག་གིས་བཅིངས་པ་ལ།། དེ་ལ་ཡི་གེ་གཅིག་ཅེས་བརྗོད།། ཤིན་ཏུ་ཕྲ་བའི་རྣམ་པའི་ཆ།། དེ་ཡང་ཡི་གེ་གཅིག་ཅེས་བྱ།།  ཞེས་པ་ལྟར་སྤྱིར་ཡི་གེ་ལ་གནས་སྐབས་ཀྱི་རྣམ་པའི་ཆ་ནས་གཉིས་སུ་འགྱུར་ཏེ། དབྱངས་གཅིག་གིས་བཅིངས་པའི་ཡི་གེ་དང་། མིང་གི་མཐའི་ཡི་གེའོ།།  དེ་ལ་དབྱངས་གཅིག་པའི་ཡི་གེ་ནི། ཨོཾ་དང་། ཧཱུཾ་དང་། ཕཊ་ཞེས་པ་ལྟ་བུ་ལ་ཡི་གེ་མང་པོ་འདུས་ཀྱང་ང་རོ་དང་པོ་ནི། གཅིག་གིས་བཅིངས་པས་ཡི་གེ་གཅིག་ཏུ་འཇོག་པ་ཡིན་ལ། ཨོ་གཅིག་པུ་ལའང་ཨ་ཨོ་ཨཾ་གསུམ་ཚོགས་པ་ལས་གྲུབ་ཀྱང་། ཨོཾ་ཞེས་བྱ་བ་དབྱངས་ཀྱི་ཡི་གེ་གཅིག་གིས་བཅིངས་ཤིང་བསྡུས་པས། ཨོ་ལ་ཡིག་འབྲུ་གཅིག་ཅེས་བྱའོ།། 

མིང་གི་མཐའི་ཡི་གེ་ནི། མིང་རྣམས་བཤིབ་ན་ཤིན་ཏུ་ཕྲ་བའི་མཐར་ཐུག་པར་མཐའི་ཡི་གེར་ངོས་འཛིན་གནང་ཡོད། ངེས་ཚིག་ནི། རྣམ་གྲངས་དུ་མ་མེད་པ་དང་།། མིང་ཚིག་གསལ་བར་བྱེད་པ་དང་།། དོན་རྣམས་རྗོད་པར་བྱེད་པའི་ཕྱིར།། ཡི་གེ་ཞེས་ནི་བརྗོད་པ་ཡིན།། རང་བཞིན་ལས་དང་དགོས་ཆེད་ཀྱི།། ངེས་ཚིག་ཡིན་ཏེ་གོ་རིམས་བཞིན།། ཞེས་ངོ་བོ་དང་། བྱེད་ལས། དགོས་ཆེད་བཅས་ལ་བརྟེན་ནས་ངེས་ཚིག་ཀྱང་མི་འདྲ་བ་གསུམ་བཞག་ཡོད། ཡི་གེའི་ཚོགས་ཞིབ་ཚའི་ས་བཅད་ཕྱེས་ནས་བཤད་ན། 

1)ཡི་གེ་འབྱུང་བའི་རྒྱུ་དང་རྐྱེན་སོགས་ལས་དབྱངས་ཀྱི་རྩ་བ་བདུན་འབྱུང་ཚུལ་སོགས་སྤྱིར་བསྟན་པ། 

  1. རྩ་བ་བདུན་ལས་དབྱངས་ཡིག་བཅུ་དྲུག་ཏུ་འགྱུར་ཚུལ་བསྟན་པ། 

  2. དབྱངས་ཀྱི་རྩ་བ་དེ་དག་རེ་རེ་ལའང་གསལ་བྱེད་བཅོ་བརྒྱད་དུ་འགྱུར་ཚུལ་བསྟན་པ། 

  3. དེ་ལས་གསལ་བྱེད་བཅུ་གཉིས་སུ་འགྱུར་ཚུལ།

  4. ཡི་གེ་སྤྱིའི་རྣམ་པའི་དབྱེ་བ་བསྟན་པ། 

  5. ངག་གི་འདུ་བྱེད་རྣམ་པ་བདུན་གྱི་དཔེ་ལུས་ཀྱི་སྒོ་ནས་བསྟན་པ། 

  6. ངག་གི་འདུ་བྱེད་རྣམ་པ་བདུན་གྱི་དཔེ་ཡི་གེའི་དབྱིབས་ཀྱི་སྒོ་ནས་བསྟན་པ། 

  7. ཡི་གེའི་རྒྱུ་བདུན་བཤད་པ། 

  8. ཡི་གེའི་རྒྱུ་དེ་དག་བསྡུས་ཏེ་བསྟན་པ། 

  9. ཡི་གེའི་རྒྱུ་སོ་སོའི་ངོ་བོ་བཤད་པ། 

  10. ཡི་གེའི་རང་བཞིན་བཤད་པ། 

  11. ཡི་གེའི་ལྡང་ཚད་བཤད་པ། 

  12. ཡི་གེའི་རྣམས་ཀྱི་འདྲེན་པའི་ཆ་ཤས་ཀྱི་དབྱེ་བ་བསྟན་པ།

  13. གནས་ཅུང་ཟད་མི་འདྲ་བའི་ཁྱད་པར་བསྟན་པ། 

  14. བསྒྲེངས་པ་དང་བཀུག་པ་ལ་སོགས་པའི་ངོ་བོ་གང་ལ་སྦྱར་བ་བསྟན་པ། 

  15. ཡི་གེའི་ངེས་ཚིག་བཤད་པ། 

  16. ཡི་གེའི་ཚོགས་པ་བསྟན་པ་བཅས་དོན་ཚན་བཅུ་བདུན་དུ་ཕྱེས་ནས་བཤད་ཡོད། དེ་དག་ཀྱང་ཕལ་ཆེ་བ་ལེགས་སྦྱར་གྱི་ཡི་གེ་སོར་བཞག་བྱས་པ་ལས་བོད་ཡིག་དང་དེ་ཙམ་འབྲེལ་བ་མེད། འདི་ནས་མགོ་བཙུགས་ཏེ་ས་པཎ་ནས་བསྟན་དར་ལྷ་རམས་པའི་བར་བོད་ཀྱི་མཁས་པ་ཚོས་ཡི་གེ་བཤད་པའི་སྐབས་ས་བཅད་དང་སྒྲོམ་གཞི་འདི་རང་ལ་གཞི་བཅོལ་ནས་བསྒྲིགས་པས་བོད་རང་གི་སྐད་ཡིག་ལ་དེ་ཙམ་ཕན་ཐོགས་ཀྱི་རང་བཞིན་ལྡན་པ་ཞིག་ཏུ་མི་སེམས་སོ།།

གཉིས་པ་མིང་གི་ཚོགས་བཤད་པའི་སྐབས་ས་བཅད་ལྔར་བགོས་པས་དང་པོ་མིང་གི་རྒྱུ་ཡི་གེ་ཡིན་ཚུལ་དང་། གཉིས་པ་མིང་གི་གོ་དོན་དོན་ཀྱི་ངོ་བོ་ཙམ་བརྗོད་པའི་ཚུལ་དང་། གསུམ་པ་ངེས་ཚིག་དངོས་སུ་མ་བཤད་པ་འགྲེལ་པས་ཁ་བསྐང་ཅིང་། བཞི་པ་མིང་གི་དབྱེ་བ་ལ་ཐོག་མར་གྲུབ་པའི་མིང་དང་། རྗེས་སུ་གྲུབ་པའི་མིང་གཉིས་སུ་ཕྱེས། ཐོག་མར་གྲུབ་པའི་མིང་ལ་འདོད་རྒྱལ་གྱིས་ཁྱབ་པ་དང་། རྗེས་སུ་གྲུབ་པའི་མིང་ལ་རྗེས་གྲུབ་རྒྱུན་མཚན་ལྡན་པ་དང་རྒྱུ་མཚན་མི་ལྡན་པ་གཉིས་སུ་ཕྱེས་ནས། སྔ་མ་ཁྱི་དཀར་པོ་ལ་དུང་ཞེས་འདོགས་པ་དང་། ཕྱི་མ་ཁྱི་ནག་པོ་ལ་དུང་ཞེས་འདོགས་པ་ལྟ་བུའི་རྒྱུ་མཚན་དོན་དང་ལྡན་མིན་གྱི་སྒོ་ནས་གཉིས་སུ་དབྱེ། དོན་དང་ལྡན་པའི་རྗེས་གྲུབ་ཀྱི་མིང་ལ། དེ་བརྟེན་དོན་ལྡན་ངེས་ཚིག་ནི།། དེ་ཡིན་ཕྱིར་དང་དེ་ཡོད་ཕྱིར།། དེ་ལ་ཕན་བྱེད་དེ་བྱེད་ཕྱིར།། དེ་བྱའི་ཕྱིར་དང་དེ་འདྲའི་ཕྱིར།། དེ་དེའི་ཕྱིར་དང་དེ་ཉིད་ཕྱིར།། དེ་ཡི་མིང་ནི་དེ་སྐད་ཅེས།། རྟགས་ཀྱི་སྒོའམ་མེད་ཀྱང་རུང།། སྐབས་ཀྱི་མཐུ་ཡི་ངེས་ཚིག་བརྗོད།། ཞེས་པ་ལྟར་དབྱེ་བ་བརྒྱད་དུ་ཕྱེས་ནས། བརྒྱད་པོ་དེ་དག་ལ་དངོས་གསུམ་མིང་དང་བཏགས་མིང་ལྔར་ཕྱེས་པའི་དང་པོ་དངོས་མིང་གསུམ་ནི། ཡིན་དང་ངོ་བོ་སྒྲུབ་པ་དང།། དངོས་པོའི་རྐྱེན་ནི་དངོས་ཀྱི་མིང་།། ལྷག་མ་བཏགས་པ་ཞེས་བྱའོ།། ཞེས་པ་ལྟར། ཡིན་པ་བསྒྲུབ་པ་དང་། ངོ་བོའི་སྒོ་ནས་བཏགས་པ། དངོས་པོའི་རྐྱེན་གྱི་སྒོ་ནས་བཏགས་པ་གསུམ་ནི་དངོས་མིང་ཡིན་ཚུལ་དང་། བཏགས་མིང་ལྔ་ནི། རྟེན་ལ་བརྟེན་པར་བཏགས་པ་དང་།། བརྒྱུད་པའི་རྒྱུ་ལ་འབྲས་བུ་དང་།། དངོས་ཀྱི་རྒྱུ་ལ་དེ་བཞིན་དང་།། འབྲས་བུའམ་བྱ་བར་གྱུར་པ་ལ།། དེ་ལ་རྒྱུ་མིང་བཏགས་པ་དང་།། དཔེ་གཞན་གྱི་ནི་མིང་དག་དང་།། དོན་འདི་དག་གི་སྒོ་ནས་ནི།། ཡོད་དང་དེ་ལ་ཕན་པ་དང་།། བྱེད་དང་ལས་སུ་གྲུབ་པ་དང་།། འདྲ་བར་སྦྱར་དང་རིམ་བཞིན་ནོ།།  ཞེས་པ་ལྟར། ཡོད་པའི་སྒོ་ནས་བཏགས་པ་དང་གཅིག  ཕན་པའི་སྒོ་ནས་བཏགས་པའི་མིང་དང་གཉིས།  བྱེད་ལས་ཀྱི་སྒོ་ནས་བཏགས་པའི་མིང་དང་གསུམ། བྱ་བའི་སྒོ་ནས་བཏགས་པའི་མིང་དང་བཞི། འདྲ་བའི་སྒོ་ནས་བཏགས་པའི་མིང་དང་ལྔ་སྟེ། ལྔ་པོ་དེ་དག་ནི་བཏགས་མིང་ཁོ་ནར་འདོད་དེ། སྨྲ་སྒོ་དང་སྒྲ་པའི་ལུགས་ཀྱི་འདོད་རྒྱལ་དང་རྗེས་གྲུབ། དངོས་མིང་དང་བཏགས་མིང་གི་ཕྱེ་སྟངས་རྣམས་ཚད་མའི་ལུགས་དང་དེ་ཙམ་རང་མཐུན་པོ་མེད་པས་ཕྱོགས་གཉིས་ཀའི་བཞེད་པ་མ་འདྲེས་པར་ཤེས་དགོས་པའི་དོན་གནད་ཧ་ཅང་ཆེ། བཞི་པ་མིང་གི་ལྡང་ཚད་ནི། རྒྱུ་ཡི་གེའི་ཚོགས་པ་ལས་གྲུབ་ཅིང་འབྲས་བུ་ཚིག་སྒྲུབ་པའི་རྐྱེན་དུ་གྱུར་པའམ་དོན་གྱི་ངོ་བོ་ཙམ་བསྟན་ནུས་པ་ནས་དོན་གྱི་ཁྱད་པར་མི་བསྟན་པའི་བར་གྱི་སྒྲའི་ཆ་ཤས་ལ་མིང་གྲུབ་པའི་ཚོད་དུ་ངོས་འཛིན་གནང་ཡོད།

གསུམ་པ་ཚིག་གི་ཚོགས་ལ་ཚིག་གི་རྒྱུ་སོགས་ལྔར་དབྱེ་བའི་ནང་ནས་གཙོ་ཆེར་ཚིག་གི་དབྱེ་བ་རྩ་འཛིན་བྱས་ནས་བཤད་ཅིང་། དེ་ལ་ཚིག་སྡུད་དང་ཚིག་ཕྲད་གཉིས་སུ་དབྱེ། ཚིག་སྡུད་ལ་འབྲུ་མང་པོ་ཡི་སྡུད་པ་དང་།། ཁྱད་པར་དག་དང་ཡན་ལག་དང་།། གཞི་དང་གཞི་གཅིག་བསྡུ་བ་དང་།། གཞི་མཐུན་པ་དང་དེའི་སྐྱེས་བུ།། ཟླས་དབྱེ་བ་དང་ཕྱོགས་ཙམ་མོ།། ཞེས་པ་ལྟར། བསྡུ་བ་ལ་འབྲུ་མང་པོ་བསྡུ་བ་དང་། ཚིག་གི་སྡུད་པ་དང་། ཁྱད་པར་གྱི་བསྡུ་བ། ཡན་ལག་བསྡུ་བ། གཞི་བསྡུ་བ། གཞི་གཅིག་བསྡུ་བ། གཞི་མཐུན་པ་བསྡུ་བ། དེའི་སྐྱེས་བུ་བསྡུ་བ། ཟླས་དབྱེ་བའོ་བསྡུ་བ། ཕྱོགས་ཙམ་བསྡུ་བ་སྟེ། བསྡུ་བའི་རྣམ་པ་རྣམ་པར་བཅུ་ཡོད་དོ།། ཞེས་བསྡུ་བ་རྣམ་པར་བཅུའི་སྒོ་ནས་འཆད་པ་ནི། སྒྲ་པཱ་ཎི་ནི་དང་ཀ་ཙན་གཉིས་ཀྱི་བཤད་པ་དང་སྒོ་བསྟུན་ནས་བཤད་ཡོད། ཁོང་གི་རྣམ་ཐར་ལས་རང་གི་སློབ་དཔོན་ནོར་བཟང་ལས་གཙོ་བོར་དབྱངས་ཅན་སྒྲ་མདོ་གསན་པར་བཤད། དེ་དག་ལས་འབྲུ་མང་པོ་པའི་བསྡུ་བ་གཅིག་པོ་ལའང་རྩ་བའི་དབྱེ་བ་གཉིས། ཡན་ལག་གི་དབྱེ་བ་དྲུག དེ་ལ་ཉིང་ལག་དབྱེ་བ་བཞིར་འགྱུར་བས་ཉེ་བཞི། དེ་རེ་རེ་ལ་བྱེད་པའི་ཚིག་དྲུག་གིས་དབྱེ་བ་ཕྱེས་ཏེ་བརྒྱ་དང་དྲུག་ཅུ་རྩ་བརྒྱད་དུ་འགྱུར་ཚུལ་སོགས་ཀྱིས་མཚོན། བསྡུ་བའི་བཤད་པ་ཧ་ཅང་གྲ་རྒྱས་པའི་ལུགས་སུ་བྱས་ནས་འཆད་ཡོད། ཡང་བསྡུ་བ་བདུན་པ་སྐྱེས་བུའི་བསྡུ་བ་བཤད་པའི་སྐབས་ནས་འཕྲོས་སྟེ། མ་ཡིན་དགག་པ་བཅུ་བཞི་དང་། མེད་དགག་བཅུ་གཅིག་གི་དཔེ་དོན་གསལ་བཤད་བྱས་པ་རྣམས། བོད་ཀྱི་བརྡ་སྤྲོད་མཁན་པོ་གཞན་དང་གཞན་ཚོས་མ་བཤད་པའམ་ཞལ་འཕང་ཙམ་ལས་མ་གནང་བས་འདིར་ཡང་གལ་ཆེན་པོ་ཆགས་ཡོད་སྙམ། ལྷག་པར་ཀ་ཙན་དབྱངས་གསུམ་སོགས་སྒྲ་པའི་ལུགས་ཀྱི་དགག་པ་གཉིས་དང་། ཚད་མ་པའི་ལུགས་ཀྱི་དགག་པ་གཉིས་ཀྱི་ངོ་བོ་འཇོག་ཚུལ་མི་འདྲ་བའི་ཁྱད་པར་དག་ཀྱང་སྒྲ་ཚད་གཉིས་ཀ་མཁྱེན་མཁན་ཞིག་གིས་གཟིགས་ན་མཁྱེན་ཞིང་། གཉིས་ཀར་སྒྲུབ་བྱེད་ཀྱི་གཏན་ཚིགས་དམིགས་བསལ་བ་རེ་ལྡན། སྨྲྀ་ཏི་འདས་ནས་ལོ་བརྒྱ་ཕྲག་ལྷག་གི་རྗེས་སུ་བྱོན་པའི་བོད་ཀྱི་མཁས་པ་ཆེན་པོ་བཅོམ་ལྡན་རིག་རལ་གྱི་སྒྲ་ཡི་བསྟན་བཅོས་རྒྱན་གྱི་མེ་ཏོག་ངག་གི་དབང་ཕྱུག་གྲུབ་པ་ལས།  དགག་པ་གཉིས་ཀྱི་སྒྲ་དོན་ཐད། སྒྲ་ཚད་གཉིས་ཀའི་བཤད་པ་ཞིབ་ཚགས་བྱས་ནས་གསལ་བར་བཤད་ཡོད་པས་དེ་ལ་གཟིགས་དགོས། བསྡུ་བ་བཅུའི་རྣམ་བཞག་ལས་བོད་ལ་ཉེ་བར་མཁོ་བ་དང་མི་མཁོ་བ་ཅི་རིགས་སྣ་ཚོགས་ལྡན་པ་ལས། དུས་ཕྱིས་ཀྱི་བརྡ་སྤྲོད་མཁན་པོ་བསྟན་དར་ལྷ་རམས་པས་བོད་ལ་ཉེ་བར་མཁོ་བའི་བསྡུ་བ་རྣམ་པར་དྲུག་ཏུ་ནས་འཆད་པའང་བོད་ཀྱི་བརྡ་སྤྲོད་པ་ལ་ཕན་ཐོགས་ངེས་ཅན་ཞིག་བྱུང་ཡོད། སྨྲྀ་ཏི་ནས་བསྟན་དར་ལྷ་རམས་པའི་བར་སྨྲ་སྒོ་རྩ་འགྲེལ་ལ་བརྟེན་ནས་ཚོགས་གསུམ་གྱི་བརྗོད་གཞིའི་ཐོག་འཇམ་མགོན་ས་པཎ་དང་། བཅོམ་ལྡན་རིགས་རལ། དབུས་པ་བློ་གསལ། དཔང་ལོ་ཆེན་པོ། འབྲུག་པ་པད་དཀར། སོགས་སྔོན་བྱོན་མཁས་གྲུབ་སྐྱེས་ཆེན་གསེར་གྱི་རི་བོ་ལྟ་བུ་དུ་མས་གཞུང་མཛད་ཀྱང་བསྡུ་བ་བཅུ་པོ་ལས་བོད་ལ་ཉེ་བར་མཁོ་དང་མི་མཁོའི་རྣམ་དབྱེ་འབྱེད་པ་མ་གནང་བར་རྒྱ་གར་བའི་ལུགས་གཞིར་བཟུང་བྱས་ནས་བསྒྲིགས་འདུག གཉིས་པ་ཚིགས་ཕྲད་བཤད་པའི་སྐབས། ཚིག་ཕྲད་ལ་ཕྲད་གཅིག་པ་དང་། ཕྲད་འདུས་པ་གཉིས་སུ་ཕྱེས་ནས་སྔ་མ་ལ་གང་སྒྲ་དང་བ་སྒྲའི་བར། རྣམ་གྲངས་ཉེར་གུར་ཕྱེས་ནས་བསྟན་འདུག་སྨྲ་སྒོ་མཛད་པས་རྣམ་བཞག་འདི་དག་ནིབོད་ལ་ཧ་ཅང་ཉེ་བར་མཁོ་ཞིང་། བོད་ཀྱི་བརྡ་སྤྲོད་སུམ་རྟགས་གཉིས་ཀྱི་ནང་དུ་མི་འབྱུང་བའི་ཕྲད་དང་འཇུག་ཚུལ་མང་པོ་ཞིག་གསལ་ཁ་དོད་པའི་སྒོ་ནས་གསུང་ཡོད། རྣམ་གྲངས་དེ་དག་ཞིབ་ཙམ་འགོད་ན། 1) སྤྱི་སྒྲ་བཤད་པ།   2) དེ་སྒྲ་བཤད་པ།   3) འདི་སྒྲ་བཤད་པ།   4) ད་སྒྲ་བཤད་པ།   5) ན་སྒྲ་བཤད་པ།   6) སྟེ་སྒྲ་བཤད་པ།   7) དང་སྒྲ་བཤད་པ།   8) ནི་སྒྲ་བཤད་པ།   9) སྡུད་པའི་ཚིག་ཕྲད་བཤད་པ།   10) ཁོ་ནའི་ཚིག་ཕྲད་བཤད་པ།   11) ཉིད་སྒྲ་བཤད་པ།   12) ཚད་འཛིན་པའི་ཚིག་ཕྲད་བཤད་པ།   13) ཉེ་བསྒྱུར་གྱི་འཇུག་པ་བཤད་པ།   14) ཚུལ་སྒྲ་བཤད་པ།   15) བཞིན་སྒྲ་བཤད་པ།   16) ཅིང་སོགས་ཀྱི་འཇུག་པ་བཤད་པ།   17) ལ་ཡི་འཇུག་པ་བཤད་པ།   18) དྲུག་པའི་ཕྲད་བཤད་པ།   19) གསུམ་པའི་འཇུག་པ་བཤད་པ།   20) ལྔ་པའི་འཇུག་པ་བཤད་པ།   21) གཏན་ཚིག་བསྟན་པའི་ཕྲད་བཤད་པ།   22) དུ་ལ་སོགས་པའི་འཇུག་པ་བཤད་པ།   23) ཟླ་སྡུད་བཤད་པ།   24) འོ་ན་སོགས་ཀྱི་ཚིག་ཕྲད་བཤད་པ།   25) འབྱེད་སྡུད་ཀྱི་ཕྲད་བཤད་པ།    26) མང་ཚིག་བཤད་པ།   27) མཐའ་དག་བསྡུ་བའི་ཚིག་ཕྲད་བཤད་པ།   28) བདག་པོའི་ཚིག་བཤད་པ།   29) བ་སྒྲའི་འཇུག་པ་གཞན་བཤད་པ་བཅས་སོ།།   ཕྲད་འདུས་པ་བཤད་པའི་སྐབས། གལ་ཏེ་ཕྲད་གཉིས་འདུས་པའམ།།  ཡང་ན་མང་པོ་འདུས་པ་ན།།  སྔ་ཕྱི་ཕན་ཚུན་ཟིལ་གནོན་དང།།  རང་གི་ཆ་ལྡན་དག་ཏུ་སྦྱར།།  ཞེས་པ་ལྟར། ཕྲད་གཉིས་གསུམ་ཡན་ཆད་མཉམ་དུ་འདུས་ན། སྔ་མས་ཕྱི་མ་ཟིལ་གྱིས་གནོན་པ་དང་། ཕྱི་མས་སྔ་མ་ཟིལ་གྱིས་གནོན་པ་དང་། ཕན་ཚུན་ཟིལ་གྱིས་མི་གནོན་པའམ་གཉིས་ཀའི་ཆ་དང་ལྡན་པ་བཅས་གསུམ་དུ་འདུ་ཚུལ་དཔེ་མཚོན་དང་བཅས་པ་གསུངས་ཡོད། སྨྲ་སྒོ་རྩོམ་པའི་དམིགས་ཡུལ་གཙོ་བོ་ཡང་ཚིག་ཕྲད་ཀྱི་རྣམ་བཞག་འདི་དག་ཞིབ་ཚགས་གནང་རྒྱུའི་ཆེད་དུ་ཡིན་ཏེ།  དེའི་མཇུག་བྱང་དུ་བླ་མ་ནོར་བཟངས་གྲགས་པ་ལས་ཐོས་ཏེ། སློབ་མ་གཞོན་ནུ་གྲགས་པའི་དོན་དུ་མིང་གི་སྦྱོར་བ་ནི་ཅུང་ཟད་གཞག  ཕྲད་ཀྱི་སྦྱོར་བ་ནི་ཅུང་ཟད་བཤད་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།  ཞེས་འབྱུང་བ་ལྟར་བུ་ཡིན། །

བཞི་བ། སྨྲ་སྒོ་མཚོན་ཆ་ལྟ་བུ་ལ་འགྲེལ་བ་ཇི་ཙམ་བྱུང་བའི་སྐོར། 

སྤྱིར་སྨྲ་སྒོ་ལ་འགྲེལ་བ་ཇི་ཙམ་བྱུང་བ་ཀུན་བསྟན་པ་འཕེལ་འགྲིབ་ཀྱི་རྐྱེན་པས་མ་དཔེ་རྩ་བརླག་ཏུ་སོང་བ་དང་། དཔྱད་ཞིབ་པ་མཐོང་རྒྱ་དེ་ཙམ་མི་ཆེ་བས་འཐུས་ཚང་ཞིག་མི་འོང་པས་ཆ་ཚང་བ་ཞིག་ཞུ་བ་མི་སྤོབས་ཀྱང་། གང་ཞིག་མཐོང་ཐོས་བྱུང་བའི་འགྲེལ་བ་རྣམས་ཀྱི་མཚན་གཞུང་ཙམ་འདིར་ཕྱོགས་གཅིག་ཏུ་འགོད་ན། 

༡ རོང་ཟམ་མ་ཧཱ་པཎྜི་ཏས་མཛད་པའི་སྨྲ་བའི་སྒོ་མཚོན་ཆ་ལྟ་བུའི་འགྲེལ་པ།

༢ རྗེ་བཙུན་གྲགས་པ་རྒྱལ་མཚན། སྨྲ་སྒོ་མཚོན་ཆའི་མཆན་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པ། 

༣ ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་སྨྲ་སྒོའི་ས་བཅད། 

༤ ཡང་དེས་མཛད་པའི་སྨྲ་སྒོའི་འགྲེལ་པ་སྒྲ་ལ་འཇུག་པ། 

༥ དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་ཀྱིས་མཛད་པའི་སྨྲ་བའི་སྒོ་མཚོན་ཆ་ལྟ་བུའི་འགྲེལ་པ།

༦ ཁྲིམས་ཁང་ལོ་ཙཱ་བ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་སྨྲ་སྒོ་མཁས་པའི་འཇུག་ངོགས། 

༧ སུམ་པ་ལོ་ཙཱ་བ་དངོས་གྲུབ་རྡོ་རྗེས་མཛད་པའི་སྨྲ་སྒོའི་དོན་བསྡུས། 

༨ པཎ་ཆེན་ཤཀྱ་མཆོག་ལྡན་གྱིས་མཛད་པའི་སྨྲ་སྒོའི་འགྲེལ་པ་སྨྲ་བའི་རྒྱན། 

༩ སཱ་ར་སློབ་དགེ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་སྨྲ་སྒོའི་འགྲེལ་པ། 

༡༠ སྨྲ་སྒོ་མཚོན་ཆའི་འགྲེལ་པ་བླ་མ་ཆོས་ཀྱི་བཟང་པོས་མཛད་པ། རོང་ཟོམ་ཆོས་བཟང་གིས་མཛད།

༡༡ སྨྲ་སྒོ་མཚོན་ཆའི་འགྲེལ་བ། བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་གྱིས་བརྩམས།    གོང་གསལ་སྨྲ་སྒོའི་འགྲེལ་པ་བཅུ་གཅིག་པོ་འདི་ཚོ་ཡོངས་རྫོགས་ད་ལྟར་ཕལ་ཆེ་བ་དཔེ་རྒྱུན་དངོས་སུ་ཡོད་པ་ཤ་སྟག་ཡིན། དེ་ལས་གཞན་པ་ཡང་ཅིས་ཀྱང་ཡོད་ངེས་མོད། ཁོ་བོ་མཐོང་རྒྱ་ཆུང་བས་ད་ཕན་འདི་ཙམ་ལས་མཐོང་ཐོས་མ་བྱུང་། ད་དུང་ཡོད་ན་དཔྱོད་ལྡན་མཁས་པ་མཐོང་རྒྱ་ཅན་ཚོས་འདི་ལ་ཁ་བསབ་ཅི་ནས་ཀྱང་གནང་དགོས་སོ།།

ལྔ་བ། སྨྲ་སྒོ་མཚོན་ཆའི་འགྲེལ་བ་རྩོམ་པ་པོ་རོང་ཟོམ་མ་ཧཱ་པཎྜི་ཏ་ཆོས་བཟང་གི་སྐོར།

རོང་ཟོམ་མ་ཧཱ་པཎྜི་ཏ་ཆོས་བཟང་གིས་སྨྲ་བའི་སྒོ་མཚོན་ཆ་ལྟ་བུའི་འགྲེལ་པ་བརྩམས། ཁོང་ནི་གཙང་རུ་ལག་སྨད་ཀྱི་ས་ཆ་སྣར་ལུང་རོང་ཞེས་པར། གྲུབ་པའི་སྔགས་བརྒྱུད་ཁྱད་པར་ཅན་གྱི་རིགས་རོང་བན་རིན་ཆེན་ཚུལ་ཁྲིམས་ཞེས་བྱ་བའི་སྲས་སུ (སྤྱི་ལོ་དུས་རབས་བཅུ་གཅིག་པའི་མགོ་སྟོད1031ཡན་མན) དུ་སྐུ་འཁྲུངས། སྐུ་བལྟམས་པ་ཙམ་ནས་མཁྱེན་པའི་ཡོན་ཏན་ལྷུན་གྲུབ་ཏུ་མངའ་ཞིང་དམ་པའིམཛད་སྤྱོད་སྒྲིབ་མེད་དུ་གསལ་བའི་རྒྱུ་དེས། ཡབ་སོགས་སྐྱེ་བོ་ཁ་ཅིག་གིས་པཎྚི་ཏ་སྨྲི་ཏི་ཛྙཱ་ནའི་སྐུའི་སྐྱེ་བ་དེ་མ་ཐག་པ་ཡིན་པར་གླེང་། ཁ་ཅིག་གིས་པཎྚི་ཏ་ཕྲ་ལ་རིང་བ་ཞེས་པ་བོད་དུ་བྱོན་པ་དེའི་སྐུ་སྐྱེར་གླེང་། བྱིས་པ་མ་ཡི་པང་དུ་བཞུགས་པའི་དུས་ནས་ཀྱང་ལེགས་སྦྱར་གྱི་སྐད་དང་ཆོས་གཏམ་སྣ་ཚོགས་མཛད་པར་འདུག་པ་དེ། མས་པང་དུ་བཟུང་ཞིང་གཉེན་དག་དང་བཅས་ཇོ་བོ་ཆེན་པོ་མར་མེ་མཛད(982-1054)ཀྱི་སྤྱན་སྔར་སོང་སྟེ་རོང་གི་ཆུ་ཚན་ཁར་མཇལ་ཞིང་། བྱིས་པ་འདི་སྐྱེས་ཙམ་ནས་རྒྱ་སྐད་དང་ཆོས་གཏམ་སྣ་ཚོགས་སྨྲ་བ་ཞིག་འདུག་པ་འདི་ཇི་འདྲ་ཞིག་ཡིན། ཇོ་བོས་འདི་ལ་ཆོས་གཏམ་ཞིག་མཛོད་ཅེས་ཞུས།    པ་དང་། ཇོ་བོས་བྱིས་པ་དེ་སྐུ་པང་དུ་བཞེས་ནས་ཞལ་འཛུམ་པ་དང་ལྡན་པར་ཀི་ན་ཧོ། ཞེས་སོགས་རྒྱ་གར་གྱི་སྐད་ཀྱིས་དྲི་བ་མཛད་པ་ལ་བྱིས་པས་ལན་ཐོགས་པ་མེད་པར་བཏབ་པས། ཇོ་བོའི་ཞལ་ནས། ཨཱ་ཙརྱ་ནག་པོ་སྤྱོད་པ་ཆེན་པོ་དེ་ཉིད་ཚེ་འཕོས་མ་ཐག་པ་འདི་ཡིན་ཏེ། ཁོ་བོས་འདི་ལ་ཆོས་གཏམ་བྱ་ག་ལ་བཏུབ་ཅེས་བསྔགས་ཤིང་གུས་པ་མཛད་པས་སྤྲུལ་པའི་སྐུ་རྩོད་མེད་དུ་ཐམས་ཅད་ལ་གྲགས་པར་གྱུར། དེ་སྐབས་ཁ་ཅིག་གིས་ནག་པོ་སྤྱོད་པ་བར་དོར་སངས་རྒྱས་པས་སྐྱེ་བ་ལེན་པ་མི་འཐད་ཅེས་མ་བརྟག་པར་སྨྲ། ཁ་ཅིག་གིས་ནག་པོ་པ་བར་དོར་མཆོག་གྲུབ་པར་གསུངས་མོད་གལ་ཏེ་སངས་རྒྱས་ཡིན་ན་ཡང་། བཟོ་དང་སྐྱེ་བ་བྱང་ཆུབ་ཆེན་པོའི་སྤྲུལ་པ་ཅི་སྟེ་མི་འབྱུང་ཞེས་གླེང་། བྱིས་པའི་དུས་སུ་རྒྱ་གར་གྱི་ཨ་ཙ་ར(སློབ་གཉེར་བ)མཐོང་ཚད་ལ་དགྱེས་ཤིང་རང་བཞིན་གྱིས་ཕན་ཚུན་སྐད་བརྡ་འཕྲོད་པར་བྱུང་། སྐུ་ན་ཆུང་ངུའི་སྐབས་སུ་འགར་སྟོན་ཚུལ་ཁྲིམས་བཟང་པོ་ལས་གསན་པ་མཛད་པའི་ཚེ། ཆོས་གཏམ་གྱིས་རྩེད་མོའི་བགྲོ་གླེང་གིས་དེར་འཁོད་རྣམས་ཀྱི་སྤོབས་པ་ཟིལ་གྱིས་མནན་པར་གྱུར་པས། རེས་གཅིག་ཡབ་རྒྱགས་སྐྱེལ་དུ་བྱོན་དུས། དེར་འཁོད་ཆོས་གྲྭ་པ་དག་ན་རེ། ཁྱེད་ཀྱི་བུ་ཆུང་ངུ་འདི་ཐོ་ཅོ་ཆེ་བས། ངེད་ཅག་རྣམ་ཀུན་སུན་འབྱིན་ལ་རྣོ་བས་འདི་ཕྱིར་ཁྲིད་ན་འཐད་ཅེས་ཟེར་བ། ཡབ་ཀྱིས་སློབ་དཔོན་ལ་ཞུས་ནས་ཕྱིར་འཁྲིད་དམ་བྱས་པ་ལ། སློབ་དཔོན་གྱིས་དེ་སྐད་མ་ཟེར་ཅིག  ཁོས་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་གོ་ནས་ཡོད་པས་ཡིན། དོན་མེད་ཀྱི་སུན་འབྱིན་མི་གསུང་། ལོ་བཅུ་གཉིས་པ་ལ་མཚན་ཉིད་དང་ཚད་མའི་རིགས་ལམ་སྦྱངས། ཆོས་མཚམས་རྣམས་སུ་བྱིས་པའི་རྩེ་སར་ཡང་སློབ་དཔོན་གྱིས་གང་གསུངས་ཚད་ཆད་ལྷག་མེད་པ་སྤར་བཏབ་པ་ལྟ་བུ་ཤར་རེ་གསུངས་པར་མཛད། གང་གསན་པ་ཐམས་ཅད་ཚར་གཅིག་ཁོ་ནས་ཚིག་གཅིག་ཀྱང་མ་ནོར་བར་ཐུགས་སུ་ཆུད་པས་འཇམ་དཔལ་གྱི་སྤྲུལ་པར་ཡོངས་སུ་གྲགས་པ་བྱུང་། དགུང་ལོ་བཅུ་གསུམ་ན་གསན་བསམ་མཐའ་དག་རྫོགས་ཏེ་གསར་དུ་དེ་ལ་སུས་ཀྱང་བསླབ་པའི་སྐྱེད་འདོན་དུ་མེད་པ་ལྟ་བུར་གྱུར། བི་བརྟའི་པུས་ཏི་སོགས་ལ་བསླབ་པ་མེད་ཀྱང་གཟིགས་པ་ཙམ་གྱི་མཁྱེན་པ་ཚེགས་མེད་པར་བྱུང་། སཾ་སྐྲྀ་ཏ་སོགས་སྐད་རིགས་སྣ་ཚོགས་དང་ཐ་ན་དུད་འགྲོ་རྣམས་ཀྱི་བརྡ་དང་སྐད་ཀྱི་རིམ་པ་ཡང་རང་བཞིན་གྱིས་མཁྱེན་པར་གྲགས། བྱིས་པ་ཆུང་ངུའི་དུས་ནས་སྨྲ་སྒོའི་འགྲེལ་པ་སོགས་བསྟན་བཅོས་མང་པོ་མཛད། ཆོས་ལ་མོས་པ་རྣམས་དང་། ཁྱད་པར་གསང་སྔགས་ཀྱི་སྒོར་ཞུགས་པ་རྣམས་ལ་ལས་དང་དངོས་གྲུབ་སྒྲུབ་པའི་གདམས་པ་སྣ་ཚོགས་ཀྱིས་ཕན་པ་ཚད་མེད་པར་མཛད། ཕྱི་ནང་གི་རིག་གནས་དང་གཙུག་ལག་ཐམས་ཅད་དང་། རིག་བྱེད་དང་། ཚད་མའི་བསྟན་བཅོས་དང་ཚིགས་བཅད་དང་སྙན་ངག་གི་གཞུང་སོགས་འཕགས་བོད་དུ་ཡོངས་སུ་གྲགས་པ་རྣམས་ལྟ་ཅི་སྨོས་ཀྱི། སོ་སོའི་གཞུང་ཉི་ཚེ་བ་ཙམ་ལ་བརྟེན་པ་མིན་པའི་གཞུང་ལུགས་རྒྱ་ཆེ་མུ་མེད་པའི་རྣམ་བཞག་རང་བཞིན་གྱི་ཐུགས་ལ་མངའ་བས་སོ་སོ་ཡང་དག་རིག་པ་བཞི་ཐོབ་པའི་འཕགས་ཆེན་གྱི་མཚན་ཉིད་དངོས་སུ་གསལ་བར་གྱུར། མདོ་རྒྱུད་བསྟན་བཅོས་ཀྱི་རྒྱ་གཞུང་བརླིང་བ་སྔར་མ་གཟིགས་པ་རྣམས་ཀྱང་ཚར་རེའམ་མང་ཡང་གཉིས་ལས་ལྷག་པར་གཟིགས་མ་དགོས་པར་དེ་དག་གི་ཚིག་དང་དོན་གྱི་ཆ་མ་ལུས་པ་ཐུགས་སུ་ཆུད་ཅིང་། སླར་དཔེ་ལ་ལྟོས་མི་དགོས་པའི་མི་བརྗེད་པའི་གཟུངས་ཐོབ་པར་གྲགས། རྗེ་ཉིད་ཀྱི་ཞལ་ནས། བདག་ཐོས་པ་ཆུང་བ་ཡང་མ་ཡིན་ཏེ། བོད་དུ་འགྱུར་བའི་ཆོས་ཐམས་ཅད་མ་ཐོས་པ་མེད་དོ།། ཐོས་པ་ཧ་ཅང་མྱུར་བར་འཛིན་པ་ཡང་མ་ཡིན་ཏེ། ཆོས་ཐོས་པ་ཐམས་ཅད་ཚར་རེ་ལས་མ་དགོས་སོ་ཞེས་གསུང་སྐད། འདི་ནི་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པས་ཆོས་ཚད་མེད་པ་སྐད་ཅིག་རེ་རེས་འཛིན་མོད་ཀྱི། ཐུན་མོང་གི་ངོར་གསན་བསམ་མཛད་ཚུལ་དང་བསྟུན་པའི་གསུངས་གོ་རྒྱུ་ཅན་ཡིན་པར་སྣང་ངོ་།། རྒྱ་བོད་ཀྱི་སྐད་སྦྱར་ནས་དོན་གྱི་འཇུག་ཚུལ་སྟོན་པའི་བརྡ་ཆད་ལ་འགྲན་ཟླ་མེད་ཅིང་། ཤེས་བྱ་མཐའ་དག་གི་དོན་ལ་རིགས་པའི་ལམ་གྱིས་མཐའ་རྗེན་པར་དཔོགས་པའི་མཁྱེན་རབ་དྲི་མ་མེད་པ། ཟབ་པ་དང་རྒྱ་ཆེ་བ་མྱུར་བའི་སྤོབས་པ་འགྲན་ཟླ་དང་བྲལ་བའི་དབང་གིས། ཕྱོགས་ཀྱི་གླང་པོའི་ཤེས་རབ། ཆོས་ཀྱི་གྲགས་པའི་བརྒལ་བརྟག དབྱིག་གཉེན་ཞབས་ཀྱི་ཐོས་པ། ཙནྡྲགོ་མིའི་བརྗོད་པ། སློབ་དཔོན་དཔའ་བོའི་རྩོམ་པ་ལྔ་གང་ཟག་གཅིག་ལ་འཛོམ་པ་ལྟ་བུ་ཡིན་ཞེས་མཁས་པ་དུ་མས་ཚོགས་ཀྱི་དབུས་སུ་བསྟོད་པའི་འོས་སུ་གྱུར། ཁྱད་པར་སྒྲ་དང་ཚད་མའི་གཞུང་ལ་འདི་ལས་ལྷག་པ་བོད་དུ་མ་ཟད་འཕགས་ཡུལ་དུའང་མེད་ཅེས་དེ་དུས་ཀྱི་མཁས་པ་རྣམས་ཀྱིས་བསྔགས། གཞན་ཡང་དེ་དུས་ཀྱི་སྐྱེ་བོ་དག་གིས། མུར་བ་ཚུར་སྟོན་ཡི་གེ་མཁས།།  ཆོག་སྒྲིགས་གྲངས་ཀྱི་མེ་གྲགས་མཁས།། སྒྲ་ཚད་འགོས་ལོ་ཁུག་པ་མཁས།།  ཐམས་ཅད་འཛོམ་པ་ཆོས་བཟང་ཙམ།། ཞེས་སོགས་དེ་འདྲ་བའི་ཚིགས་བཅད་སྣ་ཚོགས་མཚར་གཏམ་དུ་བྱས་པར་གྲགས། དེ་ལྟ་བུར་ཤེས་བྱ་མཐའ་དག་ལ་མ་རྨོངས་པའི་པཎྚི་ཏ་ཆེན་པོ་འདིས། གཞན་ལ་ཕན་པ་ཁོ་ནའི་ཐུགས་ཀྱིས་མདོ་དང་རྒྱུད་དང་རིག་གནས་དང་ཐ་ན་འཇིག་རྟེན་པའི་ཞིང་ལས་དང་། ཕྱུགས་སྐྱོང་བ། དཀར་ཤེ ཇི་ལྟར་བསྒྲུབ་པ་ཚུན་ཆོད་ཀྱིས་བསྟན་བཅོས་ཆེས་མང་པོ་མཛད་དེ། སྔར་གྱི་ལོ་རྒྱུས་འགའ་ཞིག་ཏུ་པོ་ཏི་དྲུག་ཅུར་ལོང་བ་ཙམ་ཡོད་ཅེས་དང་། འགའ་ཞིག་ལས་གྲངས་མང་པོ་ཡོད་པར་བཤད། དེ་དག་ལས་སྔགས་ཀྱི་མན་ངག་ཕལ་ཆེ་བ་མཁའ་འགྲོས་གདན་དྲངས་ནས་སོང་ཞེས་ཀྱང་གྲགས། གདུལ་བྱའི་རྒྱུད་དང་དུས་མཁྱེན་པའི་མངོན་ཤེས་ཐོགས་མེད་མངའ་ཞིང་སྙིང་རྗེ་ཆེན་པོའི་ཐུགས་ཀྱིས་ཕན་འདོགས་པའི་ཆེད་དུ་བརྩམ་པ་འབའ་ཞིག་ཡིན་ཕྱིར། གང་བརྩམས་པ་དེ་དག་གདུལ་བྱའི་དོན་དུ་འགྱུར་བ་དང་། འདིས་མཛད་པའི་སྔགས་ཀྱི་གདམས་ངག་རྣམས་ཀྱང་སློབ་བརྒྱུད་པ་དག་གིས་ལུང་མ་ཐོབ་ཀྱང་ཡི་གེ་བཞིན་ཉམས་སུ་བླངས་པས་བྱིན་རླབས་ཀྱི་མཚན་མ་མ་བྱུང་བ་མེད་ཅེས་སྔར་ཡོངས་སུ་གྲགས་ཤིང་། སྐུ་གཤེགས་པའིརྗེས་སུ་ཡང་ཁ་ཅིག་གིས་གསོལ་བ་བཏབ་པས་དངོས་སུ་བྱོན་ནས་གདམས་ངག་རྣམས་ཀྱི་དོགས་པ་བཅད་པ་སོགས་གསུང་རྣམས་བྱིན་རླབས་དང་ཕན་ཐོགས་ཁྱད་པར་འཕགས་པར་གྲགས།  གཞུང་ལུགས་གང་རྩོམ་པར་ཞུས་ཀྱང་མི་མཁྱེན་པ་མེད་ལ། རྩོམ་པའི་ཚེ་གླེགས་བམ་བསྡུ་གཟིགས་སོགས་ལ་ཅུང་ཟད་ལྟོས་མི་དགོས་པར་ཐོགས་མེད་དུ་བརྩོམ་པར་མཛད་ཅིང་། དེ་ལྟར་བརྩམས་པ་རྣམས་ལ་ལུང་རྣམས་ཀྱི་ཚིག་ཟུར་ཙམ་ཡང་ཉམས་པ་མེད་ཅིང་། ཚིག་འབྲུ་བཟང་པོ། དོན་བཟང་པོ། རིགས་པ་དང་འབྲེལ་བ། སྒྲོས་གཙང་བ། ཚིག་དོན་གང་ཐད་ནས་ཆོས་དང་མཐུན་པར་སྐྱོན་གདགས་པའི་གཞི་མི་སྲིད་པར་གྱུར་ཅིང་། གོ་བའི་གནད་གཏིང་ཕྱིན་པར་གསལ་བའི་བསྟན་བཅོས་རྣམ་དག་འབའ་ཞིག་ཏུ་བྱུང་བས། སངས་རྒྱས་ཀྱི་གསུང་དང་རྗེས་སུ་མཐུན་པར་མཁས་པ་མཐའ་དག་གིས་དང་དུ་ལེན་པར་གྱུར། རྒྱ་གར་གྱི་མཁན་པོ་མཉྫུཤྲཱི་ཝརྨ་དང་། མཉྫུ་ཤྲཱི་ཛྙཱ་ན་དང་། ཨུ་བཱ་ཡ་ཤྲཱི་མི་ཏྲ་དང་། བུདྡྷཀ་ར་བྷ དྲ་དང་། དེ་བཱ་ཀ་ར་ཙནྡྲདང་། པ་ར་མེ་ཤྭ་ར་དང་། ཨ་ཤོ་ཀ་བཛྲ་ལ་སོགས་པ་རྒྱ་གར་གྱི་པཎྚི་ཏ་མང་པོ་བསྟེན་ནས་དེ་དག་གི་ལོ་ཙཱ་བ་མཛད་དེ། རྡོ་རྗེ་འཇིགས་བྱེད་དང་། རྟོག་པ་གསུམ་པ་དང་། གཤིན་རྗེ་གཤེད་དགྲ་ནག་གི་རྒྱུད་དང་། འཇམ་དཔལ་གསང་ལྡན་དང་། བདེ་མཆོག་རྩ་རྒྱུད་དང་། སྔགས་དོན་རྡོ་རྗེ་རབ་འབྱེད་སོགས་བཀའ་དང་བསྟན་བཅོས་མང་དུ་བསྒྱུར། འགྱུར་ཤིན་ཏུ་བཟང་བས་གསར་འགྱུར་གྱི་ནང་ན་ཕུལ་དུ་བྱུང་བའི་ཚད་དུ་འཇོག་པ་བྱུང་། རྒྱ་གར་གྱི་པཎྚི་ཏ་དེ་ཀུན་ན་རེ། དྷ་རྨ་བྷ་དྲ་ཁྱོད་ཆོས་མང་བ་རྩོམ་ལ་འགྲོ་བ་རྣམས་སྐྱོབས་ཤིག ཁྱོད་ཀྱི་ཡོན་ཏན་གཞན་ལྟ་ཞོག སྒྲ་ཚད་ཀྱི་ལུགས་འདིའི་སུམ་ཆ་ཙམ་མི་ཤེས་པས་ཀྱང་ངེད་རྒྱ་གར་ཕྱོགས་སུ་ཆོས་རྩོམ་པ་མཐོང་ན་ཁྱོད་ཅིའི་ཕྱིར་མི་རྩོམ་ཞེས་གསུངས། སྔར་སྐུ་ན་གཞོན་པའི་དུས་ཤིག མདོ་སྟོན་སེང་གེ་བྱ་བ་ལས་སྔ་འགྱུར་གྱི་ཆོས་སྐོར་གསན་པའི་ཚེ་མནལ་ལམ་དུ། གསང་བ་སྙིང་པོའི་ཟན་བྱས། སངས་རྒྱས་མཉམ་སྦྱོར་གྱི་ཚོད་མ་བྱས་ནས་གསོལ་བ་རྨིས་པ། སློབ་དཔོན་ལ་ཞུས་ཚེ་ཆོས་དེ་དག་ཁོང་དུ་ཆུད་པའི་རྟགས་ཡིན་པས་ཁྱོད་ཀྱིས་དེ་དག་ལ་འགྲེལ་པ་གྱིས་གསུངས་པས་བླ་མའི་བཀའ་བསྒྲུབ་ཕྱིར། སྔགས་ཀྱི་བསླབ་པ་གསུམ་ལ་བརྟེན་པའི་མན་ངག་གསུམ་མཛད་དེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་དོན་གྱི་ངེས་བརྗོད་དམ་ཚིག་མདོ་རྒྱས། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་སྟོན་སླད། འགྲེལ་པ་ཚུལ་བཞི་ཡན་ལག་བཅོ་ལྔ་པ། ལྷག་པ་ཤེས་རབ་ཀྱི་བསླབ་པ་སྟོན་བྱེད་རྫོགས་པ་ཆེན་པོའི་ལྟ་སྒོམ་མན་ངག་གསུམ་དང་། གཞན་ཡང་མཉམ་སྦྱོར་འགྲེལ་པ། ངན་སོང་སྦྱོང་རྒྱུད་འཇིགས་བྱེད་སོགས་གཤེད་སྐོར་གྱི་འགྲེལ་པ་དང་མན་ངག་སྣ་ཚོགས་དང་། ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པ་སོགས་བསྟན་བཅོས་གྲངས་ཤིན་ཏུ་མང་པོ་མཛད་པ་ལ། དུས་དེའི་བོད་རུ་བཞིའི་མཁས་པ་ཕལ་མོ་ཆེ་ལས། ཁ་ཅིག་གིས་གུས་པས་དང་དུ་བླང་། སངས་རྒྱས་དངོས་ཀྱི་སྤྲུལ་པར་གྲགས་པ་ཡང་བྱུང་། ཁ་ཅིག་གིས་བོད་དུ་སྐྱེས་པ་ཞིག་གིས་རྒྱ་གར་མཁས་པ་རྣམས་ཀྱི་བསྟན་བཅོས་ལས་ཀྱང་མང་བ་དེ་ཙམ་རྩོམ་པ་ཇི་འདྲ་བ་ཞིག་ཡིན་ནམ་སྙམ་དུ། ཤབ་ཀྱི་ཡང་ཁྱེད་བླ་མ། མར་བ་དོ་བ། འུ་ཡུག་པ་མདའ་བ་བསམ་གཏན། མདོའི་ཁྱུང་པོ་ཧཱུཾ་སྙིང་། སེ་ཁྲོཾ་རྒྱ་མཚོ་འབར། མཚམས་སྟོན་གོ་ཆ། སྤང་ཁ་དར་ཆུང་། འགོས་ལྷས་བཙས། རྒྱ་རྒྱལ་ཚུལ་སོགས་མཁས་པ་དུ་མས་སུན་འབྱིན་ནུས་སམ་སྙམ་དུ་ཁྱུ་མཆོག་རྭ་བརྡར་བ་ལྟར་རྗེ་འདི་ཉིད་ཀྱི་དྲུང་དུ་ཕྱིན་པ་ན། བདག་ཉིད་ཆེན་པོ་སྨྲ་བའི་སེང་གེ་རྣམ་པར་བསྒྱིང་རྒྱལ་བ་འདི་ཉིད་ཀྱིས་ལུང་དང་རིགས་པ་དང་། སྒྲ་དང་དོན་གྱི་རྣམ་བཞག་དཔྱིས་ཕྱིན་པའི་གསུང་གདོང་ལྔའི་སྒྲ་དབྱངས་ཐོས་པ་ཙམ་ནས་ཁེངས་པའི་རི་བོ་བསྙིལ་ཏེ་ཞབས་པད་གུས་པའི་གཙུག་གིས་ལེན་པའི་སློབ་མ་ཤ་སྟག་ཏུ་གྱུར་པར་གྲགས། གོ་རུབ་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཅེས་ཐོས་པ་མང་པོའི་གཟུངས་ཐོབ་པར་གྲགས་པ་དེས་ཀྱང་དང་པོར་ཁ་བཏང་བྱས། བར་དུ་ཐེག་ཆེན་ཚུལ་འཇུག་མཐོང་བས་གུས་པ་ཆེན་པོ་སྐྱེས་ནས། མཐར་ཟང་ཟིང་མང་པོས་བསྙེན་བཀུར་བཅས་སྔར་གྱི་རང་ཉེས་བརྗོད་དེ་བཤགས་ཤིང་རྗེས་སུ་བཟུང་བར་གསོལ་བ་བཏབ་སྟེ། ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པ་འཇམ་དཔལ་གསང་བའི་རྒྱུད་སོགས་ཆོས་མང་དུ་གསན། གསང་རྒྱུད་གསན་སྐབས་རོང་ཟོམ་པཎྚི་ཏ་ཆེན་པོའི་ཞལ་ནས། འོ་སྐོལ་ལ་ད་ལྟ་རྒྱ་དཔེ་ཡོད་ན་འགྱུར་འདི་འདྲ་ཞིག་ཐོབ་པ་ཡིན་ཚུལ་གསུངས་པ། གོ་རུབ་ལོ་ཙཱ་བས་ཡིད་ལ་བཟུང་ནས་ཕྱི་ཇོ་བོ་ཀྲྀ་ཞེས་བྱ་བའི་པཎྚི་ཏ་ལས་རྒྱ་དཔེ་བྱུང་བ་གཟིགས་ཤིང་དེ་ལས་མཉན་པས་རོང་ཟོམ་ཆེན་པོས་ཇི་སྐད་གསུངས་པ་བཞིན་བྱུང་བས་ཤིན་ཏུ་གུས་པ་ཐོབ་ཅིང་རྒྱ་དཔེ་རོང་ཟོམ་པའི་ཕྱག་ཏུ་ཕུལ་ནས་རྒྱུད་ལ་འགྱུར་བཅོས་མཛད་ཅིང་སླར་ཡང་བཤད་པ་གསན་སྐད་ལོ་རྒྱུས་འདི་དག་ངོར་ཆེན་གྱི་སྤྱོད་རྒྱུད་རྣམ་བཞག་དུ་ཡང་གསུངས། ཚུལ་དེ་དང་ཆ་མཚུངས་རོང་ཟོམ་པའི་ངོ་མཚར་ལོ་རྒྱུས་དུ་མ་གསར་མའི་ལོ་ཙཱ་བ་དག་གིས་གསུངས་པ་རྣམས་ན་སྣང་། མར་པ་ཆོས་ཀྱི་དབང་ཕྱུག་སོགས་བོད་ཀྱི་ལོ་ཙཱ་བ་དང་མཁས་པར་གྲགས་པའི་བློ་ལྡན་མཐའ་དག་གིས་ཞབས་ལ་བཏུད་ཅིང་མཁས་པའི་རྣམ་ཐར་རྩོད་མེད་དུ་ཡོངས་སུ་གྲགས། དེང་སང་ཡང་འདིའི་བསྟན་བཅོས་ཆེ་ཕྲ་གང་ཡང་རང་ལ་བློ་མིག་ཡོད་པ་སུས་བལྟས་ཀྱང་འགྲན་ཟླ་མེད་པའི་ཡིད་ཆེས་སྐྱེ་བ་ལ་བསྙོན་དུ་མེད། དེའི་ཕྱིར་བོད་གངས་ཅན་ན་འདི་དང་མཚུངས་པའི་མཁས་པ་ནི་སུ་ཡང་མ་བྱུང་ཞེས་འགོས་ལོ་ཆེན་པོ་སོགས་ཀྱིས་བསྔགས་ཤིང་ཡོངས་སུ་གྲགས་པའོ། ། 

བདག་ཉིད་ཆེན་པོ་འདིས་ཆོས་ལམ་ལ་ཞུགས་པ་དག་ལ་ཆོས་ཀྱི་སྦྱིན་པ་དང་། ཕལ་པ་དག་ལ་ཟང་ཟིང་གི་སྦྱིན་པ་སེར་སྣས་མ་གོས་པའི་གཏོང་བ་ལྷུག་པར་མཛད་ཅིང་གདུལ་བྱ་མཐའ་དག་སྙིང་རྗེ་ཆེན་པོས་ཡལ་བར་མི་འདོར་བའི་བརྩོན་པ་དང་། སྲུང་སྡོམ་དང་ཐུགས་དམ་ནོར་བུ་རིན་པོ་ཆེ་དང་སྲོག་གི་དབང་པོ་ལྟར་གཅེས་སྤྲས་མཛད་ཅིང་གཞན་ཡང་དེ་ལ་འགོད་པ་སོགས་དམ་པའི་རྣམ་ཐར་རྩོལ་མེད་ངང་གིས་གསལ་བ་དང་། བྲག་མེ་ལོང་གི་ངོས་ལྟ་བུར་མཐོ་ཞིང་ཡངས་ལ་གཟར་བར་བྱ་ལྟར་འཕུར་བ་དང་། བྲག་ལ་ཕུར་པ་བཏབ་པ། ནམ་མཁར་འཕུར་བ། བོད་ཀྱི་ལྷ་འདྲེ་རྣམས་ཀྱི་གནས་དང་སྤྱོད་པ་མཁྱེན་པ། གདུལ་བྱའི་རྒྱུད་མཁྱེན་པ་སོགས་ཐ་མལ་པ་རྣམས་ཀྱི་ཡ་མཚན་དུ་བྱེད་ཅིང་གྲུབ་པའི་རྟགས་སུ་མངོན་པ་ཚད་མེད་པ་ཡོད་པར་དེ་དུས་ཀྱི་སྐྱེ་བོ་རྣམས་ལ་ཡོངས་སུ་གྲགས་མོད་ཀྱི། སོ་སོ་ཡང་དག་རིག་པ་བཞི་ཐོབ་པའི་འཕགས་ཆེན་འདི་ལྟ་བུ་ལ་དེ་འདྲའི་མངོན་རྟགས་ཕྲ་མོ་བགྲང་བ་ཙམ་ཡ་མཚན་གྱི་གཏམ་དུ་མི་འགྱུར་བ་སྨྲོས་མ་དགོས། མཐར་དགུང་ལོ་བརྒྱ་དང་བཅུ་དགུར་བཞུགས་ཏེ་སྐུ་ལ་སྙུན་མེད་པར(སྤྱི་ལོ 1220 ཡན་མན)སྐུ་ཞི་བར་གཤེགས།  སྲས་བརྒྱུད་རྣམས་ཕྱི་དུས་བར་བྱོན་ཞིང་ཕུར་པའི་གྲུབ་པ་ཐོབ་པ་ཤ་སྟག་ཏུ་གྱུར། སློབ་བརྒྱུད་ནི་གོ་རུབ་ལོ་ཙཱ་བ། མར་པ་དོ་བ། འགོས་ལ་སོགས་པའི་ལོ་ཙཱ་བ་བཅུ་བདུན། གཡག་རྡོ་རྗེ་འཛིན་པ་སོགས་གྲུབ་ཐོབ་ཆེན་པོ་སུམ་ཅུ་རྩ་ལྔ། མ་ཅིག་ཞ་མའི་མིང་པོ་རྗེ་དགོན་ཕུ་བ་སོགས་སྒོམ་ཆེན་རྣལ་འབྱོར་དབང་པོ་བརྒྱ་དང་བརྒྱད་ཅུ། ཡོལ་ལྕགས་དགེ་བསྙེན་རྡོ་རྗེ་དབང་ཕྱུག་དང་། ཡང་ཁྱེད་བླ་མ་སོགས་གདུགས་ཐོགས་ལྔ་བརྒྱས་མཚོན་པའི་སློབ་ཚོགས་ཤིན་ཏུ་མང་པོ་བྱུང་བར་བཤད་དོ།།

མཇུག་གཏམ།

སྔར་དུ་བརྡ་སྤྲོད་རིག་གཞུང་གི་རྒྱ་མཚོ་ཆེན་པོའི་ཀློང་ནས་འབྲེལ་ཡོད་ཀྱི་དཔྱད་འབྲས་དང་བརྟག་འབྲས་སོགས་མི་དམན་པ་ཞིག་ཐོས་པའི་ཤེས་རབ་ལས་ལག་ཏུ་བླངས་ཡོད་ཀྱང་སྨྲ་སྒོ་མཚོན་ཆའི་སྐོར་གྱི་རིག་གཞུང་གྲུབ་འབྲས་ནི་དེ་ཙམ་གྱིས་མིག་གི་འཇིག་རྟེན་དུ་མ་མཐོང་བར་སྣང་། འོན་ཀྱང་སྨྲྀ་ཏི་སྐོར་གྱི་རྣམ་ཐར་དང་། མཛད་སྤྱོད། སྨྲ་སྒོ་ལས་གཞན་པའི་བསྟན་བཅོས་སོགས་ཀྱི་སྐོར་ནི་ཇོ་བོ་རྗེ་དང་ས་པཎ་ལྟ་བུ་གྱ་ནོམ་ཕུན་ཚོགས་དང་འབོར་ཚད་མཐུག་པོ་ཞིག་མིག་ཏུ་མ་ཚུད་ཀྱང་གཟུགས་པོའི་ཚོད་ཀྱི་སྐྱིལ་ཀྲུང་ཞེས་པའི་དཔེ་ལྟར་གང་མཚམས་རེ་འུ་ཚོས་མིག་གིས་བལྟ་བར་གྱུར་ན་མཐོང་རྒྱུ་ཡོད་པས་དེ་ལྟར་ཡིན་ཏེ། རིག་གཞུང་འཚོལ་བའི་དུས་སྐབས་ཀྱི་གསལ་ལམ་ལམ་བར་མཚམས་སུ་སེམས་ཀྱི་ཀློང་ཡངས་པའི་བརྩོན་པ་དག་གིས་པཎྜི་ཏ་ཇོ་བོ་སྨྲྀ་ཏི་ཛྙྰ་ན་ཀི་རྟིའམ་བོད་སྐད་དུ་དྲན་པ་ཡེ་ཤེས་གྲགས་པ་སྨྲ་བའི་གང་དེ་སྤྱིར་མཛད་པ་འཕྲིན་ལས་དང་བྱེ་བྲག་ཏུ་བརྡ་སྤྲོད་སྨྲ་སྒོ་མཚོན་ཆ་ལ་ཞིབ་འཇུག་བགྱི་མཁན་མང་དུ་འཕེལ་བར་ལེགས་པའི་རྟེན་འབྲེལ་མཚོན་བྱེད་ཀྱི་བཀྲ་ཤིས་དར་རས་གསོལ་གྱུར་རོ།།

དཔྱད་ཡིག

【1】སྡེ་དགེའི་བསྟན་འགྱུར་དཀར་ཆགས།  ཞུས་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད། 

【2】སྨྲ་སྒོའི་མཁས་པའི་འཇུག་ངོགས།  ཁྲིམས་ཁང་ལོ་ཙཱ་བ་བསོད་ནམས་རྒྱ་མཚོ།  དཔེ་ཚུགས།  ཤོག་གྲངས། 10

【3】སྨྲ་སྒོའི་མདོར་བསྡུས།  སུམ་པ་ལོ་ཙཱ་བ་དངོས་གྲུབ་རྡོ་རྗེ།  དཔེ་ཚུགས།  ཤོག་གྲངས། 10

【4】རོང་ཟོམ་གསུང་འབུམ་དཀར་ཆག་མེ་ཏོག་ཕྲེང་བ་བཞུགས་སོ།།  ཀུན་མཁྱེན་མི་ཕམ་རྣམ་རྒྱལ་རྒྱ་མཚོས་མཛད།

【5】སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་ཞེས་བྱ་བའི་འགྲེལ་པ།  རོང་ཟོམ་མ་ཧཱ་པཎྜི་ཏ་ཆོས་བཟང་གིས་མཛད།

【6】སྨྲ་སྒོའི་ས་བཅད།  ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད།

【7】སྨྲ་སྒོའི་འགྲེལ་པ་སྒྲ་ལ་འཇུག་པ།  ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད།

【8】སྨྲ་བའི་སྒོ་མཚོན་ཆ་ལྟ་བུའི་འགྲེལ་པ།  དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་ཀྱིས་མཛད།

【9】སྨྲ་སྒོའི་འགྲེལ་པ་སྨྲ་བའི་རྒྱན།  པཎ་ཆེན་ཤཀྱ་མཆོག་ལྡན་གྱིས་མཛད།

【10】སྨྲ་སྒོ་མཚོན་ཆའི་འགྲེལ་བ།  བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་གྱིས་བརྩམས།

ཡོང་ཁུངས།

ཧི་མ་ལ་ཡ་སྤྱི་སྟེགས།

ངོ་སྤྲོད་མདོར་བསྡུས།

ས་དཀར་ཀརྨ་བྱང་ཆུབ།  བོད་རིགས།  ཕོ།  མཐོ་རིམ་སྐད་ཡིག་དགེ་རྒན་དང་སྐད་གཉིས་རྩོམ་པ་པོ།   ཀྲུང་གོ་གྲངས་ཉུང་མི་རིགས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི།  མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་བཅས།