བོད་ཀྱི་ཡིག་གཟུགས་ཀྱི་སྒྱུ་རྩལ་ལ་ལྟ་བ།

བོད་ཀྱི་དེང་རབས་དང་སྔ་རབས་ཀྱི་ཡིག་གཟུགས་ཀྱི་སྐོར།

ཁོང་གིས་ངོ་གདོང་ནས་མཛུམ་པའི་རྣམ་འགྱུར་དང་བཅས་མཐོ་ཚད་ལ་ཁྲུ་གཉིས་དང་ཕྱེད་ཙམ་དང་ཞེང་ཚད་ལ་ཁྲུ་ལྔ་ཙམ་ལྡན་པའི་རང་ཉིད་ཀྱི་ བརྩམས་ཆོས་ཏེ། ཤིན་ཏུ་ཆེ་བའི་དར་ལྕོག་དཀར་པོ་དེ་དག་གི་ལྡེབ་རྩེག་བཤིགས། དེ་ནི་ལྗར་མན་གྱི་ཚགས་པར་དྲས་ཧྲུག་གཤོམ་སྒྲིག་བྱས་ནས་བཟོས་པའི་བཀྲག་མདངས་ཅན་གྱི་ལྷུ་སྒྲིག་སྦྱར་མཐུད་ཀྱི་རི་མོ་དང་བོད་ཡིག་གི་ཡིག་ཚུགས་ཡིན་པ་དང་། ཚོས་མདོག་དམར་དཀར་སྐྱ་གསུམ་གྱི་པར་སྒྲོམ་གླིང་གསུམ་པའི་ནང་བོད་ཡིག་གིས་བྲིས་པའི་ཡིག་གེ་སྟེ་འདས་དང་། ད་ལྟ། མ་འོངས་བཅས་བཤམས་འདུག

ཁོང་གིས་དར་ལྕོག་དེ་ཚོའི་ནང་ནས་གཅིག་ལ་མཛུབ་མོ་བཙུགས་ནས་འདིར་རླུང་གི་རྟ་སྟེ་རླུང་རྟ་ཟེར་གྱི་ཡོད་པ་དང་བོད་ཀྱི་རླུང་དར་གྱི་རིགས་ཤིག་ཡིན་པ་དང་། དར་ལྕོག་རླུང་གི་ནང་དུ་ལྷབ་ལྷུབ་ཏུ་གཡོ་བའི་སྐབས་སུ་རྟ་ངང་གིས་རྒྱུག་གི་ཡོད་ཕྱིར་བསོད་ནམས་སམ་རླུང་རྟ་ཡང་ངང་གིས་འཕེལ་བར་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས།

ཕུན་ཚོགས་ཚེ་རིང་ནི་ང་ཚོར་ཁོང་གི་བརྗིད་ཆགས་ཅན་གྱི་ཡིག་ཚུགས་བསྟན་པ་དང་གནའ་བོའི་ཡིག་ཚུགས་གྲུལ་ཚུལ་གྱི་སྐོར་ལ་གཏམ་བཤད་བྱ་ཆེད་ཕ་རན་ཁ་ཕཱུར་ནས་ཐེངས་དང་པོར་ཨ་རིར་ཕེབས་པ་རེད། ཡིག་ཚུགས་དང་། རྡུལ་ཚོན། ཤོག་བུ་བཟོ་བའི་ཉིན་མོ་སྟེ་ཤོག་བུ་དང་སྣག་ཚ་ཞེས་པའི་ང་ཚོའི་དམིགས་བསལ་གྱི་བྱེད་སྒོའི་ཉིན་དེར་ང་ཚོའི་དཔེ་མཛོད་ཁང་གི་དཔེ་ཀློག་ཚོམས་ཆེན་དེའི་ནང་ལོ་ན་མ་གཅིག་པའི་མི་ཡིས་ཁེངས།

དར་ལྕོག་ཆེན་པོ་དེ་དག་གི་མདུན་ཏུ་ཚེ་རིང་གིས་རང་ཉིད་ཀྱི་དར་ལྕོག་དེ་དག་ལ་རྒྱབ་རྟེན་བྱས་ཏེ་བོད་ཡིག་ཡིག་གཟུགས་ཀྱི་འབྱུང་ཁུངས་ཏེ་བོན་གྱི་སྨར་ཆེན་དང་སྨར་ཆུང་གཉིས་དང་། དེ་བཞིན་ཡིག་གཟུགས་དེ་དག་ལས་འཕེལ་རྒྱས་བྱུང་བའི་གཞན་གྱི་ཡིག་གཟུགས་མི་འདྲ་བ་མང་པོ་དཔེར་ན། བྱ་ཕོ་འཇོལ་འདྲ། མུ་ཏིག་སྟར་བརྒྱུས། སོ་ཕག་གཤིབ་འདྲ། སེང་གེ་གནམ་ལ་འཕྱོངས་འདྲ། ནས་སྔོན་ཕྱིང་དཀར་སྟེང་བཀྲམ་འདྲ། ལེབ་ནི་གྲུ་བཞི་བདེ་ལེགས་སོགས་ཀྱི་སྐོར་ལ་གཏམ་བཤད་གནང་།

དེ་རྗེས་ཚེ་རིང་གིས་རང་གི་བརྩམས་ཆོས་ཐོག་ལ་འགྲེལ་བཤད་བརྒྱབས། ཁོང་གི་རྒྱབ་ངོས་ཀྱི་དར་ལྕོག་དེ་དག་སྔ་རབས་ཡིག་ཚུགས་མང་དག་ཅིག་གི་དཔེ་མཚོན་ཡིན་པ་དང་། དེ་ཚོ་ལས་འགའ་ཞིག་གིས་ཚིག་མང་པོ་ཞིག་མཉམ་དུ་འགྲུབ་ནས་གོ་དོན་གསར་པ་གཏོད་ཀྱི་ཡོད། འོན་ཏེ་དེ་ཚོ་ལས་སྙན་གྲགས་ཆེ་ཤོས་ནི་ཁོང་གི་མི་སེམས་འགུག་པའི་ལྷུ་སྒྲིག་སྦྱར་མཐུད་ཀྱི་རི་མོ་དེ་ཡིན་པ་རེད། འཁྱམ་པོའི་མི་ཚེ་ཞེས་པའི་ལྷུ་སྒྲིག་སྦྱར་མཐུད་ཀྱི་རི་མོ་དེ་ནི་གཞོགས་གཡས་ནས་གཡོན་དུ་གཏོར་དབྱིབས་སུ་གོང་ནས་གོང་དུ་སོ་ཕག་ལྟར་བརྩིགས་པ་དང་། དེས་སྒྱུ་རྩལ་མཁན་གྱི་ལྗར་མན་དང་བོད་ནང་གི་མི་ཚེའི་ལོ་རྒྱུས་ཏེ། ཁོང་སྐྱེས་ཡུལ་བོད་གངས་ཅན་གྱི་ལྗོངས་ནས་ཡུལ་གྱར་གྱི་འཚོ་བ། མཐའ་མར་ཁོང་རང་ཉིས་ཀྱིས་འབོད་པའི་ཁྱིམ་མེད་འཁྱམ་པོའི་འཚོ་བ་བཅས་འགྲེལ་བརྗོད་བྱེད་ཀྱི་ཡོད།

འདི་ནི་ཕྱིར་ཚོང་བྱེད་ཀྱི་བརྩམས་ཆོས་ཐོག་མའི་གྲས་ཀྱི་གཅིག་ཡིན་པ་རེད།

རྡུལ་ཚོན་རི་མོ།

ཚུལ་ཁྲིམས་རྒྱ་མཚོས་ཤིང་སྒྲོམ་ཞིག་གི་འགྲམ་དུ་བཅར་བ་དང་ཆབས་ཅིག་རང་གི་མགོ་ལ་གྱོན་པའི་ལག་རྩེད་པོ་ལོ་རྩེད་མཁན་གྱི་ཞྭ་མོ་དེ་ཕར་ཕུད་ནས། ལྕགས་རྒྱུག་ཅིག་གིས་རྡུལ་མཚོན་དཀྱིལ་འཁོར་སྐྲུན་བྱེད་ཀྱི་ལྕགས་ཕུར་དེར་འབྲད་བརྡར་བྱས། ཁང་པ་ཡོངས་རྩུབ་བརྡར་གྱི་སྒྲས་ཁེངས་པ་དང་སྒྲ་དེས་རྡུལ་ཚོན་རྣམས་སྦུ་གུའི་རྩེ་ནས་རྒྱུ་བཞིན་ཡོད་པ་མཚོན་གྱི་ཡོད།

ཁོང་གིས་དེ་རིང་བེད་སྤྱོད་བྱེད་བཞིན་པའི་བྱེ་མ་དེ་རྩིང་དྲགས་འདུག་ཅེས་འགྲེལ་བཤད་བྱས། བོད་ལ་མ་གཏོགས་ས་ཆ་གཞན་ལ་མེད་པའི་འོད་འཚེར་ཅན་གྱི་བྱེ་མ་སྤུས་ཀ་ལེགས་ཤོས་དེ་བོད་ནས་དུས་ཐོག་ཏུ་ལག་གསོན་མ་བྱུང་བ་རེད། ས་གནས་གཞན་ནས་ཐོབ་པའི་བྱེ་མ་ནི་རྩིང་དྲགས་པ་མ་ཟད་སོ་སོར་གྲམ་སླ་པོ་ཞེ་དྲག་ཡོད་པ་རེད།

རྒྱ་མཚོ་ལགས་ཨ་མདོ་རྔ་པ་ཁུལ་དུ་འཁྲུངས་པ་དང་། སྒོ་མང་དགོན་དུ་ཆོས་སྒོར་ཞུགས་ནས་སྲོལ་རྒྱུན་གྱི་སློབ་གཉེར་དང་དེ་བཞིན་རྡུལ་ཚོན་དཀྱིལ་འཁོར་བཞེངས་སྟངས་ཐོག་ལ་སྦྱོང་བརྡར་བྱས་པ་རེད། སྤྱི་ལོ་༡༩༨༩ལོ་ནས་༡༩༩༩ལོ་བར་ལ་ཁོང་གིས་རྒྱ་གར་ནང་གི་དགེ་ལྡན་དགོན་པར་མུ་མཐུད་སློབ་གཉེར་གནང། དགོན་པས་ཁོང་ལ་རྩེར་སོན་གྱི་རྡུལ་ཚོན་དཀྱིལ་འཁོར་བཞེངས་པའི་ལག་རྩལ་ཡོད་པ་ཤེས་རྟོགས་བྱུང་རྗེས་གྲྭ་པ་ཚོ་ཞིག་དང་མཉམ་དུ་སྒྱུ་རྩལ་སྐོར་སྐྱོད་འགྲེམ་སྟོན་བྱེད་དུ་མངགས་པ་རེད། དེང་སྐབས་ཁོང་ཨ་རིའི་ཉིའུ་ཡོག་གྲོང་ཁྱེར་དུ་བཞུགས་ཡོད།

ཁོང་གིས་ལྕགས་ཕུར་འབྲད་བརྡར་བྱས་ཏེ་ཡིག་འབྲུ་ཨོཾ་ཞེས་པ་དེ་བཞེང་པའི་ཞོར་དུ་གཟིགས་མོ་རྣམས་ལ་དཀྱིལ་འཁོར་སྒྱུ་རྩལ་མཁན་ལ་ངེས་པར་དུ་གཏིང་ཟབ་པའི་སྦྱོང་བརྡར་འཐོབ་དགོས་ཅེས་གསུངས། དེ་ཡང་ཐོག་མའི་དུས་ཡུན་ལོ་གསུམ་གྱི་སྦྱོང་བརྡར་དེའི་ནང་སློབ་མ་ཚོས་གཡག་གི་ ལྕི་བ་བསྲེས་པའི་དམིགས་བསལ་གྱི་ཐལ་བ་ཡིས་གཙོར་རྨང་གཞིའི་དཀྱིལ་འཁོར་གྱི་གྲུབ་ཚུལ་ཁོ་ནར་སློབ་སྦྱོང་བྱེད་དགོས་ཀྱི་ཡོད། ཁོ་ཚོས་ལག་ རྩལ་བྱང་ཆུབ་པའི་ཚད་དུ་མ་སླེབས་བར་སྦྱོང་བརྡར་གྱི་གོ་རིམ་ཚང་མ་མཐར་ཕྱིན་པ་སྦྱང་བའམ་ཡང་ན་སྦྱངས་ཚར་རྗེས་སུ་ཡང་ནས་ཡང་དུ་སྦྱང་ ནས་ཁོངས་སུ་ཆུད་པར་བྱ་དགོས།

སྲོལ་རྒྱུན་གྱི་དཀྱིལ་འཁོར་ནི་ད་ལྟ་ཁོང་གིས་བཞེང་བཞིན་པའི་ཡིག་འབྲུ་སྟབས་བདེ་དེ་ཚོ་དང་མི་འདྲ་བར་སྤྱིར་ན་མཐོ་ཚད་ལ་སོར་དྲུག་ཙམ་དང་ཁ་ཞེང་ལ་ཕི་ཌི་གྲུ་བཞི་མའམ་ཁྲུ་ཁ་གང་མ་བཞི་ཙམ་ཟིན་གྱི་ཡོད། རྒྱ་མཚོ་ལགས་ཀྱི་དཀྱིལ་འཁོར་ཆེ་ཤོས་ལ་ཕི་ཌི་གྲུ་བཞི་མ་དྲུག་ཙམ་ཟིན་གྱི་ཡོད་པ་དང་དེ་བཞེང་པར་ཁོང་གིས་ཉིན་བཅུ་ཙམ་ལས་དགོས་ཀྱི་ཡོད།

ཁོང་གིས་གཟིགས་མོ་བ་ཚོར། རང་གི་དབུགས་ཀྱི་འབྱིན་རྔུབ་ལ་གཟབ་ནན་བྱེད་དགོས། དེ་ལྟར་མ་བྱས་ཚེ་རང་གིས་བསྐྲུན་པའི་འཆར་བཀོད་དེ་གཏོར་བཤིག་འགྲོ་ཉེན་ཆེན་པོ་ཡོད་ཅེས་ཐ་ཚིག་བསྒྲགས། ཁྱུག་ཙམ་སོང་རྗེས་ཁོང་གིས་མི་ཚང་མའི་སེམས་ནང་ཡོད་པའི་དོགས་གཞི་དེར་ལན་བཏབ་སོང་། དེ་ཡང་ཁོང་གིས་ལྕགས་ཕུར་གིས་བྱེ་མ་རྣམས་ཡར་འཇིབ་ནས་ང་ཚོར་ནོར་བཅོས་བྱེད་སྟངས་བསྟན་བྱུང་།

ཁོང་གིས་ཐད་འཕྱང་དུ་རྡུལ་ཚོན་གྱི་ཡིག་འབྲུ་གསུམ་བཞེངས་ཚར་མ་ཐག་ཕྱིས་རས་ཤིག་ལེན་ནས་བྱེ་མ་རྣམས་ཕར་ཕྱིས་རྩིས་གནང་སོང་མོད་ཀྱང་།ང་ཚོའི་དཔེ་མཛོད་ལས་བྱེད་ཀྱིས་མཐའ་མའི་མཚམས་དེར་ཁོང་གི་བྱ་བ་དེ་བཀག་ནས་གཟིགས་མོ་བ་ཚོར་ཞིབ་ལྟ་བྱ་རྒྱུའི་གོ་སྐབས་ཤིག་སྤྱིན་སོང་།

ཁོང་གིས་དུས་ཚོད་མང་དག་ཅིག་བཏང་ནས་བྱ་བ་ག་གི་མོ་ཞིག་འགྲུབ་རྗེས་དེ་གཏོར་བཤིག་གཏོང་བའི་མཚམས་སུ་རྒྱུན་ཏུ་སྐྱོ་སེམས་དང་། བློ་འགྱོད། སྟོང་ལྷང་ལྷང་གི་འཚོར་བ་ཞིག་བཅས་ཡོང་གི་འདུག དེ་རྗེས་དཀྱིལ་འཁོར་གྱི་དགོས་འདུན་ནམ་གོ་དོན་ལ་བསམ་གཞིགས་བྱས་ཚེ་གཞི་ནས་སེམས་ལ་བདེ་སྣང་ཞིག་ཡོང་གི་འདུག་ཅེས་འཛུམ་བཞིན་གསུངས།

བོད་ཡིག་གི་བྱུང་བ་བརྗོད་པ།

དེ་རྗེས་ང་ཚོའི་བོན་གྱི་འབྲི་གཟུགས་ཐོག་གི་ཆེད་མཁས་པ་ཀུན་བསལ་ཟླ་བའི་སྐོར་བརྗོད་ཀྱི་ཡིན། ཁོང་ནི་སྐྲ་གཞོགས་གཉིས་སུ་ཤད་ཅིང་སྟོད་ཐུང་སེར་མདོག་ལྷུག་ལྷུག་ཅན་ཞིག་གྱོན་པ་དང་། ལག་ངར་ཐོག་ཕྲེང་བ་དཀྲིས་པའི་གཞོན་པ་ཞིག་རེད།

ཁོང་གིས་ལོ་ན་ཉི་ཤུ་རྩ་ལྔ་བར་སློབ་གྲྭ་དང་དགོན་པའི་ནང་དུ་སློབ་གཉེར་གནང་བ་དང་། དེ་རྗེས་སྙན་གྲགས་ཅན་གྱི་མཁས་དབང་ཨ་ལགས་བོན་རྒྱའི་སྐུ་མདུན་ནས་ཡིག་ཚུགས་དང་དེ་བཞིན་བོན་གྱི་འབྲི་གཟུགས་སྨར་ཆེན་དང་སྨར་ཆུང་སོགས་མཐར་ཕྱིན་པ་སྦྱངས། སྤྱི་ལོ་༢༠༠༣ལོ་ནས་སྤྱི་ལོ་༢༠༠༤ལོ་བར། ཁོང་གིས་ཡིག་ཚུགས་འགྲན་བསྡུར་མང་དག་ཞིག་ནང་འཛུལ་ཞུགས་བྱས་པས་ཁག་སོར་བྱ་དགའ་རིམ་པ་དང་པོ་དང་གཉིས་པ་ཐོབ། དེ་རྗེས་ཁོང་རྒྱ་གར་ལ་སླེབས་པ་དང་། དེ་ནས་ཀྱང་ཁོང་གིས་བོད་ཡིག་གི་རྩོམ་ཡིག་དང་ཡིག་ཚུགས་འགྲན་བསྡུར་འགའ་ཞིག་ནང་འཛུལ་ཞུགས་བྱས།

ཁོང་གིས་བོད་ཡིག་ཐོག་མར་བྱུང་དུས་ཀྱི་སྐོར་ལ་མཁས་པ་སོ་སོའི་བཞེད་པ་གཅིག་མཐུན་མེད་ཅེས་གསུངས། དེ་ཡང་འགའ་ཞིག་གིས་ལོ་ངོ་སྟོང་ཕྲག་གསུམ་གྱི་གོང་རོལ་དུ་བྱུང་བར་སྨྲ་བ་དང་། ཡང་འགའ་ཞིག་གིས་ལོ་ངོ་ཁྲི་ཕྲག་གསུམ་གྱི་གོང་རོལ་དུ་བྱུང་བར་འདོད་ཀྱི་ཡོད་པ་རེད། གནའ་བོའི་གཏམ་རྒྱུད་ལྟར་ན་དེང་གི་ཏུར་ཀི་དང་ཨི་རན་རྒྱལ་ཁབ་ཀྱི་ས་ཆའི་ཆ་ཤས་སུ་ཆགས་པའི་གནའ་བོའི་ཞང་ཞུང་རྒྱལ་ཁབ་ཀྱི་དུས་སུ་གསར་གཏོད་བྱས་སྐད།

ཁོང་གིས་ཕུན་ཚོགས་ཚེ་རིང་གི་བཞེད་པའི་རྒྱུན་བསྐྱངས་ནས་གནའ་བོའི་བོན་གྱི་འབྲི་གཟུགས་སྨར་ཆེན་དང་སྨར་ཆུང་གཉིས་ཀྱི་ཐོག་ལ་འགྲེལ་བཤད་གནང་། ཁོང་གིས་སྨྱུག་མས་བཟོས་པའི་སྨྱུ་གུ་དེ་སྣག་བུམ་ནང་གི་སྣག་ཚར་བསྒྲེས་རྗེས་དེང་གི་བོད་ཡིག་འབྲི་གཟུགས་དང་ཧ་ཅང་འདྲ་ཆེ་བའི་སྨར་ཆུང་འབྲི་འགོ་བཙུགས་སོང་།

ཁོང་གིས་ལག་པ་ཡར་བཀྱགས་ནས་སྨྱུ་གུ་ཡང་དག་ངང་འཛིན་སྟངས་དཔེ་སྟོན་བྱས་བྱུང་། དེ་ཡང་སྨྱུ་གུ་མཛུབ་མོ་གཉིས་ཀྱི་བར་དུ་བཟུང་ནས་མཛུབ་གཉིས་བར་གྱི་སྟོང་ཆ་དེའི་ནང་ཆུ་འགྲོ་ཐུབ་པ་དགོས་པ་དང་། དེ་བཞིན་སྤར་མོའི་ནང་དུ་སྒོ་ང་ཞིག་འཛིན་ཐུབ་པའི་སྟོང་ཆ་འཇོག་དགོས་སོ།

སྟངས་སྟབས་དེའི་ཐོག་ཁོང་གིས་ཡིག་འབྲུ་ལྔ་བྲིས་སོང་། དེ་ཡང་ཐོག་མར་སྨར་ཆུང་ཡིག་འབྲུ་ལྔ་དང་དེ་ཚོའི་འོག་དེར་གོང་གི་སྨར་ཆུང་དང་མཐུན་པའི་དེང་དུས་བོད་ཡིག་ཡིག་འབྲུ་ལྔ་བྲིས། དེ་ཚོ་བྲིས་འགྲུབ་རྗེས་ཁོང་གིས་དེ་ཚོའི་མི་འདྲ་བའི་ཆ་བསྟན་བྱུང་། ཁོང་གིས་ཀ་མད་སུམ་ཅུ་ཐམ་པ་དེ་དག་རྩ་བའི་ཆ་ནས་གཅིག་མཚུངས་རེད་ཅེས་གསུངས་ནས་གཟིགས་མོ་ཚོ་ཐིག་གསལ་ལ་མི་གསལ་གྱི་ཐོག་ཏུ་ཚོས་གཞི་ནག་རྐྱང་གིས་བྲིས་པའི་ ཡིག་འབྲུ་སྐམ་ལ་མ་སྐམ་དེ་དག་དང་ཤོག་བུའི་ངོས་སུ་མུ་ཏིག་ལྟར་འོད་འཚེར་བའི་སྣག་ཚར་ཞིབ་ལྟ་བྱེད་དུ་བཅུག

བོད་ཤོག་བཟོ་བསྐྲུན་གྱི་སྐོར།

འོག་ཁང་གི་ཐབ་ཚང་ནང་དུ་ལྡེ་གུ་༼རྒྱ་ཐུག་སྦུག་སྟོང་འདྲ་ཡང་ཡུ་གུའི་ཚག་ཚེའི་དྲི་འཐུལ་བ་༽འཁོལ་བཞིན་པའི་སྐབས་སུ། ཤོག་བུའི་ལམ་བུ་དང་ བོད་ཅེས་པའི་ཚོགས་པ་མཉམ་འཛུགས་མཁན་དང་ཨིན་ཌི་ཡ་ཎ་གཙུག་ལག་སློབ་ཆེན་གྱི་ལཱི་ལཱི་དཔེ་མཛོད་ཁང་ཉར་ཚགས་སྡེ་ཚན་གྱི་མགོ་བ་ལྗིམ་ཁཱཎརཱི་ཡིས་དཔེ་ཀློག་ཚོམས་ཆེན་གྱི་མདུན་དུ་ལངས་ནས། བོད་ནང་གི་སྲོལ་རྒྱུན་བོད་ཤོག་བཟོ་རྩལ་གོ་རིམ་ལ་འགྲེལ་བཤད་བྱེད་བཞིན་འདུག ཁོང་ ནི་མི་གཟུགས་སྟོབས་ཆེ་ཞིང་ངོ་གདོང་ལ་ཨོག་ཚོམ་དཀར་ཞིང་རིང་བ་ཞིག་ལྡན་པ་དང་། མགོ་སྐྲ་རྣམས་ལྟག་རྒྱབ་ཏུ་ལྕང་ལོ་ལྷས་པ། ངོ་གདོང་ནས་ ཞི་ཞིང་འཇམ་པའི་འཛུམ་མདངས་མངོན་པ་བཅས་བལྟས་པ་ཙམ་གྱིས་གང་ལས་བཞིན་པ་དེའི་ཐོག་གི་ཆེད་མཁས་པ་ཞིག་ཡིན་པ་རྟོགས་ཐུབ།

ལྗིམ་ཁཱཎརཱི་ནི་དཔེ་དེབ་ཉར་ཚགས་མཁན་ཞིག་ཡིན་པ་ཕུད། ད་དུང་བོད་ཀྱི་སྐོར་དང་། བོད་ཤོག ཤིང་བརྐོས། པར་འདེབས། དེབ་འཚེམ། དཔེ་དེབ་ ཉར་ཚགས་བཅས་ཐོག་གི་མཁས་དབང་ཞིག་ཡིན། ཁོང་གིས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་གནས་ཁག་ལ་ཐེངས་མང་བསྐྱོད་དེ་དཔེ་བདེབ་དང་འབྲེལ་བ་ཡོད་ཚད་ཀྱི་དངོས་པོ་དཔེར་ན། ཤོག་བུ་དང་སྣག་ཚ། སྦྱིན། དེ་བཞིན་དཔེ་དེབ་འཚེམ་སྟངས་སོགས་ལ་ཞིབ་འཇུག་བྱས་པ་རེད།

ཁོང་གིས་“སྤྱི་ལོ་༡༩༩༥ལོར་ངས་བོད་ནང་ལ་བོད་ཤོག་བཟོ་བའི་སྲོལ་རྒྱུན་དེ་རྩ་སྟོངས་ཕྱིན་པ་རེད་ཟེར་བའི་གཏན་ངན་དེ་གོ་ཐོས་བྱུང་།” ཅེས་བརྗོད། དེར་བརྟེན་ཐེངས་ཞིག་ཁོང་གིས་སྒང་པ་བོད་ལ་ཕྱིན་ནས་ཁོང་ལ་བོད་ཤོག་བཟོ་རྩལ་སློབ་ཐུབ་མཁན་གྱི་བོད་ཤོག་བཟོ་མཁན་རྒད་པོ་ཞིག་བཙལ་བ་རེད། གོང་གི་ཉམས་མྱོང་དེ་ལ་བརྟེན་ནས་ཁོང་གིས་ཤོག་བུའི་ལམ་བུ་དང་བོད་ཅེས་པའི་ཚོགས་པ་དེ་བཙུགས། ཀུན་ཕན་ཐེབས་རྩ་ཚོགས་པས་བོད་ ནང་གི་ཚོགས་པ་འདྲ་མིན་དང་། སློབ་གྲྭ་ཁག དེ་བཞིན་དྭ་ཕྲུག་ཁང་བཅས་ལ་སྲོལ་རྒྱུན་བོད་ཤོག་བཟོ་སྟངས་ཀྱི་ལག་རྩལ་སློབ་ཁྲིད་བྱས་ཏེ་མི་དེ་ ཚོར་རང་ཁ་རང་གསོའི་ཡོང་འབབ་ཀྱི་འབྱུང་ཁུངས་ཤིག་མཁོ་སྤྲོད་བྱེད་མཁན་གྱི་ཚོགས་པ་འདིར་རོགས་སྐྱོར་བྱ་རྒྱུ་བྱུང་བར་སྤོབས་སེམས་སྐྱེ་བཞིན་ ཡོད།

ལྗིམ་ཁཱཎརཱི་ཡིས་ལག་ནང་དུ་རྩི་ཤིང་གི་རྩ་བ་རྡུམ་ཞིང་སྨུག་པ་ཞིག་བཟུང་ནས། “འདི་ནི་ར་དུག་རེ་ལྕག་ཅེས་པའི་རྩི་ཤིང་ཞིག་གི་རྩ་བ་རེད། རྩ་བ་འདིར་དུག་ཤེད་ལྡན་ཕྱིར་འདི་ལས་བཟོས་པའི་ཤོག་བུ་དག་འབུ་དང་ཙིག་སོ་ཅན་གྱི་སྲོག་ཆགས་ཀྱིས་ཟ་ཡི་མེད་པས། ཤོག་བུ་དེ་དག་ཡུན་ རིང་གནས་ཀྱི་ཡོད་”ཅེས་གསུངས།

ཤོག་བུ་རིགས་གཞན་ཞིག་ནི་ཤིང་མཚེའི་རིགས་༼མེ་ཏོག་ཅན་༽ཀྱི་རྩི་ཤིང་ཞིག་གི་མྱུ་གུ་གསར་པ་ལས་བཟོ་ཡི་ཡོད། སྲོལ་རྒྱུན་བོད་ཤོག་བཟོ་བའི་གྲ་ སྒྲིག་ལས་ཀ་ནི། ཐོག་མར་ཤོག་བུ་བཟོ་མཁན་གྱིས་རྩི་ཤིང་གི་ཕྱི་ཤུན་ལེན་པ་དང་དེ་རྗེས་གྲི་ཞིག་གིས་བྲད་བརྡར་བྱས་ཏེ་སྙིང་པོ་ལེན་དགོས། དེ་རྗེས་ཟོམ་ཞིག་ནང་ཤིན་ཏུ་འཇམ་པོ་ཆགས་ནས་དབྲལ་མ་ཐུབ་བར་བཙོ་དགོས། བཟོ་མཁན་གྱིས་དེ་རྗེས་ཕྱེ་མ་རྩམ་པ་འདྲ་བ་ཞིག་མ་ཆགས་བར་ཤིང་གི་ ཐོ་བས་བརྡུང་དགོས་ཞེས་ཁོང་གིས་འགྲེལ་བཤད་བརྒྱབས།

ཁོང་གིས་འདི་ལྟར་བྱས་ཚེ་ཤོག་བུ་ཤིན་ཏུ་མཁྲེགས་པོ་ཆགས་ཀྱི་ཡོད་ལ་བོད་ཤོག་གིས་བཟོས་པའི་བོད་ཀྱི་དཔེ་ཆ་དག་མི་རབས་མང་པོའི་རིང་གནས་པའི་རྒྱུ་མཚན་ཡང་འདི་རེད་ཅེས་མུ་མཐུད་འགྲེལ་བཤད་བྱས།

ཁོང་གིས་ང་ཚོར་ལྡེ་གུ་བཟོས་པའི་རྒྱུ་ཆ་ཐོབ་རྗེས་ཆུ་ཟོམ་ཆེན་གང་དགོས། དེ་བཞིན་ཆུ་གཞོང་ཆེན་གང་བཅས་དགོས། དེ་རྗེས་ང་ཚོས་དར་ཚགས་ ཤིག་བཟོ་དགོས་ཀྱི་ཡོད་ཅེས་གསུངས། དེ་རྗེས་ཁོང་གིས་“ང་ཚོས་ཆུའི་ནང་དུ་དར་ཚགས་བཞགས་རྗེས་ཤིང་ཤུན་གྱིས་བཟོས་པའི་ལྡེ་གུ་དེ་དར་ ཚགས་ཀྱི་ངོས་སུ་སྙོམ་པོར་བགོ་འགྲེམས་བྱ་དགོས། དེས་ན་དར་ཚགས་ཀྱིས་ཤོག་བུའི་བང་རིམ་ལེགས་པོ་ཞིག་འགྲུབ་ཀྱི་ཡོད་”ཅེས་གསུངས།

ལྡེ་གུ་སྦགས་འདོན་བྱས་རྗེས་ཆུ་སྐམ་དུ་འཇུག་དགོས། དེ་རྗེས་དར་ཚགས་དེ་ཉི་མར་བསྲོས་ནས་ཤོག་བུ་སྐམ་དགོས། ཤོག་བུ་སྐམ་རྗེས་ཤོག་བུ་བཟོ་ མཁན་གྱིས་དར་ཚགས་ཁ་སྦུབ་བསློགས་ཏེ་རྔ་རྡུང་པ་ལྟར་ཐུག་ཐུག་གཞུས་ནས་ཤོག་བུ་ལེན་དགོས།

མཐའ་མ་དེར་ལྗིམ་གྱིས་ཁོང་གི་དགའ་མོས་དང་འབྲེལ་བའི་དངོས་པོ་གཞན་གྱི་ཐོག་ལ་འགྲེལ་བཤད་བརྒྱབས་བྱུང་། དེ་ཡང་ཁོང་གིས་དཔེ་ཆའི་ཤོག་ ལྷེ་ནག་པོ་ཞིག་ལག་ཏུ་བཟུང་སྟེ་དེའི་ཤོག་ངོས་ཀྱི་ལ་རྩི་དེ་སྦྱིན་དང་། ཀླད་པ། དུ་དྲེག་བཅས་ཀྱིས་གང་འདྲ་སེ་བཟོས་པ་དང་དེ་ནས་དེ་ཤོག་བུར་ ཚོན་གཏོང་ཆེད་ཀྱི་སོལ་ཕག་ལྟ་བུ་ཞིག་ཆགས་པའི་སྐོར་ལ་འགྲེལ་བཤད་བྱས། དེ་བཞིན་གསེར་ཆུ་༼གསེར་གྱིས་བཟོས་པའི་སྣག་ཚ་༽ཡི་ངོས་ནས་ བརྗོད་ན། སྒྱུ་རྩལ་མཁན་གྱིས་སྦྱར་ཚིའི་ནུས་པའི་འཐོན་ཆེད་གསེར་གྱི་ནང་དུ་སོ་མ་ར་ཙའི་འབྲས་བུ་སྡེབ་ཀྱི་ཡོད་པའི་སྐོར་དང་། དཔེ་ཆའི་མཐའ་ སྣེར་མཐིང་ཚོས་བྱུགས་པའི་སྐོར་བཅས་གསུངས་བྱུང་། ལྗིམ་གྱིས་ཕྱེ་གཟུགས་འཕྲོ་འོད་ཀྱི་གློག་པར་ལ་བརྟེན་ནས་གནའ་དཔེའི་ཤོག་བུའི་ནང་ཞ་ཉེ་ འམ་དངུལ་ཆུ་དེ་བཞིན་མཚམས་རེ་མཚལ་ལྟ་བུའི་གྲུབ་ཆ་ཅི་ཞིག་ལྡན་ཡོད་མེད་དབྱེ་ཞིབ་བྱེད་ཐུབ་ཀྱི་ཡོད།

ཁོང་གིས་ཕུ་ཐུང་བརྫེས་ནས་ཚོགས་ཆུང་ནང་གི་མི་རྣམས་ཕྱི་རོལ་དུ་ཁྲིད་དེ་དམར་ཁྲིད་མ་བྱས་གོང་གཟིགས་མོ་བ་ཚོས་ཁོང་ལ་དྲི་བ་ཞིག་དྲིས་སོང་།

བུད་མེད་ཞིག་གིས་བློ་ངར་ལྡན་པའི་ངང་ཀླད་པ་ཞེས་ན་ཀླད་པའི་རིགས་ཅི་འདྲ་ཞིག་ཡིན་ནམ་ཞེས་དྲིས།

ལྗིམ་གྱིས་འཛུམ་མུལ་མུལ་ངང་དེ་ནི་གཡག་དང་། ལུག ཡང་ན་ར་ཡི་ཀླད་པ་རེད་ཅེས་ལན་བཏབ།

ཕྱི་རོལ་དུ་གཟིགས་མོ་བ་ཚོས་ཁོང་གི་མཐའ་སྐོར་དུ་བསྡད་པ་དང་། ཁོང་གིས་ཆེས་ཆེ་བའི་ཁོག་མ་ཞིག་གི་ནང་ནས་རྒྱ་ཐུག་སྦུག་སྟོང་འདྲ་བའི་ལྡེ་གུ་སྦར་མོ་གང་བླངས་ཏེ། གཟིགས་མོ་ཚོར་དེ་གང་འདྲ་སེ་སྙི་མོ་མ་ཆགས་བར་ཤིང་གི་ཐོ་བས་ཞིབ་མོར་རྡུང་དགོས་པ་མིག་ལ་བསྟན། གཟིགས་མོ་བ་ རྒན་གཞོན་ཚང་མས་ཁང་པའི་ཁྱམས་སྟེགས་སུ་རང་ཉིད་ཀྱི་ལག་པ་སྒུལ་ནས་ཤིང་ཤུན་བརྡུངས་། ཁོ་ཚོས་རྡུང་ཚད་རན་པོ་བྱུང་ཡོད་སྙམ་པའམ་མ་མཐའ་ཡང་ལྡེ་གུ་ཆགས་ཡོད་སྙམ་ཚེ། ལྗིམ་གྱི་གམ་དུ་སོང་ནས་འཚམས་པོ་བྱུང་ཡོད་མེད་བཀའ་འདྲི་ཞུ་གི་ཡོད། མཚམས་རེ་ཁོང་གིས་མགོ་བོ་ལྕོག་ ལྕོག་བྱས་ཏེ་དེ་དག་ཤེལ་གྱི་སྒྲོག་ཙེའི་སྒང་དུ་ཕུང་གསོག་བརྒྱབས་པའི་ལྡེ་གུ་གཞན་དང་མཉམ་དུ་འཇོག་པ་དང་། ཡང་མཚམས་རེ་ཁོང་གིས་ཡང་ བསྐྱར་རྡུང་བཅུག་གི་ཡོད།

མི་རྣམས་ཐང་ཆད་ནས་ལྡེ་གུ་རི་ལྟར་སྤུངས་པས་ན་ལྗིམ་གྱིས་ཤོག་བུ་བཟོ་བའི་མཐའ་མའི་གོ་རིམ་དེ་དམར་ཁྲིད་བྱེད་ཀྱི་ཡོད། དེ་ཡང་ཆུ་གཞོང་པ་ གང་གི་ནང་དུ་རས་སྒྲོམ་ཞིག་འཕྱོ་བར་བྱས་ནས་དེའི་ཐོག་ལྡེ་གུ་དག་ཆ་སྙོམ་པོའི་ངང་བགོ་འགྲེམས་བྱ་རྒྱུ་དེ་རེད། མཐའ་མར་བྱ་རྒྱུར་ལུས་པ་ནི་ རས་སྒྲོམ་དེ་ཉི་མར་བསྲོ་རྒྱུ་དེ་རེད། ལྗིམ་གྱིས་དེ་རིང་ལྟ་བུའི་གཞའ་ཚན་ཅན་གྱི་ཉིན་མོ་ཡིན་ཚེ་དུས་ཚོད་ཏོག་ཙམ་འགོར་གྱི་ཡོད་ཅེས་གསུངས་སོང་བས། སྒྱུར་རྩལ་མཁན་དང་མགྲོན་པོ་རྣམས་དཔེ་མཛོད་ཁང་དུ་ལོག་སྟེ་ཐོག་མའི་གདན་ཞུས་ཀྱི་དམིགས་འདུན་ལྟར། ལག་བཟོས་ཤོག་བུ་དང་ཡིག་ ཚུགས་ཉོ་བ་དང་། བྱེ་མའི་ཐོག་ཏུ་རང་ཉིད་ཀྱི་མིང་འབྲི་བ། བཤམས་སྟོན་བྱས་པའི་བརྗིད་ཆགས་ཅན་གྱི་སྒྱུ་རྩལ་ཐོན་རྫས་ལ་རིན་གོང་རྒྱག་པ་བཅས་ བྱས།

ང་ཚོས་ལ་རྩེ་དཔེ་མཛོད་ཁང་བརྒྱུད་བྱེད་སྒོ་འདི་ང་ཚོའི་དྲིལ་བསྒྲགས་ལས་གཞིའི་ཆ་ཤས་ཤིག་དང་། དེ་བཞིན་ང་ཚོས་བོད་ཀྱི་སྒྱུ་རྩལ་དང་། སྐད་ཡིག རིག་གནས་སྲུང་སྐྱོབས་བཅས་ཀྱི་ཐོག་ཏུ་དོན་འཁྱོལ་བྱེད་བཞིན་པའི་ཁས་ལེན་གྱི་ཆ་ཤས་ཤིག་ཏུ་འཛིན་ནས་བོད་ཡིག་ཡིག་གཟུགས་སྒྱུ་རྩལ་ གྱི་སྒྱུ་རྩལ་མཁན་དང་ཆེད་མཁས་རྣམས་ལ་སྣེ་ལེན་བྱ་རྒྱུ་བྱུང་བར་སྤྲོ་སེམས་རབ་ཏུ་ལྡན་བྱུང་། དེས་ན་དམིགས་བསལ་གྱི་བྱེད་སྒོ་འདི་ལེགས་འགྲུབ་ ཡོང་བའི་ཆེད་དུ་འབད་པ་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བརྩམས་ཆོས་འདི་དག་ནས་འགའ་ཞིག་ད་དུང་ལྷག་ཡོད་པས། ཉོ་འདོད་ ཡོད་ཚེ་ང་ཚོའི་དྲྭ་གནས་ཀྱི་**gallery link*སྒྱུ་རྩལ་*བར་ཁྱམས་ལ་གཟིགས་ནས་ཡིག་སྒམ་ཁ་བྱང་events@trace.org བརྒྱུད་དེ་འབྲེལ་གཏུག་གནང་རོགས།