མ་བྲག་སྲིན་མོ་དང་ཌེ་ནི་སོ་ཝ་མི།

2023 / 12 / 27

**——**སྒང་པ་བོད་དུ་ཌེ་ནི་སོ་ཝ་མིའི་འཚོ་ཤུལ་རྙེད་པའི་གལ་གནད་གླེང་བ།

གླེང་བརྗོད།

ཌེ་ནི་སོ་ཝ་མིའི་འཚོ་ཤུལ་གང་ནས་ནམ་ཞིག་ལ་རྙེད་པ་དང་། དེ་ཡི་རིན་ཁང་དང་དོན་སྙིང་སོགས་མ་གླེང་གོང་། མ་མཐའ་ཡང་ཌེ་ནི་སོ་ཝ་མི་ཞེས་པ་དེ་ཅི་ཞིག་ཡིན་པ་རོབ་ཙམ་ཤེས་ན་མ་གཏོགས་ངོ་སྤྲོད་བྱེད་ཁག་པོ་ཡིན། གོ་བདེ་བར་བཤད་ན། ཌེ་ནི་སོ་ཝ་མི་ནི་རང་རེའི་བོད་ཀྱི་ལོ་རྒྱུས་དེབ་ཐར་ཁག་ན་གསལ་བའི་གྱད་མི། ཡང་ན་མི་རྒོད་ཟེར་བ་དང་འདྲ་བའི་བསྐལ་བ་ཡ་ཐོག་གི་མིའི་རིགས་ཤིག་ཡིན།

ཌེ་ནི་སོ་ཝ་མི།

དབྱིན་ཡིག་ཏུ DENISOVAN དང་།  རྒྱ་ཡིག་ཏུ丹尼索瓦人ཞེས་སྒྲ་བསྒྱུར་བྱས་འདུག གསར་བྱུང་གི་བརྡ་ཆད་ཅིག ཡང་ན་གསར་བྱུང་གི་མིང་ཚིག་ཅིག་བོད་ཀྱི་སྐད་ཡིག་ཏུ་སྒྱུར་དུས། ངེས་པར་དུ་མཉམ་འཇོག་ས་འགའ་ཡོད། ཐོག་མར་བོད་རང་གི་སྐད་ཡིག་གི་ཁྱད་ཆོས་དང་མཐུན་དགོས། བསྒྱུར་བྱའི་མིང་ཚིག་དེ་སྒྲ་སྒྱུར་དང་དོན་སྒྱུར། ཡང་ན་སྲེ་སྒྱུར་གང་གི་ལམ་ནས་བསྒྱུར་ན་ད་གཟོད་བརྗོད་བྱའི་ནང་དོན་མ་འཛོལ་བ། ཁར་བདེ་རྣར་སྙན། ཁྱད་ཆོས་འབུར་དུ་ཐོན་མིན་ལ་བལྟ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། དེར་གཞིགས་ནས་ཌེ་ནི་སོ་ཝ་མི་ཞེས་པའི་བརྡ་ཆད་འདི་བོད་ཡིག་བོད་སྐད་དུ་ཕབ་སྐབས། ཌེ་ནི་སོ་ཝན་དང་། ཌེ་ནི་སོ་ཝ་མི། ཌེ་ནི་སོ་ཝ་པ་བཅས་སུ་བསྒྱུར་ཆོག ཡིན་ན་ཡང་དངོས་པོ་ཞིག་ལ་མིང་གཅིག་ལས་དུ་མ་ཡོང་མི་རུང་ན། དེ་གསུམ་ལས་འཚམ་ཤོས་དེ་གདམ་དགོས། བརྡ་ཆད་དེས་མཚོན་པའི་བསྐལ་བ་ཡ་ཐོག་གི་མིའི་རིགས་དེའི་ཁྱད་ཆོས་གཙོ་བོ་ཞིག་ནི་མིའི་རིགས་ཡིན་པ་དེ་འབུར་དུ་ཐོན་སླད་ཌེ་ནི་སོ་ཝ་མི་ཞེས་སྲེ་སྒྱུར་གྱི་ལམ་ནས་མིང་གཏན་ལ་ཕབ་ཚེ་འོས་ཤིང་འཚམ་པ་དང་། བོད་རང་གི་མིང་འདོགས་སྟངས་གྱད་མི་དང་སྤྲ་མི་སོགས་མིའི་ཁྱད་ཆོས་ལྡན་པའི་དམིགས་བསལ་སྲོག་ཆགས་མཚོན་པའི་བརྡ་ཆད་དང་ཡང་མཐུན་པར་འདོད། དེ་བས་ན། གཤམ་གྱི་ཡི་གེའི་ནང་བསྐལ་བ་ཡ་ཐོག་གི་མིའི་རིགས་དེ་ལ་ཌེ་ནི་ས་ཝ་མི་ཞེས་འབོད་རྒྱུ་ཡིན།

ཝི་ཀི་ཕེ་ཌི་ཡ (Wikipedia) ལྟར་ན། ཌེ་ནི་སོ་ཝ་མི་ནི་འགྲོ་བ་མིའི་རིགས་རྒྱུད་ཁྲོད་ཀྱི་གནའ་སྔ་མོ་ནས་སྟོངས་ཟིན་པ་དང་། གནའ་བོའི་མིའི་ལྷུ་ལག་སོགས་རྡོ་འགྱུར་གྱི་རིགས་རྫས(DNA)ལས་རྙེད་ཅིང་ཤེས་པའི་མིའི་རིགས་ཤིག་ཡིན་པ་དང་། ཧ་ལམ་འཁྱགས་རོམ་གྱི་དུས་རབས་ཡང་ན་འཇིག་རྟེན་ཡང་ཆགས་ཀྱི་སྨད་དུ་ཨེ་ཞི་ཡ་གླིང་ཆེན་དུ་འཚོ་ཞིང་གནས་པའི་བསྐལ་བ་ཡ་ཐོག་གི་མིའི་རིགས་ཤིག་ཡིན། ཞེས་བཀོད་འདུག

ཚན་རིག་པས་ཌེ་ནི་སོ་ཝ་མི་ཞེས་པ་ཞིག་གོ་ལ་འདིའི་སྟེང་འཚོ་མྱོང་བ་ཤེས་རྟོགས་བྱུང་ཡང་། རྩ་སྟོངས་སུ་སོང་བའི་རྒྱུ་མཚན་ད་དུང་ཤེས་ཐུབ་མེད།

མི་ལོ ༡༦༠༠༠༠ ཡར་སྔོན་གྱི་ཌེ་ནི་སོ་ཝ་མིའི་འགྲམ་རུས་བོད་ནས་ཐོན།

༢༠༡༩ ལོའི་ཟླ ༥ པའི་ཚེས ༢ ཉིན། རྒྱལ་སྤྱིའི་རིག་གཞུང་དུས་དེབ་རྩེ་གྲ༼རང་བྱུང༽ཞེས་པའི་སྟེང་སྤེལ་བའི་དཔྱད་རྩོམ་ཞིག་ཏུ།  བོད་མདོ་སྨད་བླ་བྲང་རྒན་གྱ་བྲག་དཀར་གྱི་བྲག་ཕུག་ཅིག་ལས་གནའ་བོའི་མིའི་རིགས་ཀྱི་སོ་གཉིས་འབྱར་བའི་འགྲམ་རུས་ཡ་གཅིག་རྙེད་སོན་བྱུང་པ་དང་། འགྲམ་རུས་དེ་མ་མཐའ་ཡང་ལོ་ངོ ༡༦༠༠༠༠ ཡར་སྔོན་གྱི་ཌེ་ནི་སོ་ཝ་མི་ཡིའི་འགྲམ་རུས་ཀྱི་འགྱུར་རྡོ་ཞིག་ཡིན་པ་ཚན་རིག་པས་དཔྱད་ཞིབ་བརྒྱུད་ངོས་བཟུང་ཡོད།

གོང་ཞུས་དཔྱད་རྩོམ་དེ་རྒྱ་ནག་ལན་གྲུ་སློབ་ཆེན་གྱི་སློབ་དཔོན་སྐུ་ཞབས་ཁྲིན་ཧྥ་ཥུ(陈发虎)དང་སློབ་དཔོན་གཞོན་པ་ལྕམ་ཀྲང་ཏོང་ཇུ(张东菊)། དེ་མིན་འཇར་མེན་མཱག་ཕུ་ལན་ཀི་འགྲོ་བ་མི་འཕེལ་འགྱུར་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཧུབ་ལེན(Jean-Jacques Hublin) བཅས་ཁོང་རྣམ་པ་གསུམ་མཉམ་རུབ་ཀྱིས་བྲིས་པ་ཞིག་རེད།

ཌེ་ནི་སོ་ཝ་མི་ནི་བསྐལ་བ་ཡ་ཐོག་གི་མིའི་རིགས་ཤིག་ཡིན་ཞིང་།  ཌེ་ནི་སོ་ཝ་མི་ཡང་ང་ཚོ་ནང་བཞིན་རྐང་པ་གཉིས་ཀའི་སྟེང་ཡར་ལངས་ནས་འགྲོ་སྐྱོད་བྱེད་ཀྱིན་ཡོད་མོད།  དེང་རབས་མིའི་རིགས་དང་རྡོ་ཆས་རྙིང་མའི་སྐབས་ཀྱི་ནེ་ཨན་ཌེར་ཐ་ལན་སེ་སི་བ (Neanderthalensis)དང་རྦད་དེ་ཁ་ཁ་སོ་སོ་ཡིན། ཡིན་ན་ཡང་། ནེ་ཨན་ཌེར་ཐ་ལན་སེ་སི་བ་དང་ཌེ་ནི་སོ་ཝ་མི་གཉིས་ནི་མེས་པོ་གཅིག་ནས་ཆད་པའི་ཕུ་ནུ་ལྟ་བུའི་འབྲེལ་བ་ཡིན།

༢༠༠༨ ལོར་སི་བྷི་རི་ཡའི[1] ལྷོ་རྒྱུད་ཨལ་ཐེ་རི་བོའི་ཌེ་ནི་སོ་ཝ་བྲག་ཕུག་ནས་ཐོག་དང་པོར་བསྐལ་བ་ཡ་ཐོག་གི་མིའི་རིགས་དེའི་རུས་པའི་འགྱུར་རྡོ་ཆུང་ཆུང་འགའ་རྙེད་ཅིང་། དེ་ནས་འགྱུར་རྡོ་རྙེད་སའི་བྲག་ཕུག་དེའི་མིང་གནའ་བོའི་མིའི་རིགས་དེ་ལ་ཐོགས་ནས་ད་ལྟ་ཌེ་ནི་སོ་ཝ་མི་ཞེས་འབོད་ཀྱིན་ཡོད།

སྐབས་དེར་མཛུབ་མོའི་རུས་པ་ཆུང་ཆུང་ཞིག་དང་སོ་རུས་འགའ་རྙེད་པ་དང་། རིགས་རྫས་ཞིབ་དཔྱད་ལས་འགྱུར་རྡོ་དེ་ལོ་ན ༥ ནས ༧ བར་གྱི་བུ་མོ་ཞིག་གི་མཛུབ་མོའི་རུས་པ་ཡིན་པ་ངོས་འཛིན་བྱས་ནས། དེ་ལ X བུ་མོ་ཞེས་བཏགས་པ་རེད། ཌེ་ནི་སོ་ཝ་བྲག་ཕུག་ཏུ་རྙེད་པའི་འགྱུར་རྡོ་དག་ལ་ཌེ་ནི་སོ་ཝ་མི ༣ པ། ཌེ་ནི་སོ་ཝ་མི ༤ པ། ཌེ་ནི་སོ་ཝ་མི ༨ པ་ཞེས་དབྱེ་ཡོད་པ་དང་། ༣ པ་དེ་ན་ཆུང་བུ་མོ་ཞིག་ཡིན་པ་དང་། ༤པ་དང ༨ པ་གཉིས་སྐྱེས་པ་དར་མ་ཞིག་ཡིན་པ་ངོས་བཟུང་ཡོད།

ད་ལམ་སྒང་པ་བོད་དུ་ཌེ་ནི་སོ་ཝ་མིའི་འགྱུར་རྡོ་རྙེད་པར་དོན་རྙིང་ཧ་ཅང་གི་ཆེན་པོ་ཡོད། རྒན་གྱའི་ཌེ་ནི་སོ་ཝ་མི་ཞིབ་འཇིག་བྱེད་མཁན་གྱི་གྲས་ལན་གྲུ་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་གཞོན་པ་ལྕམ་ཀྲང་ཏོང་ཇུ་ཡིས། “སྒང་པ་བོད་དུ་འགྲོ་བ་མིའི་ལས་འགུལ་བྱུང་བའི་ལོ་རྒྱུས་དེ་ད་ལྟ་མི་ལོ ༤༠༠༠ མིན། མི་ལོ ༡༦༠༠༠༠ ཡིན་པ་ར་འཕྲོད་ཡོད།  ཌེ་ནི་སོ་ཝ་མིའི་རུས་པའི་འགྱུར་རྡོ་ཞིག་བོད་ནས་རྙེད་པ་དེ་དགེ་མཚན་མང་པོ་ཡོད་པའི་ནང་ནས་གལ་ཆེ་ཤོས་ཤིག་ནི། ཌེ་ནི་སོ་ཝ་མི་ཤར་ཨེ་ཞི་ཡ་ས་ཁུལ་དུ་འཚོ་གནས་བྱས་ཡོད་པ་འགྲམ་རུས་འགྱུར་རྡོ་དེས་བདེན་དཔང་བྱས་ཡོད་ལ། ཌེ་ནི་སོ་ཝ་མིའི་འགྲམ་རུས་ཕྱེད་ལས་ལྷག་ཞིག་རྙེད་པ་དེས་ཌེ་ནི་སོ་ཝ་མིར་ཞིབ་འཇུག་བྱེད་རྒྱུར་བར་སྟོང་ཆེན་པོ་ཞིག་བསྐྲུན་ཡོད” ཅེས་འགྲེལ་བརྗོད་བྱས་འདུག

དེ་ལས་ཀྱང་གལ་འགངས་ཆེ་བའི་དོན་སྙིང་ཞིག་ནི། འགྲོ་བ་མིའི་ཆད་ཁོངས་གང་ཡིན་ཡང་བསྐྱར་ངོས་འཛིན་བྱེད་རྒྱུར་ཐུག་ཡོད་པ་དང་། དེ་བཞིན་དུ་འཛམ་གླིང་ལེགས་བྱང་ངམ་དཔལ་ཡོན་ཀྱི་བྱུང་ས་འབྱུང་ཡུལ་དེ་གངས་ཅན་བོད་ལ་ཐུག་གིན་ཡོད་ན། གངས་ལྗོངས་ཡུལ་ནི་འགྲོ་བ་མིའི་དཔལ་ཡོན་གྱི་འབྱུང་ཁུངས་ཡིན་ཡང་སྲིད།

འབྲེལ་ཡོད་ཞིབ་འཇུག་ཚན་པས་རྒན་གྱའི་ཌེ་ནི་སོ་ཝ་མིའི་འགྲམ་རུས་གཡས་པ་དེའི་སྟེང་ནས་རིགས་རྫས་ལེན་ཐབས་བྱས་ཀྱང་ལམ་ལྷོངས་མ་བྱུང་སྟབས། ཌན་མེག་དང་འཇར་མེན་གྱི་རིག་གཅིག་རྐང་འཛིན་ཆེད་མཁས་པས་སྤྲི་དཀར་བརྟག་དཔྱད་ཀྱི་ཐབས་ལ་བརྟེན་ནས་ཞིབ་དཔྱད་བྱས་ཤིང་། རྒན་གྱའི་བྲག་ཕུག་ནས་རྙེད་པའི་འགྲམ་རུས་འགྱུར་རྡོ་དེ་དང་ཨེལ་ཐེ་རི་བོའི་ཌེ་ནི་སོ་ཝ་བྲག་ཕུག་ནས་རྙེད་པའི་ཌེ་ནི་སོ་ཝ་མི་གཉིས་ཐག་ཉེ་ཤོས་ཀྱི་ཉེ་འབྲེལ་ཡིན་པ་ཤེས། དེ་བས་ན། རྒན་གྱའི་བྲག་དཀར་གྱི་བྲག་ཕུག་ནས་ཐོན་པའི་གནའ་བོའི་མིའི་རིགས་ཀྱི་འགྲམ་རུས་ཀྱི་འགྱུར་རྡོ་དེ་སྒང་པ་བོད་གི་ཌེ་ནི་སོ་ཝ་མི་ཡིན་པ་དོགས་པ་མེད་པར་ངོས་འཛིན་བྱས་ཡོད་པ་རེད།

རྒན་གྱའི་བྲག་ཕུག་ནས་ཐོན་པའི་འགྲམ་རུས་འགྱུར་རྡོ་དེ་ལོ་ག་ཚོད་ཅིག་ཡིན་ནམ་ཞེ་ན། ཐེ་ཝན་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཧྲིན་ཁྲུན་ཀྲུག(沈川洲)གིས་འགྱུར་རྡོའི་ཕྱིའི་རྡོ་ཞོའི་འཐུག་ཚད་ལ་ཟེར་ཏུས་ལྕགས་རྡོ་མ་ལག་ལྟར་བརྟག་ཞིབ་བྱས་པར་གཞིགས་ན། འགྱུར་རྡོ་དེ་ཉུང་མཐའ་ཡང་མི་ལོ ༡༦༠༠༠༠ སྔོན་གྱི་འགྱུར་རྡོ་ཞིག་ཡིན་པ་ངོས་བཟུང་།

དེའི་མིང་ལ་རྒན་གྱའི་ཌེ་ནི་སོ་ཝ་མི་ཟེར་དགོས།

ལན་གྲུ་སློབ་ཆེན་གྱི་རྒྱ་རིགས་སློབ་དཔོན་གཉིས་དང་འཇར་མེན་གྱི་ཞིབ་འཇུག་པ་གཅིག་བཅས་མཉམ་རུབ་ཀྱིས་བྲིས་པའི་དཔྱད་རྩོམ་དེའི་ནང་། ཞཱ་ཥིག(夏河)གི་ཌེ་ནི་སོ་ཝ་མི། བསྡུས་མིང་ལ་ཞཱ་མི(夏人)ཞེས་མིང་བཏགས་འདུག

ཡིན་ན་ཡང་། མིང་དེ་ལྟར་བཏགས་པར་སྐྱོན་ཁ་ཤས་མཐོང་སོང་། ཞཱ་ཥིག་ཅེས་པ་ནི་བསང་ཆུ་དང་བསང་ཆུ་རྫོང་གི་རྒྱ་སྐད་ཀྱི་མིང་རེད། བསང་ཆུ་ནི་མགོ་ཁུངས་མཚོ་སྔོན་ན་ཡོད་ཅིང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་ལིན་ཞཱ་ཧུའེ་རིགས་རང་སྐྱོང་ཁུལ། བླ་བྲང་བཅས་བརྒྱུད་ནས་མཐར་རྨ་ཆུར་འདྲིས་ཡོད་པའི་རིང་ཚད་ན་སྤྱི་ལེ ༢༠༣ ཅན་གྱི་ཆུ་བོ་ཞིག་གི་མིང་ཡིན་ཞིང་། བླ་བྲང་ཁོངས་སུ་བཞུར་བའི་བསང་ཆུའི་རིང་ཚད་ན་སྤྱི་ལེ ༡༠༠ ལྷག་ཡོད། བསང་ཆུ་རྫོང་ནི་སྤྱི་ལེ་གྲུ་བཞི་མ ༦༦༧༤ ཡོད་པའི་རྒྱ་ནག་གཞུང་གི་ཆ་བགོས་ལྟར་གྱི་གཞི་རིམ་རྫོང་ཞིག་གི་མིང་ཡིན་པས། བསང་ཆུ་དང་བསང་ཆུ་རྫོང་གང་ཡིན་ཡང་ཁྱབ་རྒྱ་ཆེ་དྲགས་པས་སྐྱོན་ཡོད།  དེ་མིན་ནམ་རྒྱུན་ས་གནས་དང་ཕྱི་རོལ་གྱི་བོད་མི་ཚོས་བླ་བྲང་ཟེར་བ་ལས་བསང་ཆུ་རྫོང་མི་ཟེར།

གནའ་དཔྱད་རིག་པའི་ཐུན་མོང་གི་རིག་གནས་ཤིག་གམ། ཡང་ན་ལམ་སྲོལ་ལྟར་ན། གནའ་བོའི་མཁར་ཤུལ་དང་བང་སོ། ཡང་ན་འགྱུར་རྡོ་སོགས་རྙེད་སོན་བྱུང་སྐབས། གང་ཞིག་གང་ནས་ཐོན་པའི་ཏག་ཏག་ས་གནས་དེ་མིང་དུ་འདོགས་རྒྱུའི་ལུགས་སྲོལ་ཞིག་གོ་ལ་ཤར་ནུབ་ཀུན་ཏུ་རིག་གནས་ཤིག་གི་ངོ་བོས་ཆགས་ཡོད་པས། སྒང་པ་བོད་དུ་རྙེད་པའི་བསྐལ་བ་ཡ་ཐོག་གི་ཌེ་ནི་སོ་ཝ་མིའི་འགྲམ་རུས་འགྱུར་རྡོ་དེ་གང་ནས་ཐོན་པའི་ས་ཁུལ་དེའི་མིང་དེ་ལྟར་དུ་བཏགས་པ་ཡིན་ན་དེ་ལ་དགོས་པ་དང་རྒྱུ་མཚན་ཆེ་བ་དང་། ཞིབ་འཇུག་གི་ཐད་ནས་ཀྱང་རིན་ཐང་ཆེན་པོ་ཡོད་པར་སྙམ། དེ་བས་ན། འགྱུར་རྡོ་ཐོན་ས་དེ་བོད་མདོ་སྨད་བླ་བྲང་རྒན་གྱའི་བྲག་དཀར་གྱི་བྲག་ཕུག་ཅིག་ཡིན་སྟབས། རྒན་གྱའི་ཌེ་ནི་སོ་ཝ་མི་ཞེས་བཏགས་ཚེ་འོས་ཤིག་འཚམས་པ་མ་ཟད། དོན་གྱིས་ཀྱང་དེ་བཞིན་ནོ།།

བོད་མའི་ལུས་སྟེང་ན་ཌེ་ནི་སོ་ཝ་མིའི་རིགས་རྗས་ཡོད།

གཤམ་དུ་འགྱུར་རྡོ་དེ་སྒང་པ་བོད་ནས་ཐོན་པའི་དགེ་མཚན་སྐོར་ནས་ཅུང་ཞིག་གླེང་ན་བསམ་བྱུང་།

གཅིག་བགྱིས་ན་བོད་པ་མང་པོ་ཞིག་གིས་མཐོང་ཡོད་རྒྱུ་མ་རེད། མཐོང་ཡང་དོ་སྣང་བྱས་མེད། ༢༠༡༤ ལོར་ཚན་རིག་དུས་དེབ ༼རང་བྱུང༽སྟེང་ཞིབ་འཇུག་དཔྱད་རྩོམ་ཞིག་ཐོན་པ་རེད། དཔྱད་རྩོམ་དེའི་ནང་བོད་མིའི་ལུས་སྟེང་ན་འཕྲད་ཐིག་ཚད་ལོད་མཐོ་སར་འཚོ་གནས་ཐུབ་པའི་ཌེ་ནི་སོ་ཝ་མི་ནས་ཆད་པའི་རྒྱུད་པ་ཐ་དད་དུ་གྱུར་བའི EPAS1(Endothelial PAS Domain Protein 1) ཡོད་པ་བཀོད་ཡོད། དེས་ན། བོད་མིའི་ལུས་སྟེང་གི་མཐོ་སྒང་དུ་འཚོ་རྒྱུར་འཚམས་པའི་རིགས་རྫས་དེ་ཌེ་ནི་སོ་ཝ་མི་ནས་ཆད་པ་ཚན་རིག་གིས་བསྒྲུབས་ཡོད།  ༼དྲ་ཚུགས་འདིར་གཟིགས་དང་བོད་མིའི་རིགས་རྫས་སུ་ཌེ་ནི་སོ་ཝ་མིའི་རིགས་རྫས་ཡོད་ཚུལ་བྲིས་བའི་དཔྱད་རྩོམ་ཞིག་རེད། http://www.sci-news.com/genetics/science-tibetans-super-athlete-gene-denisovans-02038.html   ༽

རྒྱལ་སྤྱིའི་ཞིབ་འཇུག་སྡེ་ཚན་ཞིག་གིས་བོད་མི ༤༠ དང་རྒྱ་མི ༤༠འི  EPAS1  གི་རིགས་རྫས་ལ་བརྟག་ཞིབ་བྱས་པའི་དོན་འབྲས་སུ། ད་ལྟའི་བོད་ཡུལ་ཤར་ཕྱོགས་ས་ཁུལ་དང་རྒྱ་ནག་ནུབ་བྱང་ཁུལ་ལ་ཐོན་པའི་མིའི་རིགས་དེ་མཇུག་མཐར་ཁ་གྱེས་ནས། སྐོར་ཞིག་གངས་ལྗོངས་ཡུལ་དུ་འཚོ་ཞིག་གནས། སྐོར་ཞིག་རྒྱ་ནག་གི་ཀྲུང་ཡོན་ས་ཆེན་དུ་གནས་སྤོར།  དེ་མིན་བོད་པའི་ལུས་སྟེང་གི EPAS1   གི་རིགས་རྫས་དུམ་བུ་ཞིག་འགྲོ་བ་མི་གཞན་དག་གི་ལུས་སྟེང་ན་མེད་པ་དང་། རྗེས་སུ་རིགས་རྫས་དེ་ཌེ་ནི་སོ་ཝ་མིའི་རིགས་རྫས་ལས་རྙེད་ནས། བོད་པའི་ལུས་སྟེང་ན་ཌེ་ནི་སོ་ཝ་མིའི་རིགས་རྫས་ཡོད་པ་ར་འཕྲོད།

མཚམས་འདིར་བསླེབས་དུས། མི་ཚོར་རང་བཞིན་གྱིས་ཡོང་སྲིད་པའི་དྲི་བ་ཞིག་ནི། འོ་ན་བོད་མི་ནི་ཌེ་ནི་སོ་ཝ་མིའི་རིགས་རྒྱུད་ཡིན་ནམ་ཞེ་ན། རིགས་རྒྱུད་ཡིན་ཞེས་བཤད་དཀའ་ཡང་། བོད་མིའི་རིགས་རྫས་སུ་ཌེ་ནི་སོ་ཝ་མིའི་རིགས་རྫས་ཡོད་པ་ར་འཕྲོད་ཡོད། དེ་སྔ་བོད་མིའི་ལུས་སྟེང་ན་ཅིའི་ཕྱིར་ཌེ་ནི་སོ་ཝ་མིའི་རིགས་རྫས་ཡོད་པ་བདེན་དཔང་བྱེད་ཐུབ་མེད་མོད། རྒན་གྱའི་བྲག་ཕུག་ནས་ཌེ་ནི་སོ་ཝ་མིའི་འགྱུར་རྡོ་ཐོན་རྗེས། བོད་མི་དང་ཌེ་ནི་སོ་ཝ་མིའི་འབྲེལ་བ་ཇེ་གསལ་དུ་སོང་བ་རེད།

མ་བྲག་སྲིན་མོ་དང་ཌེ་ནི་སོ་ཝ་མི།

སྒང་པ་བོད་དུ་ཧ་ལམ་ལོ་ངོ ༤༥༠༠༠ གི་ཡར་སྔོན་ནས་སྟོངས་ཟིན་པའི་འགྲོ་བ་མིའི་རིགས་རྒྱུད་ཡིན་པའི་ཌེ་ནི་སོ་ཝ་མིའི་འགྱུར་རྡོ་ཐོན་པ་དེར། སྤྱིར་ན་འགྲོ་བ་མིའི་ཆད་ཁུངས། ནང་སྒོས་སུ་བོད་མིའི་ཆད་ཁུངས་དང་དཔྱད་བསྡུར་བྱེད་རྒྱུའི་རིན་ཐང་ཧ་ཅང་གི་ཆེན་པོ་ཡོད་པར་འདོད།

རང་རེའི་བོད་པའི་ལོ་རྒྱུས་སུ་བོད་མིའི་འབྱུང་ཁུངས་བཤད་དུས། བོད་མི་ནི་མ་བྲག་སྲིན་མོ་དང་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་ལས་ཆད་ཟེར། སོམས་དང་། ཌེ་ནི་སོ་ཝ་མི་དང་བྲག་སྲིན་མོ་གཉིས་ལ་མཚུངས་ཆོས་མང་པོ་ཞིག་མི་འདུག་གམ།  དག་ཡིག་ཏུ་སྲིན་མོ་ལ་ཤ་ཟ་མིའི་བྱེ་བྲག་ཅེས་མཚན་ཉིད་བཞག་ཡོད་པ་བཞིན། ཚན་རིག་པས་ཀྱང་ཌེ་ནི་སོ་ཝ་མི་ནི་མིའི་རིགས་ཡིན་ཡང་དེང་རབས་ཀྱི་མིའི་མཚན་ཉིད་མི་ཚང་བ་ཞིག་ལ་ངོས་འཛིན་བྱས་ཡོད་པས། ངོས་འཛིན་གྱི་ཆ་ནས་མིའི་རིགས་ཡིན་ཡང་མི་དང་ཁྱད་པར་ཡོད་པ་གཉི་གས་བཤད་སྟངས་དང་མཐུན།  དེ་མིན་ད་བར་དུ་རྙེད་སོན་བྱུང་བའི་ཌེ་ནི་སོ་ཝ་མི་དག་གི་གནས་ཡུལ་བྲག་ཕུག་ཡིན་པ་དང་། བོད་མའི་མེས་པོ་སྲིན་མོ་ཟེར་བ་དེའི་གནས་ཡུལ་ཡང་བྲག་ཕུག་ཡིན་པས་བྲག་སྲིན་མོ་ཞེས་པ་མ་ཡིན་ནམ། དེ་མིན་ཚན་རིག་པས་འགྲོ་བ་མིའི་རིགས་རྒྱུད་ཅིག་ཏུ་ངོས་འཛིན་བྱས་ཀྱང་། ལུས་པོའི་གྲུབ་ཚད་དེང་རབས་འགྲོ་བ་མི་དང་ཁྱད་པར་ཡོད་ཅེས་ངོས་འཛིན་བྱས་ཡོད་པ་ལས། ཌེ་ནི་སོ་ཝ་མི་ནི་འགྲོ་བ་མི་དང་རིགས་རྫས་ཐག་ཉེས་ཤོས་ཀྱི་སྲོག་ཆགས་སྤྲ་འམ་མི་རྒོད་ལྟ་བུ་ཞིག་ཡིན་སྲིད། རང་རེའི་བོད་པའི་ལོ་རྒྱུས་སུའང་སྲིན་མོ་ཞེས་འགྲོ་བ་མི་མ་ཡིན་པའི་རིགས་ཤིག་ལ་ངོས་འཛིན་བྱས་འདུག་ན། དེའང་གྱད་མི་དང་མི་རྒོད། ཡང་ན་སྤྲ་དང་སྤྲེའུ་དང་འདྲ་བོ་ཞིག་ཡིན་ངེས། དེས་ན།  ང་ཚོའི་ལོ་རྒྱུས་སུ་ཡོད་པའི་མ་བྲག་སྲིན་མོ་ཟེར་བ་དེ་མཐར་དེད་ན་ཌེ་ནི་སོ་ཝ་མི་མིན་ནམ། དོགས་འདྲི་དེ་འདྲ་ཡོང་དོན་གྱི་རྒྱུ་མཚན་གལ་ཆེ་ཤོས་ཤིག་ནི།  བྲག་སྲིན་མོའི་རྒྱུད་པ་ཡིན་པར་བོད་མི་མགོ་བོ་གནམ་བསྟན་ཡོངས་ཀྱིས་དོགས་པ་ཟས་མྱོང་མེད་པ་དང་གཅིག གཉིས་དེ་བོད་མིའི་ལུས་སྟེང་ན་ཌེ་ནི་སོ་ཝ་མིའི་རིགས་རྫས་ཡོད་པས་སོ།།

གཞན་ཡང་། ཤ་ཟ་སྲིན་པོའི་རྒྱུད་པ། སྲིན་པོ་གདོང་དམར་བོད་ཀྱི་དམག་དཔུང་། གདོང་དམར་བོད་ལ་སོགས་འབོད་སྲོལ་ཡོད་པ་ངག་རྒྱུན་དང་ཡིག་ཐོག་གཉི་ག་ན་དེ་རིང་ད་དུང་མ་ཉམས་པར་ཡོད་པ་མཁྱེན་གསལ་ལྟར། ཚན་རིག་པས་ཌེ་ནི་སོ་ཝ་མི་ཡི་གཟུགས་རིས་རྟོག་འབྲི་བྱས་པའང་གཟུགས་སྟོབས་ཆེ་ཞིང་བྱ་སྒྲོ་དང་སྡེར་མོའི་རྒྱན་ཆ་སྤྲས་པའི་གདོང་དམར་པོ་ཅན་ཞིག་བྲིས་ཡོད་པ་རེད། དེའང་མ་བསྒྲིགས་རང་འགྲིག་ཏུ་ཆགས་པ་ལས་སྟབས་འཁེལ་ཞིག་མ་ཡིན་པར་སེམས།

ཟུངས་སྐྱོབ་རྒྱལ་གྱིས་བྲག་དཀར་གནས་ཁང་གི་བདུད་མོ་བཏུལ་བ།

རྒན་གྱའི་འབྲོག་པ་ཚོའི་ངག་རྒྱུན་ན“ལ་ནག་ཟུངས་སྐྱོབ་རྒྱལ་གྱིས་བྲག་དཀར་གནས་ཁང་གི་བདུད་མོ་བཏུལ་བའི” ལྷ་སྒྲུང་ཞིག་ཡོད་ཅིང་། གལ་བོ་ཆེ་ལ་ནན་གྱི་ཚུལ་དུ་ངག་རྒྱུན་སྒྲུང་གཏམ་དེ་ཡི་གེར་བཀོད་པ་གཤམ་གསལ།

དེ་ཡང་གནའ་གནའ་ཞིག་ལ། བྲག་དཀར་གནས་ཁང་དུ་གནས་པའི་བདུད་མོ་ཞིག་གིས་ཉེ་འདབས་ཀྱི་འབྲོག་པའི་ཚེ་སྲོག་དང་ཕྱུག་ཟོག་ལ་གནོད་འཚེ་རྟག་དུ་སྐྱེལ་གྱིན་ཡོད་པ་དང་། ཉིན་ཞིག་ལ་རྒན་གྱའི་ལ་ནག་སྡེ་བའི་མིང་ལ་ཟུངས་སྐྱོབ་རྒྱལ་ཟེར་བའི་དཔའ་འཛངས་གཉིས་ལྡན་གྱི་ཕོ་གསར་སྟག་འདྲ་ཞིག་ཡོད་པ་ཁོང་གིས་བདུད་མོ་དེ་འདུལ་རྒྱུ་བློ་ལ་ཤར་ནས། ཐོག་འདྲ་བའི་མདའ་གཞི་ཁུར། ལག་ལ་ཞོ་གྲོད་པུ་གང་དང་བ་མ་ཞིག་བཟུང་ནས་བྲག་དཀར་གནས་ཁང་དུ་སོང་། ཟུངས་སྐྱོབ་རྒྱལ་གྱིས་ལུས་སྟེང་གི་པགས་རྩག་ཕུད་ནས་མི་ཞིག་ཉལ་བསྡད་པའི་བཟོ་ལྟ་བཟོས་ཤིང་། ཞོ་གྲོད་པུ་གང་དེ་མགོ་ཡི་ཚབ་དུ་བཞག་ཞིང་སྟེང་ལ་བ་མས་བཀབས།  དེ་ནས་མདའ་གཞི་བཟུང་ནས་གོང་གི་བྲག་ཐེམ་ཞིག་ནས་སྒུག་བསྡད། ནམ་གུང་ཙམ་གྱི་དུས་ན། མིག་གཉིས་སྐར་ཆེན་བཞིན་འོད་ལམ་ལམ། ལྕགས་ཀྱི་མཆུ་ཏོ་རིང་པོ་ཅན་གྱི་བདུད་མོ་དེ་རླུང་འཚུབ་ཅིག་དང་མཉམ་དུ་འུར་འུར་གྱིས་ཡོང་ནས། པགས་རྩག་གིས་བཟོས་པའི་མི་རྫུའི་གམ་དུ་བསྡད་ཅིང་། ཅུང་མ་འགོར་བར་ལྕགས་ཀྱི་མཆུ་ཏོས་བ་མ་རྟོལ་ནས་ནང་གི་ཞོ་འཇིབ། ཞོ་འཇིབ་ནས་རྫོགས་རྗེས་མཆུ་ཏོ་བ་མ་ལས་ཕྱིར་ཕྱུང་ནས། ‘ཨ་ཁ་ཁ། དེ་འདྲའི་ཀླད་རུས་སྲ་མོ་ཞིག དེ་འདྲའི་ཀླད་པ་སྐྱུར་མོ་ཞིག’ཅེས་ལབ་བཞིན་པའི་སྒང། ཟུངས་སྐྱོབ་རྒྱལ་གྱིས་མདའ་ཕང་བ་ན། མདའ་དེ་ཏག་ཏག་བདུད་མོའི་སྙིང་ཁར་ཟུག་པ་དང་། བདུད་མོས་གནམ་ས་འདར་བའི་སྐད་ཅོར་ཞིག་རྒྱག་ཞོར་ཕྱིར་བྲག་ཕུག་གི་གཏིང་དུ་བྲོས།

དགོང་མོ་དེ་ནས་བཟུང་བདུད་མོ་ཡི་གནོན་འཚེ་ཆད་སོང་བས། ལ་ནག་ཟུངས་སྐྱོབ་རྒྱལ་གྱིས་བྲག་དཀར་གནས་ཆུང་གི་བདུད་མོ་བཏུལ་བ་རེད་ཅེས་གྲགས།

གོང་གི་གནའ་གཏམ་དེར་ལྷ་སྒྲུང་གི་ཁྱད་ཆོས་འབུར་དུ་ཐོན་ན་ཡང་། ལྷ་སྒྲུང་དེས་གནའ་སྔ་མོ་ཞིག་ལ་བྲག་དཀར་གནས་ཆུང་དུ་སྲིན་མོ་ལྟ་བུའི་མི་འདྲ་བོའི་སྲོག་ཆགས་ཤིག་གནས་མྱོང་བ་མཚོན་ཡོད། བོད་སྐད་དུ་བདུད་མོ་དང་འདྲེ་མོ། སྲིན་མོ་སོགས་ཕལ་ཆེར་དོན་གཅིག་མིང་གི་རྣམ་གྲངས་ཡིན་པས། ཌེ་ནི་སོ་ཝ་མི་ཡང་དེ་དང་ཆ་འདྲ་བའི་མིའི་རིགས་ཤིག་ཡིན་ན། སྲིན་མོ་དང་ཌེ་ནི་སོ་ཝ་མི་གཉིས་གཞི་གཅིག་ཏུ་སྦྲེལ་ཡོད།

གཞན་ཡང་། བྲག་དཀར་གནས་ཁང་དུ་མཛོ་མོ་དཀར་པོ་ཞིག་འཛུལ་ནས། རྗེས་སུ་མཛོ་མོ་དཀར་པོ་དེ་བྲག་དཀར་སྤྲེལ་རྫོང་དུ་ཕྱི་ལ་བུད་པ་རེད་ཟེར་བ་ལྟ་བུ་དང་། ཡང་བྲག་དཀར་གནས་ཁང་ནས་ཁྱི་ཞིག་བཏང་ནས་རྗེས་སུ་ལྷ་ས་ནས་ཕྱིར་བུད་པ་ལ་སོགས་རྒན་གྱའི་བྲག་དཀར་དང་བྲག་དཀར་གནས་ཁང་དང་འབྲེལ་བའི་བཤད་རྒྱུན་མང་པོ་ཞིག་དེ་གའི་ས་ཁུལ་ན་ཡོད།

གང་ལྟར་ཡར་ཀླུང་གཙང་པོའི་རྒྱུད་རྩེད་ཐང་གི་མ་བྲག་སྲིན་མོ་དང་མདོ་སྨད་བླ་བྲང་རྒན་གྱའི་བྲག་དཀར་གནས་ཁང་གི་ཌེ་ནི་སོ་ཝ་མི་གཉིས་གཅིག་ཡིན་མིན་ད་དུང་བཤད་དཀའ་ཡང་། ཐམས་ཅད་སྲིད་པའི་ཆོས་ཉིད་ཡིན་ན། དེ་ལྟར་དཔྱད་པར་སྐྱོན་ནི་ཡོད་མ་ཡིན།

རིག་འདེད་ནི་རིག་འདེད་རང་ཡིན་མོད། འོན་ཀྱང་། ཡིན་དང་མིན་ཟེར་རྒྱུ་ལས་སླ་བོ་ཞིག་ག་ལ་ཡིན། གང་ལྟར་མ་བྲག་སྲིན་མོ་དང་ཌེ་ནི་སོ་ཝ་མིའི་བར་འབྲེལ་བ་ཡོད་མེད་ནི་དཔྱད་རན་ཡོད་པའི་དཔྱད་གཞི་ཞིག་ཡིན་པ་སྨོས་མ་དགོས།

འགྱུར་རྡོའི་འགྲམ་རུས་དེ་བོད་མི་ཞིག་གིས་བརྙེད་པ་ཡིན།

ཌེ་ནི་སོ་ཝ་མིའི་འགྲམ་རུས་ཀྱི་འགྱུར་རྡོ་དེ་གང་ནས་ནམ་ཞིག་ལ་སུ་ཡིས་རྙེད་སོན་བྱུང་བ་གསལ་ཁ་འདོན་རྒྱུ་དགོས་པ་ཆེན་པོ་མཐོང་སོང་།

རྒན་གྱའི་བྲག་དཀར་ནི་བོད་མདོ་སྨད་བླ་བྲང་ངམ་བསང་ཆུ་རྫོང་གི་ཁོངས་སུ་ཡོད་པའི་གནས་ཁྱད་པར་ཅན་ཞིག་ཡིན་ཞིང་། རྒན་གྱ་ཞེས་པའི་འབྲོག་སྡེ་དེ་ན། ཁ་དོག་དུང་ལྟར་དཀར་ཞིང་ལྟ་བའི་ཆོག་མི་ཤེས་པའི་བྲག་རིའི་ཚོམས་ཤིག་མ་བཅོས་ལྷུན་གྱིས་གྲུབ་ཡོད་པ་དེ་ལ་རྒན་གྱའི་བྲག་དཀར་ཟེར་ཞིང་། རྒན་གྱའི་བྲག་དཀར་གྱི་བྲག་ངོས་སུ་རང་བྱུང་བྲག་ཕུག་ཅིག་ཡོད་ཅིང་། བྲག་ཕུག་དེའི་མིང་ལ་བྲག་དཀར་གནས་ཁང་ཟེར། དེ་མིན་རྒན་གྱའི་བྲག་དཀར་ན་གུང་རི་མཁའ་འགྲོ་མའི་སྒྲུབ་ཕུག་དང་ཤར་ཚང་གི་སྒྲུབ་ཕུག་སོགས་བྲག་ཕུག་ཆེ་ཆུང་མི་འདྲ་བ་མང་པོ་ཞིག་ཡོད་པ་དང་། བྲག་དཀར་གནས་ཁང་ནི་ཆེ་ཤོས་དེ་ཡིན། བྲག་དཀར་གནས་ཁང་གི་ཁ་ཤར་ལྷོར་ཕྱོགས་ཤིང་། ས་བབ་ལ་མཚོ་ངོས་ནས་སྨི ༣༢༨༠ ཡོད། བྲག་ཕུག་དེའི་སྒོའི་མཐོ་ཚད་ན་སྨི ༥ དང་ཞེང་ན་སྨི ༧ ཡོད། བྲག་ཕུག་གི་སྒོའི་གཡས་གཡོན་ན་དར་ལྕོགས་མང་པོ་འཐེན་ཡོད་པ་དང་། བྲག་ཕུག་ནང་མཆོད་རྟེན་ཞིག་ཀྱང་བཞེངས་ཡོད། མཆོད་རྟེན་དེ་གཉིས་བཞེངས་མཁན་ནི་རྒན་གྱ་དགོན་པའི་ཨ་ཁུ་བརྩོན་འགྲུས་ཡིན། རྒྱུས་མངའ་ཅན་ཚོའི་བཤད་པ་ལྟར་ན། བྲག་དཀར་གནས་ཁང་གི་ཆེ་ཆུང་དང་གཏིང་རིང་ཚད་མི་ཤེས་མོད། མེ་དཔུང་ལ་བསྟེན་ནས་ག་ཚོད་ཅིག་སོང་ན་ཡང་ཐོན་འགྲོ་ས་ཞིག་དང་རྫོགས་འགྲོ་ས་ཞིག་མེད་པ་དང་། དེ་མིན་འཇར་མིན་གྱི་རྒད་པོ་ཞིག་ཐེ་བའི་མི་མང་པོའི་ཚེ་སྲོག་ཀྱང་ཤོར་ཡོད་སྐད།

འབྲེལ་ཡོད་མི་སྣ་འགའ་བརྒྱུད་ནས་རྒན་གྱའི་བྲག་དཀར་གནས་ཁང་ནས་ཌེ་ནི་སོ་ཝ་མིའི་འགྲམ་རུས་དེ་སུ་ཞིག་གིས་ཇི་ལྟར་བརྙེད་པ་དང་། གུང་ཐང་ཚང་ལ་འབུལ་མཁན་སུ་ཡིན་པ་སོགས་གནས་ཚུལ་རྩད་གཅོད་བྱས་པ་ཡིན། སྟབས་མ་ལེགས་པ་ཞིག་ལ། སྐབས་དེའི་རྒན་གྱ་དགོན་པའི་གྲྭ་པ་རྒན་རབས་ཚོ་གྲོངས་ནས་ད་ལྟ་གཅིག་གཉིས་ཤིག་ལས་འཚོལ་བཞུགས་མེད་པ་དང་། དེ་མིན་གཞན་དབང་གིས་གསལ་བོ་ཞིག་རྒྱུས་ལོན་ཐུབ་དཀའ། ཡིན་ན་ཡང་རྒྱུན་ཆགས་བརྩོན་པ་མ་བཏང་ན། མི་འགྲུབ་བྱ་བ་ཅི་ཡང་མེད་ཅེས་པ་བཞིན། རྒྱུས་ལོན་ཅུང་ཞིག་ཐུབ་པ་ནི།  རྒན་གྱའི་བྲག་དཀར་གནས་ཁང་གི་ནང་ན། གདོད་ནས་གྲུབ་པའི་དུར་ཁྲོད་ཅེས་པ་ཞིག་ཡོད་པ་དང་། ས་གནས་མི་རྣམས་པས་དེ་ལ་བདེ་མཆོག་གི་གནས་ལྷ་ལྷ་མོའི་དུར་ཁྲོད་ཀྱང་ཟེར། ཉེ་འདབས་ཀྱི་མི་རྣམས་རྒྱུན་དུ་བྲག་དཀར་གནས་ཁང་གི་ལྷ་ལྷ་མོའི་དུར་ཁྲོད་དུ་སོང་ནས་འགྱུར་རྡོ་འཚོལ་སྲོལ་ཡོད་པས།  འགྱུར་རྡོ་འདྲ་མིན་མང་པོ་བརྙེད་ཡོད་ཚུལ་འདུག་ལ། རྒན་གྱ་དགོན་པའི་གྲྭ་པ་ཞིག་གིས་སྐབས་ཤིག་ལ་ཡ་ཐོད་ཆེན་པོ་ཅན་གྱི་མགོ་རུས་ཤིག་བརྙེད་ཡོད་ལུགས་བཤད་རྒྱུན་ན་འདུག ཡིན་ན་ཡང་དངོས་ཡོད་གནས་ཚུལ་རྒྱུས་ལོན་བྱེད་རྒྱུའི་སྐལ་བ་མ་ལྡན་པར་བཤད་ཚུལ་ཞིག་ན་ལྷག་ཡོད་ན། རྒྱུས་མངའ་ཅན་ཀྱིས་སྟོང་ཆ་དེ་སྐོངས་རོགས།

གོང་ནས་མང་པོ་ཞུས་པའི་ཌེ་ནི་སོ་ཝ་མིའི་འགྲམ་རུས་དེ་སུ་ཞིག་གིས་བྲག་དཀར་གནས་ཁང་ནས་བརྙེད་པ་བཤད་ཚུལ་འགའ་ཡོད་པས་སུ་ཡིན་སུ་མིན་བཤད་དཀའ་བའི་གནས་སུ་གྱུར་མོད། དུས་ཐོག་དེའི་གྲྭ་རྒན་ཞིག་གི་ཕྱིར་དྲན་ལ་གཞིགས་ན། ཕ་ཡུལ་རྒན་གྱའི་སུ་རུག་རུ་ཁག་བདུན་པའི་ཡིན་པའི་དགེ་སློང་བརྩོན་འགྲུས་རྒྱ་མཚོ་ཟེར་བ་ཞིག་གིས ༡༩༧༨ ལོར་བྲག་དཀར་གནས་ཁང་གི་ལྷ་ལྷ་མོའི་དུར་ཁྲོད་ནས་འགྱུར་རྡོའི་འགྲམ་རུས་དེ་བརྙེད་པ་དང་། ཁོང་གིས་འགྲམ་རུས་ཀྱི་རིན་ཐང་ཤེས་ཡོད་མེད་བཤད་དཀའ་ཡང་། སེམས་མ་བདེ་བ་དང་ཡང་ན་རྣམ་རྟོག་གི་དབང་གིས་རང་གི་རྩ་བའི་བླ་མ་ཀུན་མཁྱེན་ཚང་ལ་ཞུས་ཤིང་། རྗེས་སུ་ཀུན་མཁྱེན་ཚང་གིས་ཨ་ལགས་གུང་ཐང་ཚང་ལ་ཕུལ་འདུག ཨ་ལགས་གུང་ཐང་ཚང་གིས་འགྲམ་རུས་དེ་རྩ་ཆེན་ཞིག་ཡིན་པ་མ་ཟད། ཞིབ་དཔྱད་ཀྱི་རིན་ཐང་ཆེན་པོ་ཡོད་པ་མཁྱེན་ནས་རྒྱ་ནག་ལན་གྲུ་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་སྐུ་ཞབས་ཏོང་ཀུང་རོན(东光荣)ལ་སྤྲད་འདུག སྐུ་ཞབས་ཏོང་ཀུང་རོན་གྱི་དཔྱད་ཡུལ་རྣམ་གྲངས་ནི་བྱེ་ཐང་གི་འགྱུར་འགྲོས་ཡིན་སྟབས། འགྲམ་རུས་འགྱུར་རྡོ་དེ་ལོ་མང་རིང་ཁོང་གི་འཆའ་སྒམ་དུ་ལུས་པ་རེད།

ལོ ༣༠འི་རྗེས་ཏེ། ༢༠༡༠ ལོར་གཞི་ནས་རྒན་གྱའི་ཌེ་ནི་སོ་ཝ་མིའི་འགྲམ་རུས་ཀྱི་འགྱུར་རྡོ་དེ་ལ་དཔྱད་ཞིབ་ཀྱི་ལས་དོན་འགོ་ཚུགས་ནས། ལོ ༡༠འི་དཔྱད་ཞིབ་ཀྱི་མཇུག་འབྲས་སུ། བོད་མདོ་སྨད་བླ་བྲང་རྒན་གྱའི་བྲག་དཀར་གནས་ཁང་ནས་ཐོན་པའི་འགྲམ་སོ་གཉིས་ཅན་གྱི་འགྱུར་རྡོའི་འགྲམ་རུས་དེ། ལོ་ངོ ༡༦༠༠༠༠ ཡན་གྱི་ཌེ་ནི་སོ་ཝ་མིའི་འགྲམ་རུས་ཀྱི་འགྱུར་རྡོ་ཞིག་ཡིན་པ་ཚན་རིག་གིས་བསྒྲུབས་ནས། ད་གཟོད་འཛམ་གླིང་མི་མང་གི་མཐོང་ཆོས་སུ་གྱུར་བའོ།།

[1] Sibir:(俄语:Сибирь,西伯利亞)ཨུ་རུ་སུའི་ས་ཁུལ་ཞིག སི་བྷི་རི་ཡའི་རྒྱ་ཁྱོན་ན་སྤྱི་ལེ་གྲུ་བཞི་མ ༡༢༧༦ ཡོད། གོ་ལའི་སྟེང་གནམ་གཤིས་གྲང་ཤོས་ཀྱི་ས་ཁུལ་ཞིག་ཡིན།