2024 / 1 / 15
བོད་ཡུལ་དུ་རྒྱལ་བའི་བསྟན་པ་འཛིན་པའི་དམ་པ་ཇི་ལྟར་བྱོན་ཚུལ་ལ་གཉིས། བསྟན་པ་སྔ་དར་ལ་དམ་པའི་ཆོས་འདུལ་བ་ཇི་ལྟར་དར་ཚུལ་དང་། བསྟན་པ་ཕྱི་དར་ལ་དམ་པའི་ཆོས་འདུལ་བ་ཇི་ལྟར་དར་ཚུལ་ལོ། །དང་པོ་ནི། སྙིགས་མའི་མགོན་པོ་སྟོན་པ་ཐུགས་རྗེ་ཅན་ཤཱཀྱའི་རྒྱལ་པོ་ཞིང་འདིར་བྱོན་ནས་ཆོས་འཁོར་རིམ་པ་གསུམ་དུ་བསྐོར་ཏེ་གདུལ་བྱ་བགྲང་བ་ལས་འདས་པ་སྨིན་ཅིང་གྲོལ་བར་མཛད་ཀྱང་བྱང་ཕྱོགས་ཁ་བ་ཅན་གྱི་ཡུལ་འདི་ནི་སྟོན་པ་ཐུགས་རྗེ་ཅན་དེའི་འདུལ་ཞིང་དུ་མ་གྱུར་ཅིང་ཆོས་འཁོར་བསྐོར་བའི་གནས་སུ་མ་གྱུར་པར་མཐའ་འཁོབ་མུན་གླིང་དུ་ལུས་པ་ན། སྟོན་པ་ཐུགས་རྗེ་ཅན་དེས་འཕགས་མཆོག་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་བྱང་ཕྱོགས་གངས་རིའི་ཁྲོད་ཀྱི་འགྲོ་བ་མགོན་མེད་པ་རྣམས་ཀྱི་མགོན་དང་སྐྱབས་དང་དཔུང་གཉེན་དུ་བསྔགས་ཤིང་ལུང་བསྟན་པ་དང་དབུགས་དབྱུང་བ་རྒྱ་ཆེར་མཛད། གངས་རིའི་ཁྲོད་འདིར་རྒྱལ་བའི་བསྟན་པ་མྱུར་དུ་དར་བར་འགྱུར་པའི་རྟེན་འབྲེལ་བསྒྲིག་ཕྱིར་སྟོན་པ་ཐུབ་པའི་དབང་པོ་འཁོར་དགྲ་བཅོམ་པ་ལྔ་བརྒྱ་དང་བཅས་ཁ་བ་ཅན་གྱི་ཆུ་འགོ་གངས་རི་ཆེན་པོ་ཏེ་སེར་ཕེབས་ནས་བྱང་ཕྱོགས་སུ་དམ་པའི་ཆོས་འདུལ་བ་དར་བར་འགྱུར་བའི་རྟེན་འབྲེལ་བསྒྲིག་པར་མཛད་ཅིང་། མ་འོངས་པའི་གདུལ་བྱ་རྣམས་ལ་སྟོན་པས་འདི་ལྟར་མཛད་དོ་ཞེས་གོ་བའི་ཕྱིར་རྡོ་ལ་ཞབས་ཀྱི་རྗེས་འཇོག་པར་མཛད་པ་སོགས་བྱང་ཕྱོགས་འདི་བྱིན་གྱིས་རློབ་པར་མཛད། སྟོན་པ་ཐུགས་རྗེ་ཅན་དེ་ཉིད་བལ་ཡུལ་དུ་བྱོན་པའི་ཚེ་རང་བྱུང་གི་མཆོད་རྟེན་དུ་གྲགས་པ་གོ་མ་ས་ལ་ག་༼བྱང་རི་འབིགས་བྱེད་ཆེན་པོའི་རྩེར་ཞལ་བྱང་ཕྱོགས་སུ་གཟིགས་ནས་གླང་རུ་ལུང་བསྟན་གྱི་མདོ་གསུངས་ཏེ་བྱང་ཕྱོགས་ཁ་བ་ཅན་དུ་བསྟན་པ་མྱུར་དུ་དར་བའི་ལུང་བསྟན་མཛད།༽སྟོན་པ་མྱ་ངན་ལས་འདས་བའི་ཚུལ་སྟོན་པའི་ཚེ་ནའང་དབུ་བྱང་ཕྱོགས་སུ་བསྟན་ཏེ་བྱང་ཕྱོགས་གངས་རིའི་ཁྲོད་འདིར་བསྟན་པ་དར་བའི་རྟེན་འབྲེལ་བསྒྲིག་པ་མཛད། བྱང་ཕྱོགས་གངས་རིའི་ཁྲོད་དུ་ཐུབ་བསྟན་དར་བའི་ཚེ་བསྟན་པ་སྐྱོང་བའི་ཆོས་ལྡན་གྱི་རྒྱལ་པོ་ཇི་ལྟ་བུ་འབྱུང་བ་དང་། བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་ཇི་ལྟ་བུ་འབྱུང་བ་སོགས་ཆེས་གསལ་བར་ལུང་བསྟན་པ་ཡང་མཛད་དེ། འཇམ་དཔལ་རྩ་རྒྱུད་ལས། དེ་བཞིན་གཤེགས་པའི་བསྟན་འདི་ལ། །རྣམ་པ་སྣ་ཚོགས་བྱ་བ་བྱེད། །གང་གི་ཕྱོགས་ལ་བརྟེན་ནས་ནི། །དེ་ཡི་ཚེ་ན་འབྱུང་བར་འགྱུར། །ལྷ་ལྡན་ཡུལ་ཞེས་བྱ་བ་ཡི། །གངས་ཅན་རི་ཡི་ནང་གནས་པའི། །རྒྱལ་པོ་མི་ཡི་ལྷ་ཞེས་བྱ། །ལི་ཙ་བྱི་རྣམས་རིགས་སུ་བྱུང་། །དེ་ཡང་སྔགས་ཀྱི་དོན་གྲུབ་སྟེ། །ལོངས་སྤྱོད་ཆེ་དང་ལྡན་པར་འགྱུར། །རིག་པ་ལོངས་སྤྱོད་ལྡན་ཞེས་བྱ། །མི་ཡི་བདག་པོས་དེ་ཡང་གྲུབ། །ལོ་ནི་བརྒྱད་ཅུར་རྒྱལ་སྲིད་བྱས། །དེས་ནི་རྐུན་མ་རྣམ་པར་སྤངས། །རྒྱལ་པོ་དེས་ནི་སྲོག་གཅོད་སྤངས། །དེས་ནི་སྔགས་ཀྱང་མྱུར་གྲུབ་སྟེ། །ཞི་དང་རྒྱས་དང་གསལ་བྱེད་པའོ། །འཇིག་རྟེན་སྒྲོན་མ་ཞེས་གྲགས་དང་། །ལྷ་མོ་གོས་དཀར་མ་དང་ནི། །དཀར་མོ་ཆེན་མོ་གཞན་ཕན་བརྩོན། །རྟག་ཏུ་ཡིད་ནི་མི་སྐྱོ་བའོ། །དེ་ལ་སོགས་པ་གསུངས་པ་ཡི། །དེ་བཞིན་རྒྱལ་པོ་མང་པོ་ནི། །རྣམ་པ་དུ་མ་མང་པོ་དག །ཁ་དོག་སྣ་ཚོགས་སྣ་ཚོགས་གཟུགས། །ཁ་བ་ཅན་ནས་ཀླ་ཀློའི་རྒྱལ། །དེ་ཡང་སྟོན་པ་མཆོད་བྱེད་པའོ། །ཁྱུ་མཆོག་ཁྱུ་མཆོག་བཟང་པོ་དང་། །ས་འོག་དེ་བཞིན་ས་འོག་བཟང་། །དེ་བཞིན་ཕ་རོལ་གནོན་ཉིད་དང་། །རྐང་པའི་འགྲོས་ཞེས་བསྟན་པ་ཡིན། །ས་སྲུངས་དང་ནི་བེའུ་དང་། །འོད་ལྡན་ཉིད་ནི་ཕྱི་མ་ཡིན། །ཐ་མར་འཆར་རྒྱལ་དང་ཚུལ་ཏེ། །ཀླ་ཀློ་རྣམ་པ་སྣ་ཚོགས་ཡིན། །དེ་འོག་ལུས་ནི་ནམ་ཞིག་ཅིང་། །ཕྱི་རོལ་སྐྱེ་དགུས་ཉེ་བར་སྤྱོད། །ཅེས་དང་། བཀའ་གདམས་གླེགས་བམ་ལས། སྤྱིར་སེམས་ཅན་རྣམས་ཀྱི་མགོན་པོ་ཡིན། །སྒོས་གངས་རིའི་ཁྲོད་དུ་རྒྱལ་སྲིད་སྐྱོང་། །ཞེས་དང་། བོད་ནི་རྒྱལ་པོ་དག་ལ་ཚད་མར་འཛིན། །མི་དབང་མཛོད་ལ་བོད་ཁམས་བདེ་བར་སྐྱོངས། ། ཞེས་སོགས་ཆེས་གསལ་བར་ལུང་བསྟན་པ་ལྟར། སངས་རྒྱས་ཀྱི་མཐུ་དང་། འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་དང་། རྫུ་འཕྲུལ་གྱི་ནུས་པ་བསམ་གྱིས་མི་ཁྱབ་པས།
ཐོག་མར་བོད་སྤྱི་ལ་དབང་བའི་རྒྱལ་པོ་ཞིག་མེད་ན་བོད་རྣམས་ཆོས་ཀྱིས་འདུལ་མི་ནུས་པར་གཟིགས་ནས། བོད་ཁམས་སུ་སངས་རྒྱས་ཀྱི་བསྟན་པ་འཛུགས་ཕྱིར་ཐོག་མར་རྒྱལ་སྲིད་ཇི་ལྟར་མཛད་པ་ནི། སྔོན་གྱི་ཡི་གེ་རྙིང་པ་དག་ལས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་རིགས་ཤིག་བོད་དུ་འཁྱར་བར་བཤད་པ་དང་། ཁ་ཅིག་གཟུགས་ཅན་སྙིང་པོའི་སྲས་སྟོབས་ཆུང་གི་སྲས་ཤིག་འཁྱར་ཞེས་ཟེར། ཁ་ཅིག་བད་སའི་རྒྱལ་པོ་འཆར་བྱེད་ཀྱི་བུ་ཞིག་འཁྱར་ཞེས་ཟེར་ཞིང་། རྒྱལ་པོ་བཀའ་འབུམ་སོགས་སུ་ཆོས་རྒྱལ་མྱ་ངན་མེད་ཀྱི་རིགས་ཡིན་པར་བཤད། འཇམ་དཔལ་རྩ་རྒྱུད་ལས། ལི་ཙ་བྱི་རྣམས་རིགས་སུ་བྱུང་། ཞེས་ཤཱཀྱའི་རིགས་ལ་ཤཱཀྱ་ཆེན་པོ་དང་། ཤཱཀྱ་རི་བྲག་པ་དང་། ཤཱཀྱ་ལི་ཙ་བྱི་གསུམ་ལས་ལི་ཙ་བྱིའི་རིགས་སུ་ལུང་བསྟན་ཅིང་། རྒྱལ་པོ་བཀའ་འབུམ་དུ་ཤཱཀྱ་རི་བྲག་པའི་རིགས་ཡིན་པར་བཤད་ལ་ཇི་ལྟར་ཡང་ཤཱཀྱའི་རྒྱུད་དུ་གཏོགས་པའི་རྒྱལ་རིགས་ཤིག་རྒྱ་གར་ནས་རིམ་གྱིས་བོད་ཡུལ་དུ་སླེབས་ཏེ། ཡར་ལུང་ལྷ་རིའི་རྩེར་སླེབ་པ་ན་བོད་ཀྱི་མི་རྣམས་ཀྱིས་གང་ནས་འོངས། རིགས་གང་ཡིན་དྲིས་པས་སྐད་མ་ཤེས་པར་གནམ་ལ་མཛུབ་མོ་སྐྱེར་ཏེ་དེ་ནས་འོངས་ཞེས་བརྡ་བྱས་པ་ན། གནམ་ནས་ཡོངས་བའི་བཙན་པོ་ཞིག་འདུག་པས་རང་རེ་རྣམས་ཀྱི་རྗེ་བོ་ཞུ་ཟེར་ནས། མི་བཅུ་གཉིས་གཉའ་བར་བཏེག་ནས་རྒྱལ་པོར་བཀུར་བས་རྒྱལ་པོ་གཉའ་ཁྲི་བཙན་པོ་ཞེས་གྲགས་ཏེ། བོད་ཀྱི་རྒྱལ་རབས་སྔ་ཤོས་དེ་ཡིན་ནོ། །དེའི་སྲས་དམུ་ཁྲི་བཙན་པོ། དེའི་སྲས་དིང་ཁྲི། དེའི་སྲས་སོ་ཁྲི། དེའི་སྲས་ཡི་ཁྲི། དེའི་སྲས་གདགས་ཁྲི། དེའི་སྲས་ཁྲི་བཙན་པོ་དང་བདུན་ལ་གནམ་གྱི་ཁྲི་བདུན་ཟེར་ཞིང་། ཐ་མ་དེའི་རིང་ལ་གདོལ་བོན་དར་རོ། །དེའི་སྲས་གསུམ་གྱི་བྱ་ཁྲི་ལ་སྤུ་ལྡེ་གུང་རྒྱལ་ཞེས་བཏགས། དེའི་སྲས་ཨ་ཤོ་ལེགས། དེའི་སྲས་ཨི་ཤོ་ལེགས་ཀྱི་འཆིང་པར་སྟག་རྩེ་བརྩིགས་ཏེ། མཁར་སྔ་ཤོས་ཡིན་ནོ། །དེའི་སྲས་དེ་ཤོ་ལེགས། དེའི་སྲས་གུ་རབ་ལེགས། དེའི་སྲས་འབྲོང་རྗེ་ལེགས། དེའི་སྲས་ཐོ་ཤོ་ལེགས་ཏེ་དྲུག་ལ་སའི་ལེགས་དྲུག་ཟེར་རོ། །
དེའི་སྲས་རྒྱལ་ཟ་རྣམ་ཟིན་ལྡེ། དེའི་སྲས་ལྡེ་སྣོལ་གནམ་ནས་བཟུང་སྟེ། ཁྲི་ཐོག་རྗེ་ཐོག་བཙན་གྱི་བར་ཡན་ཅད་རྒྱལ་རབས་ཉི་ཤུ་རྩ་དྲུག་ན་ལྷ་ཐོ་ཐོ་རི་གཉན་བཙན་བྱོན་ནས་ཕོ་བྲང་ཡུམ་བུ་བླ་སྒང་གི་རྩེར་བཞུགས་པ་ན། ནམ་མཁའ་ནས་ཟ་མ་ཏོག་འོད་ཟེར་འཕྲོ་བ་ཞིག་བབས་པ་ཁ་ཕྱེ་ནས་བལྟས་པས། མདོ་སྡེ་ཟ་མ་ཏོག་བཀོད་པ་དང་། སྤང་བསྐོང་ཕྱག་རྒྱ་པ་དང་། དགེ་བ་བཅུའི་མདོ་དང་རྟེན་འབྲེལ་བཅུ་གཉིས་ཀྱི་མདོ་དང་། གསེར་གྱི་མཆོད་རྟེན་གཅིག་རྣམས་བྱུང་བ། དེའི་ཚེ་བོད་ན་ཡི་གེ་འབྲི་ཀློག་མེད་པས་གང་ཡིན་ངོ་མ་འཕྲོད་ཀྱང་། རྒྱལ་པོའི་མནལ་ལམ་དུ་བྱིན་རླབས་ཤིན་ཏུ་ཆེ་བ་ཡིན་ཚུལ་དང་། མི་རབས་ལྔ་ནས་འདིའི་དོན་ཤེས་པར་འགྱུར་རོ་ཞེས་ལུང་བསྟན་བྱུང་ནས་རྒྱལ་པོ་ངོ་མཚར་ཏེ་རིན་པོ་ཆེའི་ཁྲི་ལ་བཞག་སྟེ། རྒྱལ་པོ་འཁོར་བཅས་ཀྱིས་ཕྱག་འཚལ། མཚན་མོ་མར་མེ་ཕུལ། ཉིན་རེ་བཞིན་མཆོད་པ་སྣ་ཚོགས་ཀྱིས་མཆོད། མིང་གཉན་པོ་གསང་བ་ཞེས་བཏགས། བྱ་བ་ཐམས་ཅད་ལ་དེ་མཆོད་ནས་གསོལ་བ་འདེབས། དེའི་མཐུས་རྒྱལ་པོའི་བསམ་པ་ཐམས་ཅད་འགྲུབ་ཅིང་། དེ་དུས་རྒྱལ་པོས་ལོ་དྲུག་ཅུ་ལོན་པ་ལ་གཉན་པོ་གསང་བ་བྱིན་རླབས་ཀྱིས་སླར་ཡང་གཞོན་ཤ་ཆགས། དགུང་ལོ་བརྒྱ་དང་ཉི་ཤུ་ཐུབ་ཅིང་བོད་ཁམས་ཐམས་ཅད་ཀྱིས་ཀྱང་གཉན་པོ་གསང་བ་ལ་གསོལ་བ་བཏབ་པས་བདེ་སྐྱིད་ཆེས་ཆེར་འཕེལ་ལོ། །དེ་ལ་ནི་དམ་པའི་ཆོས་ཀྱི་དབུ་བརྙེས་པ་ཞེས་སྔོན་གྱི་མཁས་པ་རྣམས་ལ་གཏམ་དུ་གྲགས་སོ། །རྒྱལ་པོ་དེ་གཤེགས་ཁར་ཞལ་ཆེམས་སུ། ཁ་བ་ཅན་གྱི་རྒྱལ་ཁམས་འདིར་ལུས་སེམས་ལ་བདེ་སྡུག་ཅི་བྱུང་ཡང་ངའི་གཉན་པོ་གསང་བ་འདི་ལ་མཆོད་པ་ཕུལ་ལ་གསོལ་བ་ཐོབ་ཅིག་འདོད་དོན་ཐམས་ཅད་འགྲུབ་བོ་གསུངས་ཏེ་གཤེགས། དེའི་སྲས་ཁྲི་གཉན་ཟུང་བཙན། དེའི་སྲས་འབྲོག་གཉན་ལྡེའུ། དེ་ལ་སྲས་དམུས་ལོང་ཞིག་འཁྲུངས་པ་རྒྱལ་སར་བཏོན་ཏེ། གཉན་པོ་གསང་བ་ལ་མཆོད་ཅིང་གསོལ་བ་བཏབ་པས་སྤྱན་བྱེ་སྟེ། རྒྱབ་རི་ལ་གཉན་འགྲོ་བ་གཟིགས་པས་སྟག་རི་གཉན་གཟིགས་ཞེས་མཚན་དུ་གྲགས།
དེའི་སྲས་གནམ་རི་སྲོང་བཙན་དང་། བཙུན་མོ་ཙེ་སྤོངས་བཟའ་འབྲི་ཟ་ཐོད་དཀར་ཞེས་བྱ་བ་རྒྱལ་པོ་ཡབ་ཡུམ་དེ་གཉིས་ལ་སྲས་མཚན་དང་ལྡན་པ་ཞིག་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་དང་བཅས་མེ་གླང་གི་ལོར་སྐུ་བལྟམས། མཚན་ལ་ཁྲི་ལྡེ་སྲོང་བཙན་དུ་བཏགས། དབུའི་ཐོད་ན་འོད་དཔག་མེད་དངོས་སུ་བཞུགས་པ་དར་ལེ་བརྒན་གྱིས་བཀྲིས། རྒྱལ་བུ་དེ་ནར་སོན་ནས་དགུང་ལོ་བཅུ་གསུམ་ལ་བབས་པ་ན་ཡབ་ཡུམ་གཉིས་ལ་བོད་ཁམས་ཆོས་ཀྱིས་འདུལ་བའི་ཕྱིར་བདག་རྒྱལ་སྲིད་ལ་དབང་བསྐུར་དུ་གསོལ་ཞེས་གསུངས་པ་ན། ཡབ་ཡུམ་གཉིས་ཀྱིས་ཀྱང་དགྱེས་བཞིན་དུ་རྒྱལ་སྲིད་ལ་བཀོད། དེའི་ཚེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གྲངས་མེད་པ་མདུན་གྱི་ནམ་མཁར་བྱོན། ལྷ་རྣམས་ཀྱི་རིན་པོ་ཆེའི་བུམ་པ་སྤོས་ཆུས་གང་བས་དབང་བསྐུར། བཀྲ་ཤིས་ཀྱི་ཤིས་པ་བརྗོད་ཅིང་མེ་ཏོག་གི་ཆར་ཕབ་བོ། །དེིའི་གནས་ནི་རི་བོ་དགའ་ལྡན་གྱི་རི་འདི་ཡིན་པར་གསུང་། དེ་མ་ཐག་མཐའི་རྒྱལ་ཕྲན་ཐམས་ཅད་ཀྱང་དབང་དུ་འདུས། འཕྲིན་ཡིག་དང་སྐྱེས་འབུལ་བྱས། དེ་སྔོན་བོད་ལ་ཡི་གེ་མེད་པས་ཐོན་མི་སཾ་བྷོ་ཊ་འཁོར་བཅུ་དྲུག་དང་བཅས་པ་ཡི་གེ་སློབ་ཏུ་བཏང་བས་པཎྜི་ཏ་ལྷའི་རིག་པ་སེང་གེ་ལས་སྒྲ་བསླབས་ཏེ། བོད་ཀྱི་སྐད་དང་བསྟུན་ནས་གསལ་བྱེད་སུམ་ཅུ་དང་ཨ་ལི་བཞིར་བསྡུས་ཏེ་གཟུགས་ཁ་ཆེའི་ཡི་གེ་དང་བསྟུན་ནས་ལྷ་སའི་སྐུ་མཁར་མ་རུར་བཅོས་ནས་ཡི་གེ་དང་སྒྲའི་བསྟན་བཅོས་བརྒྱད་མཛད། ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་ཉིད་སྔོན་ཡུན་རིང་པོ་ནས་སངས་རྒྱས་ཟིན་ནས་ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་པ་ཉིད་ཡིན་ཡང་། ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་ཡོན་ཏན་ཐམས་ཅད་ཀྱི་གཞི་མ་ཡི་གེ་བསླབས་ནས་ཤེས་དགོས་སོ་ཞེས་འདོམས་པ་དང་། ཡོན་ཏན་ཐམས་ཅད་དགེ་བའི་བཤེས་གཉེན་ལས་བསླབས་ནས་ཤེས་དགོས་སོ་ཞེས་འདོམས་པའི་ཕྱིར་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་ལོ་བཞིར་མཚམས་བཅད་དེ་ཡི་གེ་སློབས་པར་མཛད། མདོ་ཟ་མ་ཏོག་བཀོད་པ་དང་། སྤང་བསྐོང་དང་།མདོ་སྡེ་དཀོན་མཆོག་སྤྲིན་ལ་སོགས་པ་བསྒྱུར་རོ། །དེ་ནས་བོད་ཁམས་ཆོས་ལ་འཛུད་ཕྱིར་དགེ་བ་བཅུའི་མདོ་ལ་བརྟེན་ནས་ཁྲིམས་བཅས་ཏེ། ང་ནི་ཆོས་སྐྱོང་བའི་རྒྱལ་པོ་ཡིན་པས་བོད་ཁམས་ཐམས་ཅད་དགེ་བ་ལ་འགོད་པར་བྱའོ། །ཆོས་ཁྲིམས་མེད་ན་མི་དགེ་བའི་དབང་དུ་གྱུར་ནས་སྡུག་བསྔལ་གྱི་རྒྱུ་འབའ་ཞིག་ལ་སྤྱད་བས་འབྲས་བུ་ངན་སོང་གསུམ་དུ་སྐྱེ་བར་འགྱུར་རོ། །མི་དགེ་བ་བཅུ་སྤོངས་ཤིག གལ་ཏེ་མི་དགེ་བཅུ་སྤྱད་ན་འཆད་པས་གཅོད་དོ། །བསད་ན་ནི་སྟོང་བདའོ། །བརྐུས་ན་ནི་བརྒྱད་འཇལ་ངོས་དགུ་འདེད་དོ་ཞེས་སོགས་བཀའ་ཁྲིམས་དམ་དུ་བཅས་པ་ན་མཚན་སྲོང་བཙན་སྒམ་པོར་གྲགས་སོ། །
དེ་ནས་རྒྱལ་པོའི་ཐུགས་ལ་བོད་རྣམས་ཆོས་ལ་འཛུད་པ་ལ་ཡི་དམ་གྱི་ལྷ་ཞིག་བཞེངས་དགོས་པར་དགོངས་ནས་ཐུགས་བསམ་མཛད་པ་ན། ནམ་མཁའ་ནས་ལྷ་རྣམས་ཀྱིས་རྒྱལ་པོ་ཁྱོད་ཀྱི་ཡི་དམ་གྱི་ལྷ་རྒྱ་གར་སིང་ག་ལའི་གླིང་གི་བྱེ་མའི་གསེབ་ན་ཡོད་དོ་ཞེས་ལུང་བསྟན་ཏོ། །དེ་ལེན་པ་ལ་སྤྲུལ་པ་ཞིག་དགོས་པར་དགོངས་ནས། དགེ་སློང་མ་ཏེ་ཤཱི་ལ་ཞེས་བྱ་བ་སྤྲུལ་ཏེ་བཏང་ངོ་། །སྤྲུལ་པའི་དགེ་སློང་དེས་གྲོང་ཁྱེར་ཤིང་ཐགས་ཅན་དུ་བྱོན་ནས། གྲོང་ཁྱེར་དེའི་རྒྱལ་པོ་འཁོར་དང་བཅས་པ་ཡང་རྫུ་འཕྲུལ་གྱི་སྒོ་ནས་དད་པར་བྱས། ཡུལ་དེར་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་སྤེལ། དེ་ནས་སྤྲུལ་པའི་དགེ་སློང་འཁོར་མང་པོ་དང་བཅས་མང་པོ་དང་བཅས་ལྷོ་ཕྱོགས་སིག་ག་ལའི་གླིང་དུ་ཕྱིན་པ་དང། སིང་ག་ལའི་བྱེ་མའི་ཐང་ལ་གླང་པོ་ཆེ་ཉལ་བའི་འོག་ནས་བརྐོས་པས་ཙན་དན་སྦྲུལ་གྱི་སྙིང་པོའི་སྡོང་པོ་བྱུང་ངོ་། །དེ་གཤགས་པའི་ནང་ནས་ཐུགས་རྗེ་ཆེན་པོའི་སྐུ་ཁྲུ་གང་པ་ཞལ་བཅུ་གཅིག་ཕྱག་བཅུ་ཡོད་པ། བན་དྷུ་ཇི་བ་ཀའི་མདོག་ལྟར་ཤིན་ཏུ་དམར་བ་མཚན་དང་དཔེ་བྱད་དང་ལྡན་པ། དྲི་ཞིམ་པ། འོད་ཟེར་ཀུན་ལ་འཕྲོ་བ་ཞིག་བྱུང་བ་དེ་དགེ་སློང་གིས་ཕྱག་ཏུ་བསྣམས་ཏེ། ཤིང་རྣམས་རྒྱལ་པོ་ལ་གནང་ངོ་། །དེ་ནས་ལྷོ་ཕྱོགས་རི་བོ་པོ་ཏ་ལར་བྱོན་པ་དང་། དེ་ན་མཚན་མོ་ཟླ་བའི་འོད་ལ་མེ་ཏོག་འཆར་བའི་ཙན་དན་གྱི་སྡོང་པོ་ཞིག་ཡོད་པ་དེ་གཟིགས་ནས་འདི་ཙན་དན་གོར་ཤི་ཤའོ་གསུངས་ནས། དེ་བཅད་པའི་རྩ་བ་ལ་མཆོད་རྟེན་གཅིག་བསྲུབས་ཏེ། གཞན་རྣམས་རྒྱལ་པོ་ལ་གནང་ངོ་། །རྒྱ་མཚོའི་གླིང་གི་འཇག་མ་རེའི་རྩེ་ནའང་སྤྲུལ་པའི་སྐུ་མང་པོ་བཞུགས་པ་གཟིགས་ནས་འཇག་མ་ཕོན་གཅིག་ཀྱང་ཕྱག་ཏུ་བསྣམས་སོ། །མཆོད་རྟེན་པདྨའི་འཁོར་ལོ་ནས་སངས་རྒྱས་བཞིའི་རིང་བསྲེལ་སྤྱན་དྲངས། དེ་ནས་མ་གྷ་དྷར་བྱོན་པ་ན་ལྷ་རྣམས་ཀྱི་བྱང་ཆུབ་ཀྱི་ཤིང་གི་ཡལ་ག་མང་དུ་ཕུལ་བ་རྣམས་ལ་མཆོད་རྟེན་བསྲུབས། གནས་ཆེན་བརྒྱད་ཀྱི་ས་དང་། ཆུ་ཀླུང་གངྒཱའི་བྱེ་མ་ལ་དེ་བཞིན་གཤེགས་པའི་སྐུ་མང་པོ་བཞུགས་པ་གཟིགས་པས་ས་དང་བྱེ་མ་མང་དུ་བསྣམས་ཏེ་རྫུ་འཕྲུལ་གྱིས་བོད་ཡུལ་དུ་བྱོན་ནས་སྲོང་བཙན་སྒམ་པོ་ལ་ཕུལ་བས་རབ་ཏུ་དགྱེས། དེ་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོས་མཆོད་གནས་དེ་རྣམས་སྤྱན་དྲངས་ནས་ཕོ་བྲང་དམར་པོ་རིར་བྱོན་པ་ན། ཡར་འཕྲང་གི་བྲག་བྱ་ཁྱུང་གི་གཤོགས་པ་འདྲ་བའི་མདུན་དུ་སྐུ་ཁྲུས་མཛད་པ་དང་། ཆུ་ནང་དུ་འོད་ཟེར་སྣ་ལྔ་ཤར་བ་ན་འདི་ཅི་ལགས་ཞུས་པས། ཁོ་བོ་སྐུ་བལྟམས་པ་དང་དུས་གཅིག་ཏུ་ཡར་འཕྲང་གི་བྲག་ལ་གསུང་གི་སྙིང་པོ་ཡི་གེ་དྲུག་པ་དང་། མར་འཕྲང་གི་བྲག་ལ་ཐུགས་ཀྱི་སྙིང་པོ་ཤེལ་གྱི་མཆོད་རྟེན་གཅིག་རང་བྱུང་དུ་བྱུང་སྟེ། འདི་གསུང་གི་སྙིང་པོ་ཡི་གེ་དྲུག་པའི་གཟུགས་བརྙན་གྱི་འདི་ཡིན་ནོ། །སྐུའི་ངོ་བོ་ནི་ང་ཉིད་ཡིན་ནོ་ཞེས་གསུངས། དེ་ནས་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་གངས་རིའི་ཁྲོད་འདིར་རྒྱལ་བའི་བསྟན་པ་དར་བར་བྱ་བའི་ཕྱིར་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་ཐུགས་རྗེ་བསྐུལ་བ་ཤུགས་དྲག་ཏུ་མཛད་ཅིང་། ལྷག་པར་ཙན་དན་སྦྲུལ་གྱི་སྙིང་པོའི་སྐུ་ལ་མཆོད་དེ་གསོལ་བ་བཏབ་པ་ན། ཙན་དན་གྱི་སྐུས་གསུང་ཕྱུང་ཏེ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཁྱོད་ཀྱིས་ངའི་སྐུ་གཅིག་བཞེངས་ཤིག་གསུངས་སོ། །རྒྱལ་པོའི་ཐུགས་ལ་ལྡེར་བཟོ་ལ་དགོས་པའི་རྫས་རྣམས་བསགས་ནས་སྲོག་ཤིང་ནི་བྱང་ཆུབ་ཀྱི་ཤིང་ལ་བྱ། རུ་ཤིང་ནི་ཙན་དན་གོར་ཤི་ཤ་ལ་བྱ། རྩིབས་མ་ནི་རྒྱ་མཚོའི་འཇག་མ་མ་ལ་བྱ། སྐུ་ཤ་ནི་གནས་ཆེན་བརྒྱད་ཀྱི་ས་དང་ཆུ་ཀླུང་ནཻརཉྫནའི་བྱེ་མ་དང་། ཙན་དན་གཉིས་བརྡར་བའི་ཕྱེ་མ་རྣམས་བ་དཀར་མོའི་འོ་མས་སྦྲུས་པའི་འཇིམ་པ་ལ་བྱ། ནང་རྫོང་ནི་མཆོད་རྟེན་གསུམ་ངང་། སངས་རྒྱས་བཞིའི་རི་བསྲེལ་ལ་བྱ། ཙན་དན་སྦྲུལ་གྱི་སྙིང་པོ་སྐུ་འདི་ཉིད་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་པ་ཞིག་བྱའོ་སྙམ་དུ་ཐུགས་ལ་འཁྲུངས། དེའི་ནངས་པར་ཙན་དན་སྦྲུལ་གྱི་སྙིང་པོའི་སྤྱན་རས་གཟིགས་ཀྱི་སྐུ་ཅི་འདྲ་བ་དེ་འདྲ་བ་ཞིག་ཆ་རྐྱེན་དེ་དག་ལས་རང་འཁྲུངས་སུ་བྱུང་སྟེ་འདུག་པ་གཟིགས་སོ། །དེ་ཡང་སྐུ་མདོག་དཀར་པོ།ཞབས་མཉམ་པར་བཞེངས་པ། ཞལ་བཅུ་གཅིག་པ། རྩ་བའི་ཞལ་གསུམ་འཛུམ་པ་དང་ལྡན་པ། དེའི་སྟིང་མ་གསུམ་རབ་ཏུ་བཞད་པ། དེའི་སྟིང་མ་གཉིས་ཅུང་ཟད་ཁྲོས་པ། དེའི་སྟིང་མ་གཉིས་ཤིན་ཏུ་ཁྲོས་པ། སྟིང་མ་གཅིག་ཨ་མི་དེ་བའི་ཞལ་གཙུག་ཏོར་དང་བཅས་པའོ། །ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། དེའི་འོག་མ་གཉིས་གཡས་ཤེལ་ཕྲེང་དང་གཡོན་པདྨ། དེའི་འོག་མ་གཉིས་གཡས་འཁོར་ལོ་དང་གཡོན་རིལ་བ་སྤྱི་བླུགས། དེའི་འོག་མ་གཉིས་གཡས་མཆོད་སྦྱིན་དང་གཡོན་དཔག་བསམ་གྱི་ཤིང་། མཐའ་མ་གཉིས་གཡས་སྤྲུལ་པའི་ཤཱཀྱ་ཐུབ་པ་དང་གཡོན་མདའ་གཞུ་བསྣམས་པ། ཨ་མི་དེ་བ་མན་ཆད་རྒྱལ་པོ་ཉིད་ཀྱི་སྐུ་དང་ཆུ་ཞིང་གབ་པར་འདུག་པས་ངོ་མཚར་སྐྱེས། རྒྱལ་པོའི་ཐུགས་ལ་ཙན་དན་གྱི་སྐུ་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་ན་ཅི་མ་རུང་སྙམ་མ་ཐག་ཏུ་སྐུ་དེས་དར་ཤམ་པུས་གོང་དུ་བརྫེས་ནས་ཞབས་གཡས་བསྐུམས་པ་ནས་འོད་བྱུང་བས། ཙན་དན་གྱི་སྐུ་དེ་ཞབས་གཡས་པའི་མཐིལ་ནས་ཡར་སྤྱན་དྲངས་ཏེ་ཐུགས་ཀར་ཐིམ་མོ། །
དེ་ནས་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་ཉིད་ཉོན་མོངས་བག་ཆགས་དང་བཅས་པ་རྩ་བ་ནས་སྤངས་པ་ཡིན་ཡང་རྒྱལ་བའི་མཛད་པ་ལྟར་འཇིག་རྟེན་མཐུན་འཇུག་གི་ཕྱིར་བཙུན་མོ་བཞེས་ཏེ་རིགས་རྒྱུད་སྤེལ་བའི་མཛད་པ་སྟོན་བཞིན་པ་དང་། གཙོ་བོར་རྒྱལ་བ་ཉིད་ཀྱིས་དངོས་སུ་རབ་གནས་མཛད་པའི་སངས་རྒྱས་ཀྱི་སྐུ་གཟུགས་རྣམ་གཉིས་སྤྱན་དྲང་བར་བཞེད་པ་དང་། སྔོན་ཐུགས་བསྐྱེད་པའི་ཚེ་ལྷ་མོ་སྒྲོལ་མ་དང་། ལྷ་མོ་ཁྲོ་གཉེར་ཅན་མ་གཉིས་ཀྱིས་ཐུགས་རྗེ་ཆེན་པོའི་འཕྲིན་ལས་ཀྱི་གྲོགས་མཛད་པར་ཐུགས་བསྐྱེད་པ་ལྟར། ལྷ་མོ་གཉིས་པོ་དེ་མི་མོའི་རྣམ་པར་བལ་ཡུལ་དང་རྒྱ་ནག་ན་བཞུགས་པ་གཉིས་སྤྱན་དྲང་བར་བཞེད་ནས་ཐུགས་རྗེ་ཆེན་པོ་རང་བྱུང་མ་མཆོད་ཅིང་བསྟོད་དེ་གསོལ་བ་བཏབ་པས། ཐུགས་ཀ་ནས་འོད་ཟེར་གཉིས་སྤྲོས་ཏེ། གཅིག་བལ་ཡུལ་དང་གཅིག་རྒྱ་ནག་ཏུ་སོང་ངོ་། །བལ་ཡུལ་དུ་སོང་བ་དེ་ལ་གཟིགས་པས་བལ་པོའི་རྒྱལ་པོ་འོད་ཟེར་གོ་ཆ་ཞེས་བྱ་བ་ལ་བུ་མོ་ལྷ་ཅིག་ཁྲི་བཙུན་ཞེས་བྱ་བ་ལོ་བཅུ་དྲུག་ལོན་པ་ན་ཚོད་དར་ལ་བབ་པ་མཚན་དང་དཔེ་བྱད་དུ་ལྡན་པ། དཀར་ལ་དམར་བའི་མདངས་ཆགས་པ། ལྷ་མོ་ཁྲོ་གཉེར་ཅན་གྱི་སྤྲུལ་པ་རིག་གནས་མཐའ་དག་དང་རིན་པོ་ཆེའི་བང་མཛོད་ལ་མངའ་བརྙེས་པ་ཞིག་འདུག་པར་གཟིགས་སོ། །རྒྱ་ནག་ཏུ་སོང་བ་དེ་ལ་གཟིགས་པས་རྒྱའི་རྒྱལ་པོ་ཐང་ཐི་ཟུང་ཞེས་བྱ་བ་ལ་བུ་མོ་ལྷ་ཅིག་ཀོང་ཇོ་ཞེས་བྱ་བ་ལོ་བཅུ་དྲུག་ལོན་པ། ན་ཚོད་དར་ལ་བབས་པ། མཚན་དང་དཔེ་བྱད་དུ་ལྡན་པ་སྐུ་མདོག་སྔོ་བསངས་ལྷ་མོ་སྒྲོལ་མའི་སྤྲུལ་པ། ལུང་དང་རིགས་པའི་བསྟན་བཅོས་མཐའ་དག་ལ་མངའ་བར་བརྙེས་ཤིང་། རིན་པོ་ཆེ་སྣ་ཚོགས་ཀྱི་བང་མཛོད་དང་ལྡན་པ་ཞིག་འདུག་པར་གཟིགས་སོ། །དེ་ནས་རྒྱལ་པོས་བློན་པོ་རྣམས་ལ་བཙུན་མོ་དེ་གཉིས་གདན་འདྲེན་པར་བསྐུལ་བས། བློན་པོ་མགར་གྱིས་གཙོས་རྟ་པ་བརྒྱས་རིན་པོ་ཆེའི་སྐྱེས་མང་པོ་དང་། རྒྱལ་པོའི་བཀའ་ཤོག་གི་སྒྲོམ་བུ་ཁྱེར་ནས་བལ་ཡུལ་དུ་ཕྱིན་ཏེ། ཆོས་ཀྱི་རྒྱལ་པོ་འོད་ཟེར་གོ་ཆ་ལ་རྒྱུ་མཚན་གསོལ་པས། རྒྱལ་པོ་འོད་ཟེར་གོ་ཆས་ཀྱང་དགྱེས་བཞིན་དུ་འབུལ་བར་ཁས་བླངས་ནས་ཁྲི་བཙུན་གྱིས་ལྷ་མི་བསྐྱོད་རྡོ་རྗེ་དང་། བྱམས་པ་ཆོས་འཁོར་མ། ཙན་དན་གྱི་སྒྲོལ་མ་གསུང་འབྱོན་རྣམས་དང་། གཞན་ཡང་ནོར་སྐལ་མང་དུ་ཡབ་ལ་ཞུས་ཕེབས་ཀར་ཡབ་ཀྱིས། སྔོན་ཆད་བུ་མོས་ཕ་ཡུལ་བཟུང་བ་མེད། །དེ་ཕྱིར་བུ་མོ་བོད་ཡུལ་དབུས་སུ་སོང་། །སྤྲུལ་པའི་རྒྱལ་པོའི་ཐུགས་བཟུང་མཉེས་བྱས་ཏེ། །འཇིག་རྟེན་ཆོས་ལུགས་བཟང་པོ་དར་བར་གྱིས། །རྗེ་ཡི་ཕོ་བྲང་སྐུ་མཁར་བཙན་པོ་རྩིགས། །ལྷ་ཁང་སྐུ་གཟུགས་དམ་ཆོས་རྒྱ་ཆེར་བཞེངས། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་མཆོད། །བཟང་པོ་རྣམས་ལ་རྗེ་བཞིན་བཀུར་བྱ་ཞིང་། །དམན་པ་རྣམས་ལ་མ་བཞིན་བརྩེ་བར་བྱ། །དགེ་བའི་ལས་ཀུན་དང་དུ་བླང་བྱ་ཞིང་། །སྡིག་པའི་ལས་ཀུན་རྒྱབ་ཏུ་དོར་བར་བྱ། །མདོར་ན་བློ་ཕུགས་དམ་པའི་ཆོས་ལ་གཏོད། །འཕྲལ་གྱི་ལྟ་སྤྱོད་འཇིག་རྟེན་ཚུལ་དང་བསྟུན། །བོད་ཀྱི་མི་རྣམས་སྤྲོ་བ་བསྐྱེད་པ་མཛོད། །ཅེས་སོགས་ཞལ་ཏ་མང་དུ་གནང་ནས་བོད་ཡུལ་ལ་ཕེབས། དེའི་ཚེ་བལ་ཡུལ་ནས་སྐྱིད་གྲོང་གི་བར་བཅའ་འཕྲད་རྣམས་ལ་ལྷ་དེ་དག་གིས་ཞབས་ཀྱིས་ཕེབས་པ་སོགས་རྫུ་འཕྲུལ་དཔག་མེད་བསྟན། དེ་ནས་རིམ་གྱིས་ལྷ་སར་ཕེབས།
ཡང་བློན་པོ་མགར་གྱིས་གཙོས་རྟ་པ་བརྒྱས་རིན་པོ་ཆེའི་སྐྱེད་དང་བཀའ་ཤོག་གི་སྒྲོམ་བུ་བཅས་ཁྱེར་ནས་རྒྱ་ནག་ཏུ་ཕྱིན་ཏེ། རྒྱ་ནག་རྒྱལ་པོར་ལྷ་ཅིག་ཀོང་ཇོ་གནང་དགོས་ཚུལ་ཞུས་པས། རྒྱལ་པོས་ཁྲེལ་རྒོད་བྱས་ཤིང་གཉེན་ཟླ་མིན་ཚུལ་དང་། རྒྱལ་པོ་མང་པོ་དང་རྩལ་ཁྱད་འགྲན་དགོས་ཚུལ་སོགས་བྱས་པ་ན། རྩལ་ཁྱད་མང་དུ་འགྲན་ཡང་མགར་རིག་པ་ཅན་ཐུབ་པ་སུ་ཡང་མ་བྱུང་ཞིང་། མཐར་ལྷ་ཅིག་ཀོང་ཇོ་མགར་གྱིས་ཐོབ་པ་ན། ལྷ་ཅིག་ཀོང་ཇོས་ཡབ་རྒྱལ་པོ་ལ་རྟེན་སྐལ་དུ་ཇོ་བོ་ཤཱཀྱ་མུ་ནི་དགོས་ཚུལ་དང་། གཞན་ཡང་ནོར་སྐལ་མང་དུ་བསླངས་པ་ན། ཡབ་ཀྱིས་ཀྱང་གནང་ནས་བོད་དུ་འབྱོན་ཁར། ཕ་ཡི་སྲོག་ལྟར་གཅེས་པའི་བུ་མོ་ཁྱོད། །ཁ་བ་ཅན་གྱི་ཡུལ་དུ་ཕྱིན་པ་ན། །ཕ་ཡི་གཏམ་འདི་དྲན་པས་གུས་བྱོས་ལ། །ཁྱོད་ཀྱི་བསམ་སྤྱོད་ཚུལ་ནི་འདི་ལྟར་བྱ། །འཕྲལ་དུ་འཇིག་རྟེན་ཚུལ་དང་བསྟུན་པའི་ཕྱིར། །བློ་ཁོག་ཡངས་ཤིང་ཐེག་པ་ཆེ་བ་དང་། །ལུས་ཚགས་དམ་ཞིང་ལུས་སྒོ་ཐུབ་པ་དང་། །སྨྲ་བ་ཉུང་ཞིང་ངག་འཇམ་གསལ་བར་བྱ། །སྨྲ་བརྗོད་དག་ཅིང་གཙང་སྦྲ་ཆེ་བ་དང་། །གསོག་བསྲུང་མཁས་ཤིང་ཟས་ལ་ཡངས་པ་དང་། །ལག་འོལ་ཆེ་ཞིང་ལག་བྱང་བཟང་བ་དང་། །ཁ་ཟས་སྨན་དང་འདྲ་བར་ཚོད་རིག་སྤྱད། །ཁྱོད་ལ་གུས་ཤིང་བུ་ལ་བྱམས་པ་དང་། །མཐོ་ལ་བཀུར་སྟི་དམའ་ལ་བྱམས་པས་བསྐྱང་། །ཐད་ཀར་མཐུན་བྱ་མཉམ་ལ་འགྲན་སེམས་སྤང་། །སློང་ལ་སྦྱིན་ཞིང་ངན་པའི་ཡ་མི་བྱ། །དཔའ་ལ་སྟག་རས་མཛངས་ལ་ཡིག་ཚད་བྱ། །ལེགས་ལ་བྱ་དགའ་ཉེས་ལ་ཆད་པ་བཅད། །གཉེན་ལ་གཤེས་གཤིན་གྲོགས་ལ་གཞུང་བཟང་བྱ། །ཡུན་དུ་ཕན་པའི་དམ་ཆོས་སྤྱད་པའི་ཕྱིར། །ཆོས་འཁོར་གསུང་རབ་སྐུ་གཟུགས་ལྷ་ཁང་བཞེངས། །དགེ་འདུན་བསྙེན་བཀུར་བྱ་ཞིང་ཚུལ་ཁྲིམས་སྲུང་། །བྱང་ཆུབ་སེམས་སྒོམས་དངོས་འཛིན་ལྟ་བ་སྤོངས། །དེ་ལྟར་བགྱིས་ན་འཇིག་རྟེན་ལུགས་དང་མཐུན། །ཆོས་དང་མི་འགལ་རང་བཞིན་དོན་གཉིས་འགྲུབ། །ཚེ་འདིར་སྐྱེ་བ་ཀུན་གྱིས་བསྟོད་བཀུར་ཞིང་། །ཕྱི་མར་སངས་རྒྱས་སྲས་བཅས་མཉེས་པར་འགྱུར། །ཞེས་སོགས་ཞལ་ཏ་མང་དུ་གནང་ནས།
ཇོ་བོ་ཤཱཀྱ་མུ་ནི་ཤིང་རྟའི་སྟེང་དུ་བཞུགས་པ་གྱད་ཀྱིོས་ཤིང་རྟ་དྲངས་ཏེ་བོད་ཡུལ་དུ་ཕེབས། དེའི་ཚེ་རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་ལྷ་ཅིག་ཀོང་ཇོ་དང་། ཇོ་བོ་ཤཱཀྱ་མུ་ནི་བཅས་བོད་ཡུལ་དུ་ཕེབས་པས་བོད་འབངས་རྣམས་ཀྱིས་དགའ་སྟོན་རྒྱ་ཆེར་བྱས། དེ་ནས་ཁྲི་བཙུན་དང་ཀོང་ཇོ་གཉིས་ཀྱིས་ལྷ་ཁང་བརྩིག་པར་བཞེད་ནས། བལ་མོ་བཟའ་ཁྲི་བཙུན་གྱིས་འོ་ཐང་གི་མཚོ་བསུབས་ཏེ། དེའི་སྟེང་དུ་ལྷ་ཁང་བརྩིག་པར་བརྩམས་པ་ན། ཁྲི་བཙུན་དང་ཀོང་ཇོ་གཉིས་ཀྱིས་ཆོས་རྒྱལ་སྲོང་བཙན་སྒམ་པོར་གསོལ་བ་བཏབ་ནས་ཁྱེད་རང་བོད་ཀྱི་མགོན་པོ་ཐུགས་རྗེ་ཅན་དངོས་ཡིན་པས་བོད་མུན་པའི་གླིང་འདིར་བསྟན་པའི་སྒྲོན་མེ་འཛུགས་པ་དང་། ཇོ་བོ་ཤཱཀྱ་མུ་ནི་དང་། ཇོ་བོ་མི་བསྐྱོད་རྡོ་རྗེ་གཉིས་ཀྱི་བཞུགས་གནས་ལྷ་ཁང་བཞེང་བ་ལ་བོད་ཀྱི་འདྲེ་སྲིན་གདུག་པ་ཅན་རྣམས་ཁྲོས་ནས་བར་ཆད་བྱེད་པས། བར་ཆད་རྣམས་མྱུར་དུ་ཞི་བ་དང་། འདོད་པའི་དོན་འགྲུབ་པར་མཛད་དུ་གསོལ་ཞེས་གསོལ་བ་བཏབ་པ་ན། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་ལས་འོད་ཟེར་ཁ་བ་ཅན་ཁྱབ་པར་རབ་ཏུ་བཀྱེ་བས་གནམ་ནས་ཆར་བབས། ས་ལ་རྩི་ཏོག་སྨིན། མེ་ཏོག་སྣ་ཚོགས་ཁ་བྱེད། རྩི་ཤིང་ནགས་ཚལ་དུས་སུ་སྐྱེ། ན་དང་ཆུ་ཕྲན་རྒྱས་ནས་སེམས་ཅན་ཐམས་ཅད་ཀྱིས་བདེ་བ་རྙེད་དོ། །དེ་ནས་རྒྱལ་པོའི་སྐུ་ལས་སྤྲུལ་པ་ཉིས་སྟོང་སྤྲུལ་པ་སྟོང་གིས་ལྷ་ཁང་རྩིག་པར་མཛད། བོད་ཀྱི་ས་གཞི་སྲིན་མོ་གན་རྐྱལ་དུ་འགྱེལ་བ་འདྲ་འདི་མནན་དགོས་པར་གཟིགས་ནས། དཔུང་པ་གཡས་ལ་སྐ་ཚལ། གཡོན་ལ་ཁྲག་འབྲུག རྐང་པ་གཡས་ལ་གཙང་འགྲམ། གཡོན་ལ་གྲོམ་པ་རྒྱང་སྟེ། རུ་བཞིར་གཙུག་ལག་ཁང་བཞི། གྲུ་མོ་གཡས་ལ་ཀོང་པོ་བུ་ཆུ། གཡོན་ལ་ལྷོ་བྲག་ཁོམ་མཐོང་། པུས་མོ་གཡས་ལ་སྐ་བྲག་་གཡོན་ལ་པྲ་དུམ་རྩེ་སྟེ་མཐའ་འདུལ་བཞི། ལག་མཐིལ་གཡས་ལ་བྱང་ཚལ་གྱི་རླུང་གནོན། གཡོན་ལ་ཁམས་ཀྱི་འདན་ཀློང་ཐང་སྒྲོན་མ། རྐང་མཐིལ་གཡས་ལ་མང་ཡུལ་བྱམས་སྤྲིན། གཡོན་ལ་མོན་ཡུལ་བུམ་ཐང་སྤ་གྲོ་སྐྱེར་ཆུ་ལ་སོགས་པ་གཙུག་ལག་ཁང་མང་པོ་བཞེངས་ནས་གདོད་འོ་ཐང་མཚོ་ལ་རྡོ་མཁར་བརྩིགས། ཤིང་གི་ཕུབ། ཀླུ་འདག་པས་ཞལ་ཞལ་བྱས་ཏེ། ར་ལ་ས་བཀལ་ནས་བདལ་ཏེ་ལྷ་སའི་གཙུག་ལག་ཁང་ར་ས་འཕྲུལ་སྣང་བཞེངས། དེའི་ཚེ་འདྲེ་སྲིན་གདུག་པ་ཅན་རྣམས་འདུལ་ཕྱིར་རང་བྱུང་གི་ལྷ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་བཏབ་པས་ཁྲོ་ཞལ་ནས་འོད་ཟེར་འཕྲོས་པའི་སྣ་ལ་རྟ་མགྲིན་དང་། བདུད་རྩི་འཁྱིལ་པ་གཉིས་བྱུང་སྟེ། འདྲེའི་མུན་པ་བཤིག་ནས་དེ་རྣམས་བྲོས་སོ། །
གླ་བའི་ཚལ་གྱི་བྲག་ལོགས་ལ་ཁ་སརྤ་ཎི་གཙོ་འཁོར་ལྔ་འོད་ཀྱི་རང་བཞིན་དུ་གཟིགས་པ་ལྟར་བྲག་ལ་བརྐོས་ཏེ། སྤྱན་རས་གཟིགས་དབང་འཇིག་རྟེན་མགོན། །ཐུབ་པའི་དབང་པོས་སྤྱི་གཙུག་བརྒྱན། །སྐུ་མདོག་དཀར་གསལ་གངས་རི་འདྲ། །ཉོན་མོངས་མ་གོས་པདྨ་བཞིན། །ཐུགས་རྗེ་ཆེ་ཞིང་མཐུ་ལྡན་ལས། །སེམས་ཅན་ཉམ་ཐག་ཕོངས་པ་ཡིས། །དྲན་ན་སྡུག་བསྔལ་ཞི་མཛད་པ། །མགོན་དུ་གྱུར་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་པ་མཛད། དེ་ལྟར་བལ་མོ་བཟས་གཙོ་མཛད་སྤྲུལ་པ་མང་པོས་འཕྲུལ་སྣང་གི་གཙུག་ལག་ཁང་བཞེངས། ལྷ་ཅིག་ཀོང་ཇོས་གཙོ་མཛད་ནས་ར་མོ་ཆེའི་གཙུག་ལག་ཁང་བཞེངས། འཕྲུལ་སྣང་གིས་གཙུག་ལག་ཁང་གི་རྟེན་གཙོར་ཇོ་བོ་མི་བསྐྱོད་རྡོི་རྗེ་བཞུགས། ར་མོ་ཆེར་ཇོ་བོ་ཤཱཀྱ་མུ་ནི་བཞུགས་སུ་གསོལ། སྐུ་གཟུགས་འདི་གཉིས་ནི་བསྟན་པ་འདི་ལ་གདུལ་བྱ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་མཆོག་ཏུ་གྱུར་པ་རྒྱལ་བ་ཉིད་ཀྱིས་དངོས་སུ་བྱིན་གྱི་བརླབས་པ་སྟེ་སྐུ་འདི་གཉིས་ཀྱི་བྱུང་ཚུལ་ནི། སངས་རྒྱས་ཀྱི་མཐུས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷ་དང་མིའི་རིན་པོ་ཆེ་དུ་མ་ཕུང་པོར་སྤུངས་པ་ལས་སྤྲུལ་སྐུའི་རྟེན་གསུམ་བཞེངས་པའི་ཆེ་བ་ཐུབ་དབང་དགུང་ལོ་ཉེར་ལྔ་པའི་སྐུ་ཚད་ལྟ་བས་ཆོག་མི་ཤེས་པ་རྒྱལ་བ་ཉིས་ཀྱིས་རབ་གནས་མཛད་པ་ཞིག་སུམ་ཅུ་རྩ་གསུམ་དུ་ལྷ་རྣམས་ཀྱི་མཆོད་པའི་རྟེན་དུ་བཞུགས་པར་གྲགས། འབྲིང་པོ་ཐུབ་དབང་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་ལྷའི་བཟོ་བོ་བི་ཤྭ་ཀརྨས་ལུགས་སུ་བླུགས་པ་སྐུ་ལྟ་བས་ཆོག་མི་ཤེས་པ་ཐུབ་པའི་དབང་པོའི་སྐུའི་དབྱིབས་ཇི་ལྟ་བ་བཞིན་པ་རྒྱལ་བ་རང་ཉིས་ཀྱིས་རབ་གནས་མཛད་པ་ཞིག་ཡོད་པ། རིམ་གྱིས་ལྷ་ཡུལ་དང་། ཨོ་ཌི་ཡ་ནའི་ཡུལ་དང་། ཡུལ་དབུས་མ་གྷ་དྷ་རྣམས་སུ་བྱོན། དེ་ནས་རིམ་གྱིས་རྒྱ་ནག་གི་ཡུལ་དུ་གྲུ་རྫིངས་ལ་སྤྱན་དྲངས་ནས། ཕྱོགས་དེའི་སྐྱེ་འགྲོ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དུ་བཞུགས་པ་ལ། འཕགས་པ་ཐུགས་རྗེ་ཆེན་པོ་མིའི་རྣམ་པར་བྱོན་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་རྒྱ་ནག་གོང་མ་ཆེན་པོ་ཐང་ཐའི་ཇུང་ལ་སྲས་མོ་རྗེ་བཙུན་སྒྲོལ་མའི་རྣམ་འཕྲུལ་འོ་ཤིང་ཀོང་ཇོ་བྱ་བ་ཡོད་པ་བོད་ཡུལ་དུ་ཕེབས་པའི་ཚེ། སྐུ་བརྙན་དེ་ཉིད་རྟེན་སྐལ་དུ་སྤྱན་དྲངས་པ་དེང་སང་ཆོས་འཁོར་ལྷ་སའི་རྟེན་གྱི་གཙོ་བོར་བཞུགས་པ་ཇོ་བོ་ཤཱཀྱ་མུ་ནིར་གྲགས་པ་འདི་ཉིད་ཡིན་ཞིང་།
ཡང་བརྒྱ་བྱིན་གྱིས་ལྷ་མིའི་རིན་པོ་ཆེ་དུ་མ་ཕུང་པོར་སྤུངས་པ་སྤྲུལ་བའི་བཟོ་བོ་བི་ཤྭ་ཀརྨས་ལུགས་སུ་བླུགས་པ་ཐུབ་དབང་དགུང་ལོ་བརྒྱད་པའི་སྐུ་ཚད་སངས་རྒྱས་ཉིད་ཀྱིས་རབ་གནས་མཛད་པ་སྐུ་ལྟ་བས་ཆོག་མི་ཤེས་པ་ཞིག་ཡོད་པ་རིམ་གྱིས་བལ་ཡུལ་དུ་ཕེབས། ཆོས་རྒྱལ་འོད་ཟེར་གོ་ཆའི་ཐུགས་དམ་གྱི་རྟེན་མཛད་ཅིང་ཕྱོགས་དེའི་སྐྱེ་འགྲོ་བགྲང་བ་ལས་འདས་པའི་བསོད་ནམས་ཀྱི་ཞིང་དུ་ཡོད་པ་ལས། ཆོས་རྒྱལ་འོད་ཟེར་གོ་ཆའི་སྲས་མོ་བལ་བཟའ་ཁྲི་བཙུན་བོད་དུ་བྱོན་སྐབས་རྟེན་སྐལ་དུ་སྤྱན་དྲངས་ནས། དེང་སང་ར་མོ་ཆེར་བཞུགས་པ་ཇོ་བོ་མི་བསྐྱོད་རྡོ་རྗེ་ཞེས་གྲགས་པ་འདི་ཡིན་ཞིང་། སྐུ་རྣམ་པ་གཉིས་པོ་འདི་ནི་རྒྱལ་བ་དངོས་དང་ཁྱད་པར་མེད་པ་མཐོང་ཐོས་དྲན་རེག་ཙམ་གྱིས་ཐར་པའི་ས་བོན་འཇོག་ནུས་པ། འགྲོ་བ་ལྷ་དང་བཅས་པ་ཐམས་ཅད་ཀྱི་མགོན་སྐྱབས་དང་དཔུང་གཉེན་གཅིག་པུ་ཡིན་ལ། ལྷག་པར་ཁ་བ་ཅན་པ་རྣམས་ཀྱི་བདེ་སྐྱིད་ཐམས་ཅད་ཀྱི་སྐུ་འདི་གཉིས་ཀྱི་བྱིན་རླབས་ཀྱི་མཐུ་ལས་འབྱུང་ཞིང་། རྒྱལ་བ་རང་ཉིད་ཀྱིས་ཀྱང་ལུང་བསྟན་ཏེ། འཇམ་དཔལ་རྩ་རྒྱུད་སོགས་མདོ་རྒྱུད་དུ་མར་སྐུ་འདི་གཉིས་ཀྱི་མཐུ་ལས་བྱང་ཕྱོགས་བོད་ཡུལ་དུ་རྒྱལ་བའི་བསྟན་པ་དར་ཞིང་བྱང་ཆུབ་སེམས་དཔའ་བགྲང་བ་ལས་འདས་པ་འབྱོན་པ་དང་། དེའི་མཐུ་ལས་བདེ་སྐྱིད་རྣམས་འབྱུང་བ་དང་། སྐུ་གཟུགས་འདི་དག་ལ་བསྙེན་བཀུར་བྱེད་པའི་སྐྱེས་བུ་དམ་པ་ཇི་ལྟར་བྱུང་བའི་ཚུལ་ཡང་ཞིབ་ཏུ་ལུང་བསྟན་ཏོ། །དེ་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོས་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་འདི་རྡོ་རྗེ་གདན་དང་མཚུངས་པར་རྒྱལ་བསྟན་ཡོངས་སུ་རྫོགས་པའི་འབྱུང་ཁུངས་སུ་བྱིན་གྱིས་བརླབ་ཕྱིར་གཙུག་ལག་ཁང་གི་གྱང་ལོགས་ལ་ཐུགས་རྗེ་ཆེན་པོ་འཇིགས་པ་བརྒྱད་སྐྱོབ། ཁ་སར་པ་ཎི་ལྷ་ལྔ། དོན་ཡོད་ཞགས་པའི་ལྷ་ཚོགས། རྒྱ་ཆེར་རོལ་པ་ལས་ཇི་ལྟར་འབྱུང་བ་ལྟར་ཐུབ་པའི་མཛད་པ་བཅུ་གཉིས་ཀྱི་ཚུལ་རྣམས་བྲིས།
རྒྱུད་རིས་ལ་ཚུལ་ཁྲིམས་ཀྱི་བསླབ་པ་གོ་བར་བྱ་བའི་ཆེད་དུ་འདུལ་བ་དང་། སེམས་ཀྱི་བསླབ་པ་གོ་བར་བྱ་བའི་ཆེད་དུ་མདོ་སྡེ་དང་། ཤེས་རབ་ཀྱི་བསླབ་པ་གོ་བར་བྱ་བའི་ཆེད་དུ་མངོན་པའི་རྒྱུད་རིས་རྣམས་བྲིས། གློ་འབུར་བྱང་མའི་ནང་དུ་རང་བྱུང་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་ཞབས་ཐང་དུ་བྱོན་པས་ཀུན་ངོ་མཚར་དུ་གྱུར་ཅིང་གློ་འབུར་བྱ་མར་ཕྱག་སྟོང་རྒྱབ་ཡོལ་གྱི་ཚུལ་དུ་བྱས་ཏེ་བཞུགས་སུ་གསོལ། དེའི་ཚེ་ཀླུ་དང་གནོད་སྦྱིན་ལ་སོགས་པ་དཀར་ཕྱོགས་སྐྱོང་བ་མང་པོས་གཙུག་ལག་ཁང་བསྲུང་བར་ཁས་བླངས། ཁྱད་པར་ཤར་ལྷོའི་ལྕོག་ནས་དཔལ་ལྷ་མོས་གཟུགས་དངོས་སུ་བསྟན་ཕྱག་བྱས་ནས་གཙུག་ལག་ཁང་གི་སྲུང་མར་ཁས་བླངས་པ་ན། གནས་དེར་དཔལ་ལྷའི་སྐུ་གཟུགས་ཀྱང་བཞེངས་སོ། །
དེ་ནས་རྒྱལ་པོས་བོད་རྣམས་ཆོས་ལ་འཛུད་ཕྱིར་སྤྲུལ་པ་སྣ་ཚོགས་སྤྲུལ་ནས་སྤྲུལ་པའི་མི་ལ་སྤྲུལ་པས་ཆད་པ་གཅོད་དེ་མགོ་བོ་འབྲེག་པ་དང་། མིག་འབྱིན་པ་དང་། པགས་པ་བཤུ་བ་ལ་སོགས་འཇིགས་ཤིང་སྐྲག་པར་མཛད་ནས་བོད་འབངས་ཐམས་ཅད་དགེ་བ་བཅུའི་ཁྲིམས་ལ་བཀོད། དེའི་ལི་ཡུལ་གྱི་དགེ་ཚུལ་གཉིས་རྗེ་བཙུན་འཇམ་དཔལ་གྱིས་བསྐུལ་ནས་བོད་དུ་རྒྱལ་པོ་མཇལ་དུ་འོངས་པའི་ཚེ་སྤྲུལ་པའི་མཛད་པ་དེ་དག་ལ་འཇིགས་ནས་དད་པར་མ་གྱུར་པ་ན། རྒྱལ་པོས་མཁྱེན་ནས་དབུའི་ཐོད་བཤིག་སྟེ་འོད་དཔག་མེད་ཀྱི་ཞལ་དངོས་སུ་བསྟན་ནས་ང་བོད་ཀྱི་ཐུགས་རྗེ་ཆེན་པོ་ཡིན་པས་ཁྱེད་རྣམས་འཇིགས་མི་དགོས་གསུངས་པ་སོགས་ལོ་རྒྱུས་ངོ་མཚར་ཅན་མང་དུ་སྣང་ངོ་། །
དེ་ནས་རྒྱལ་པོ་ཡབ་ཡུམ་གྱིས་སྦྱིན་བདག་མཛད་ནས་རྒྱ་བལ་གྱི་པཎྜི་ཏ་ཁ་ཤས་སྤྱན་དྲངས་ཏེ་མདོ་རྒྱུད་མང་དུ་བསྒྱུར། རྒྱལ་པོ་ཉིད་ཀྱིས་ཀྱང་ཐུགས་རྗེ་ཆེན་པོའི་ཆོས་སྐོར་མང་དུ་མཛད་ནས་སྐལ་བ་དང་ལྡན་པ་དག་ལ་གནང་སྟེ། སྒོམ་དུ་བཅུག་པས་གྲུབ་པ་ཐོབ་པ་ཡང་མང་དུ་བྱུང་བ་སྣང་ངོ་། །དེ་ལྟར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་ཇོ་བོ་ཤཱཀྱ་མུ་ནི་དང་། ཇོ་བོ་མི་བསྐྱོད་རྡོ་རྗེ་སོགས་སྤྲུལ་པའི་སྐུ་མང་པོ་བོད་དུ་གདན་དྲངས་ཤིང་། ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་སོགས་ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་རྟེན་མང་དུ་བཞེངས། མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་རྣམས་བཏབ། རྒྱལ་བའི་བཀའ་མང་དུ་བསྒྱུར། བོད་ཁམས་ཐམས་ཅད་དུ་དཀོན་མཆོག་གསུམ་གྱི་སྒྲ་གྲགས་པར་མཛད་པས་བོད་དུ་སངས་རྒྱས་ཀྱི་བསྟན་པའི་སྲོལ་གཏོད་པ་ཡིན་ཞེས་སྔོན་གྱི་མཁས་པ་ཐམས་ཅད་མཐུན་པར་གཏམ་དུ་གླེང་ངོ་། །དེ་ལྟ་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་དུ་སངས་རྒྱས་ཀྱི་བསྟན་པའི་སྲོལ་གཏོད་ནས་མྱ་ངན་ལས་འདའ་བར་བཞེད་པ་ན། བོད་འབངས་སྤྱི་ལ་ཞལ་ཆེམས་མང་དུ་གསུངས་པའི་མཐར་གཞན་ཡང་། ཁ་བ་ཅན་གྱི་རྒྱལ་ཁམས་འདིར། །ད་ནས་མི་རབས་ལྔ་ཉིད་ནས། །ཆོས་སྐྱོང་རྒྱལ་པོ་ཆེན་པོ་འབྱུང་། །དམ་ཆོས་མ་ལུས་རྒྱས་པར་བྱེད། །དེ་ནས་གདུང་རབས་གཅིག་ནས་ནི། །རྒྱལ་པོ་དུད་འགྲོའི་མིང་ཅན་འབྱུང་། །དམ་ཆོས་ཐམས་ཅད་ནུབ་པར་བྱེད། །ཐ་མར་དེ་ནི་དམྱལ་བར་འགྲོ །ཁ་བ་ཅན་གྱི་རྒྱལ་ཁམས་སུ། །དམ་ཆོས་མེ་རོ་སྨད་ནས་འབྱུང་། །ཁ་བ་ཅན་གྱི་རྒྱལ་ཁམས་ལ། །མར་མེ་འཆི་ཁར་གསལ་བ་བཞིན། །རྟགས་ཙམ་འཛིན་པའི་དུས་སུ་ནི། །བསྟན་པ་ཤིན་ཏུ་གསལ་བ་བྱུང་། །ཁ་བ་ཅན་གྱི་རྒྱལ་ཁམས་སུ། །དད་ཅན་མང་དུ་འབྱུང་བར་འགྱུར། །སྟོན་པའི་རིང་བསྲེལ་མཆོད་པར་འགྱུར། །ཞེས་སོགས་ཞལ་ཆེམས་དང་མ་འོངས་ལུང་བསྟན་མང་དུ་མཛད་དོ། །
དེ་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོ་དགུང་ལོ་བརྒྱད་ཅུ་རྩ་བཞི་པ་ཤིང་ཕོ་སྟག་གི་ལོ་རྟ་ཟླ་བའི་ཚེས་བཅུ་བཞི་ལ་ལྷ་ཅིག་ཀོང་ཇོ་དང་། བལ་མོ་ཁྲི་བཙུན་དང་བཅས་གསུམ་ཀ་ཡི་དམ་བཅུ་གཅིག་ཞལ་རང་བྱུང་གི་སྐུ་ལ་ཐིམ་པར་གྱུར་ཏོ། །དེ་ནས་རྒྱལ་བུ་བློན་འབངས་དང་བཅས་ཆོ་ངེ་འདེབས་ཤིང་སྨྲེ་སྔགས་མང་དུ་བཏོན་ནས་གསོལ་བ་བཏབ་པས། ཚེས་བཅོ་ལྔའི་ཉིན་ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་རྒྱལ་པོ་ཡབ་ཡུམ་གསུམ་གྱིས་ཞལ་བསྟན་པ་ན། ཇོ་མོ་མང་བཟའ་ཁྲི་དང་། བློན་པོ་སྣ་ཆེན་པོ་ལ་སོགས་པ་རྣམས་ཀྱིས་ཕྱག་བྱས་གསོལ་བ་བཏབ་ནས་རྗེ་ཉིད་མི་བཞུགས་ན། སྤྱིར་སངས་རྒྱས་ཀྱི་བསྟན་པ་ཇི་ཙམ་ཞིག་གནས། མཐར་ཇི་ཙམ་ནས་འཇིག དེའི་སྔ་ལྟས་ཇི་ལྟ་བུར་འབྱུང་། སྒོས་སུ་བོད་ཡུལ་ཁ་བ་ཅན་འདིར་སངས་རྒྱས་ཀྱི་བསྟན་པ་དང་། དེ་འཛིན་པའི་བྱང་སེམས་དང་། རྒྱལ་པོ་ལ་སོགས་པ་ནི་ལྟར་འོང་། དམ་ཆོས་ཇི་ཙམ་གནས་རྒྱལ་པོ་གང་གི་རིང་ལ་ཆོས་ལུགས་གང་དང་། གང་ནུབ། དེའི་རྐྱེན་ཅིས་བྱེད། མི་རྣམས་དང་། ཆོས་སྤྱོད་པ་དང་ཉམས་ལེན་ཇི་ལྟ་བུ་མཆི། རབ་ཏུ་བྱུང་བ་དང་། སྔགས་པ་རྣམས་ཀྱི་དར་རྒུད་སྤྱོད་ལམ་ཇི་ལྟ་བུ་མཆི། བོད་ཡུལ་དུ་གཙུག་ལག་ཁང་ཇི་ལྟ་བུ་འབྱུང་། ཕྱི་རབས་ཀྱི་རྒྱལ་བློན་བྱང་ཆུབ་སེམས་དཔའ་ཇི་ལྟ་བུས་བསྟན་པ་སྐྱོང་ཞེས་སོགས་མ་འོངས་ལུང་བསྟན་ཞུས་པ་ན། རྒྱལ་པོའི་ཞལ་ནས། ཨེ་མ་ཧོ། བོད་ཡུལ་ཁ་བ་ཅན་གྱི་རྒྱལ་_ཁམས་_འདི། །ཡང་དག་སངས་རྒྱས་རྣམས་ཀྱིས་རབ་ཏུ་བསྔགས། །ཁྱད་པར་ཅན་གྱི་གནས་སུ་བསྟན་པ་སྟེ། །བྱང་ཆུབ་སེམས་དཔའ་མང་པོ་འབྱུང་བར་འགྱུར། །ད་ནས་གདུང་རབས་བཞི་ནས་རྒྱལ་པོ་ནི། །སོ་སོ་སྐྱེ་བོ་བྱང་ཆུང་སེམས་དཔའ་འབྱུང་། །དེ་ཡི་སྲས་པོ་བྱང་ཆུབ་སེམས་དཔའ་ནི། །འཕགས་པའི་རིགས་ཅན་གང་ཟག་རྒྱལ་པོ་འབྱུང་། །ཕྱོགས་བཞིར་གཙུག་ལག་ཁང་ནི་མང་དུ་བརྩིག །མཐའ་འཁོབ་རྒྱལ་པོ་མང་པོ་དབང་དུ་སྡུད། །ཕྱོགས་བཞི་མཚམས་བཞི་དག་ན་བཅའ་ཁྲལ་སྡུད། །རྒྱ་གར་གསང་མཛོད་དམ་ཆོས་མང་དུ་བསྒྱུར། །སྤྲུལ་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་དེས། །ལོ་པཎ་སྤྱན་དྲངས་དམ་ཆོས་རྒྱས་པར་མཛད། །སྦྱངས་པ་ཅན་གྱི་སྐྱེས་བུ་མང་དུ་འབྱོན། །རབ་ཏུ་བྱུང་བའི་སྡེ་པ་མང་དུ་འབྱུང་། །བརྩོན་འགྲུས་ཅན་གྱི་སྔགས་པ་མང་དུ་འབྱུང་། །ཐུན་མོང་མཆོག་གི་དངོས་གྲུབ་ཐོབ་ནས་ནི། །ཡ་མཚན་རྫུ་འཕྲུལ་བཀོད་པ་མང་དུ་སྟོན། །དེ་ལྟར་ཆོས་སྐྱོང་རྒྱལ་པོ་ཆེན་པོ་དེ། །བོད་འབངས་བདེ་སྐྱིད་དགའ་བདེའི་དཔལ་ལ་སྤྱོད། །རྒྱལ་པོའི་མཛད་པ་ཕུན་སུམ་ཚོགས་པར་འགྱུར། །ཞེས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་རིང་ལ་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་དར་བར་ལུང་བསྟན། དེ་ནས་བར་སྐབས་སུ་ནག་ཕྱོགས་ཀྱི་འབྱུང་པོ་གདུག་པ་ཅན་རྣམས་ཀྱིས་ཡིད་བསྒྱུར་བའི་མི་སྡིག་ཅན་མང་པོས་རྒྱལ་བའི་བསྟན་པ་ལ་གནོད་པ་ཆེན་པོ་བྱེད་པ་དང་། ཉོན་མོངས་པའི་དབྱེན་སྤྱོས་པ་མང་པོས་ཆོས་ལྟར་བཅོས་པའི་བསྲེ་བསླད་ཀྱིས་བསྟན་པ་དྲི་མ་ཅན་དུ་བྱེད་པ་དང་། གདུལ་བྱ་རྣམས་བསླུས་ཏེ་ཕུང་བར་འགྱུར་བ་མང་པོ་ཞིག་འབྱུང་བར་ལུང་བསྟན། དེ་ནས་བསྟན་པ་གསོ་བར་བྱེད་པའི་སྐྱེས་བུ་དམ་པ་སྨོན་ལམ་རླབས་པོ་ཆེའི་མཐུ་གྲུབ་པ་རིམ་གྱིས་འབྱུང་རབ་ལུང་བསྟན་པ་ནི། དེ་ནས་བྱང་སེམས་སྤྲུལ་པ་བྱུང་ནས་སུ། །ཆོས་ཀྱི་མེ་རོ་མདོ་ཁམས་སྨད་ནས་སློང་། །དགེ་འདུན་སྡེ་པ་མང་དུ་འཕེལ་བར་བྱེད། །དེ་ཡང་བྱང་ཆུབ་སེམས་དཔའ་མང་པོ་ཡིས། །ང་ཡི་ར་སའི་སྐུ་གཟུགས་འདི་དག་ལ། །མཆོད་པ་ཞབས་ཏོག་མང་པོ་བྱེད་པར་འགྱུར། །ཕྱོགས་རྣམས་ཀུན་ཏུ་གཙུག་ལག་ཁང་སྐྱོང་ཞིང་། །དམ་པའི་སྤྱོད་པ་ཚུལ་བཞིན་བྱེད་པར་འགྱུར། །ཞེས་བླ་ཆེན་དགོངས་པ་རབ་གསལ་གྱིས་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོས་ཏེ། རིམ་གྱིས་དབུས་གཙང་དུ་དགེ་འདུན་གྱི་སྡེ་འཕེལ་ནས་བསྟན་པ་ཕྱི་དར་འབྱུང་བར་ལུང་བསྟན། ཡང་བདུད་རིགས་ཀྱི་འབྱུང་པོ་འགའ་ཞིག་དང་སྨོན་ལམ་ལོག་པའི་མཐུ་ཅན་མང་པོས་བསྟན་པ་ལ་གནོད་པ་ཆེན་པོ་བྱས་པ་ན་བསྟན་པ་གསོ་བའི་སྐྱེས་བུ་དམ་པ་དང་ཆོས་རྒྱལ་སེམས་དཔའ་ཆེན་པོ་འབྱོན་པར་ལུང་བསྟན་ཏེ། དེ་ཚེ་ནུབ་ཕྱོགས་དག་ཏུ་སྐུ་འཁྲུངས་པའི། །དགེ་སློང་བྱ་ཡི་གདོང་པ་ཅན་ཞིག་འབྱུང་། །བྱང་ཆུབ་སེམས་དཔའ་བློ་གྲོས་སྒྲུབ་པར་ལྡན། །རཏྣ་བྷ་དྲ་ཞེས་སུ་གྲགས་པ་ཡིས། །འདི་ལ་མཆོད་བསྟོད་བསྙེན་བཀུར་མང་དུ་འབྱུང་། །སྐོར་བ་ཕ་དུད་རིམ་གྲོ་བྱེད་པར་འགྱུར། །དེ་ཚེ་རྒྱལ་པོ་འོད་ཀྱི་མིང་ཅན་ནི། །བྱང་ཆུབ་སེམས་དཔའ་བློ་གྲོས་ཅན་ཞིག་འབྱུང་། །དེ་ཡི་བྱང་ཆུབ་སེམས་དཔའ་པཎྜི་ཏ། །རྣམ་དག་ཚུལ་ཁྲིམས་གསུམ་དང་རབ་ལྡན་ཞིང་། །མཁས་ཤིང་སྒྲུབ་ལ་མངོན་པར་བརྩོན་པ་ནི། །རིགས་གསུམ་ཡོན་ཏན་ལྡན་པ་སྤྱན་དྲངས་ནས། །གཟུགས་སྐུ་འདི་ལ་བསྟོད་ཅིང་ཕྱག་ཀྱང་བྱེད། །བསྙེན་བཀུར་བསྔགས་པ་ཕུན་སུམ་ཚོགས་པ་བྱེད། །དེ་ཡིས་བསྟན་པ་ཤིན་ཏུ་རྒྱས་པར་མཛད། །དེ་ཡི་སློབ་མ་ཚུལ་བཞིན་རབ་ཞུགས་པ། །དགེ་སློང་དམ་པ་བསྟན་པའི་མངའ་བདག་ནི། །འདི་ལ་བཀུར་སྟི་ཕུ་དུད་བྱེད་པར་འགྱུར། །བསྟན་པའི་མངའ་བདག་དགེ་སློང་དམ་པ་ཞིག །བྱང་ཆུབ་སེམས་དཔའ་འཛམ་གླིང་མཚན་གྲགས་པ། །འཁོར་ནི་སྟོང་ཕྲག་ཕྱེད་དང་གསུམ་ལྡན་པ། །བྱོན་ནས་འདི་ལ་བཀུར་སྟི་བྱེད་པར་འགྱུར། །བྱང་ཆུབ་སེམས་ལྡན་བསྟན་པ་མང་པོ་སྐྱོང་། །ཞེས་བསྟན་པའི་རྩ་བ་ཚངས་སྤྱོད་ལ་གནོད་པ་ཆེན་པོ་བྱུང་། དེའི་ཚེ་སྐྱེས་མཆོག་རིན་ཆེན་བཟང་པོས་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་པ་དང་། མངའ་རིས་ཆོས་རྒྱལ་ཡེ་ཤེས་འོད་དང་། བྱང་ཆུབ་འོད་གཉིས་ཀྱིས་དཀའ་བ་བརྒྱ་ཕྲག་དུ་མའི་སྒོ་ནས་ཇོ་བོ་རྗེ་བོད་ཡུལ་དུ་གདན་དྲངས་ཏེ་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་པ་དང་། འཕྲུལ་སྣང་གི་དཀར་ཆག་གཏེར་ནས་བཞེས་པ་སོགས་ཕུ་དུད་ཆེར་མཛད་པར་ལུང་བསྟན། དེ་ནས་ཡང་བསྟན་པ་ལ་རྨ་འབྱིན་པ་མང་པོ་ཞིག་གིས་རྒྱལ་བའི་བསྟན་པ་ཉམས་དམས་པར་བྱས་པ་ན། རྒྱལ་བའི་བསྟན་པ་གསོ་བ་ལ་རྒྱལ་བ་རང་ཉིད་སླར་བྱོན་པ་ལྟར་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ཞིང་འདིར་བྱོན་ནས་འཕྲུལ་སྣང་གི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ལ་མཆོད་ཚོགས་རྒྱ་ཆེན་པོ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་དང་མཚུངས་པ་མཛད་དེ་རྒྱལ་བའི་བསྟན་པའི་ནང་མཛོད་འདུལ་བ་གཞི་ནས་གསོས་ཏེ་བསྟན་པ་ཡོངས་རྫོགས་ཆེས་ཆེར་དར་བར་མཛད་པ་ལུང་བསྟན་པ་ནི། ཨེ་མ་ཧོ། ང་ཡི་ལྷ་སའི་རྟེན་དང་བརྟེན་པ་ལ། །བྱང་ཆུབ་སེམས་ལྡན་སྐྱེས་བུ་དུ་མ་ཡིས། །ལོ་ནི་ཉིས་བརྒྱར་བསྟི་སྟང་བྱེད་པར་འགྱུར། །དེ་ནས་སངས་རྒྱས་བསྟན་པའི་སྒྲོན་མ་འདི། །སྟོན་པ་རྣམས་ཀྱིས་གསལ་བར་བྱེད་པར་འགྱུར། །དེ་ནས་བསྟན་པའི་སྙིང་པོ་སྒྲུབ་པ་པོ། །བྱང་ཆུབ་སེམས་དང་ལྡན་པའི་དགེ་སློང་ནི། །ཡོན་ཏན་དཔག་ཏུ་མེད་པའི་དམ་པ་འབྱུང་། །གསང་སྔགས་མངོན་པར་འགྲུབ་པའི་དགེ་སློང་ནི། །དམ་པ་མང་པོས་བསྙེན་བཀུར་བྱེད་པར་འགྱུར། །དེ་ནས་ཁྱད་པར་བསྙེན་བཀུར་ཆེར་བྱེད་པའི། །བྱང་ཆུབ་སེམས་དཔའ་ཤར་ཕྱོགས་སྐུ་བལྟམས་པ། །གསང་སྔགས་འཛིན་པའི་རྣལ་འབྱོར་ཆེན་པོ་ནི། །སྙིང་པོའི་མཐའ་ཅན་སྐྱེས་བུ་དམ་པས་ནི། །ཞལ་ཡང་བསྒྱུར་ཞིང་བསྙེན་བཀུར་དམ་པ་མཛད། །དེ་ལ་བསྙེན་བཀུར་བྱས་པ་དེ་དག་ནི། །འཕགས་པའི་གང་ཟག་དམ་པ་ཤ་སྟག་གོ །དེ་ཕྱིར་དེ་དག་ཀུན་ལ་དད་པ་བསྐྱེད། །དེ་དག་ཅི་ཕྱིར་འཕགས་པ་ཡིན་ཞེ་ན། །སངས་རྒྱས་རྣམས་ལ་མཛད་པ་ཆེན་པོ་མཛད། །དེ་ཕྱིར་དེ་དག་འཕགས་པའི་གང་ཟག་གོ །དེ་ལྟར་འཕགས་པའི་གང་ཟག་རྣམས་འབྱུང་ཞིང་། །འཁོར་ནི་ལེགས་གནས་སྟོན་པའི་གསུང་རབ་དང་། །སྟོན་པའི་སྐུ་གཟུགས་དངོས་སུ་བཞུགས་པ་དང་། །རི་བོ་ཡོན་ཏན་ཅན་ཡང་དེ་ན་ཡོད། །མ་ཕམ་མཚོ་ལ་ཀླུ་རྒྱལ་བྱང་སེམས་གནས། །ཆུ་བོ་ཡོན་ཏན་ཅན་ཡང་དེ་ན་ཡོད། །ཁྲི་བཤོས་རྒྱ་མཚོའི་ཀླུ་བློན་བྱང་ཆུབ་སེམས། །ཆུ་བོ་ཆེན་པོ་ཀུན་ལ་ཕན་པར་མཛད། །གནམ་མཚོ་ཕྱུག་མོའི་ནང་ནས་བྱང་ཆུབ་སེམས། །ཐང་ལྷའི་བྲག་ལ་དགྲ་བཅོམ་ལྔ་བརྒྱ་ཡོད། །སྦུབ་མཚོའི་གླིང་ན་ཀླུ་རྒྱལ་བྱང་ཆུབ་སེམས། །ཁའུའི་གངས་ལ་ལ་དགྲ་བཅོམ་ལྔ་བརྒྱ་ཡོད། །རི་མཐོ་ས་གཙང་གངས་རི་གཉན་གྱི་བསྐོར། །སྒྲ་སྐད་སྙན་པ་སཾ་སྐྲྀ་ཏ་དང་མཚུངས། །མི་སྐད་ཆོས་ལ་བསྒྱུར་དུ་བཏུབ་པའི་སྒྲ། །ཡངས་ཤིང་མཐའ་ལེགས་ཡོན་ཏན་ཀུན་ལྡན་པ། །དེ་ལྟར་ཁ་བ་ཅན་གྱི་ཡུལ་དབུས་སུ། །སྐྱེས་པ་དལ་འབྱོར་མི་ལུས་ཐོབ་པ་ཀུན། །ཡོན་ཏན་སློབ་ལ་བརྩོན་པ་མ་ཞན་ཅིག །སྔོན་གྱི་སྨོན་ལམ་དག་པས་ཞིང་དེར་སྐྱེས། །དད་གུས་མོས་པ་ཡོད་པར་གྱུར་པ་ཡིས། །གཞན་བྱ་མི་དགོས་འདི་ལ་མོས་པ་ཆོག །ཕྱག་དང་མཆོད་པ་དག་ལ་འབད་པར་གྱིས། །མཆོད་ཅིང་གུས་པར་བྱེད་པ་ཐམས་ཅད་ནི། །ཕྱིར་མི་ལྡོག་པར་རྒྱལ་བས་ལུང་བསྟན་པས། །འདི་ལ་གུས་པར་མཛོད་ཅིག་བོད་འབངས་རྣམས། །བདག་ནི་ཁྱེད་ལ་དེ་དག་འདོམས་བྱེད་པ། །རྙེད་ཕྱིར་མ་ཡིན་གྲགས་པའི་ཕྱིར་མ་ཡིན། །སྙིང་རྗེས་ཀུན་ནས་བསླངས་པའི་ཚིག་ཡིན་པས། །གུས་པའི་ཡིད་ཀྱི་སྤྱི་བོར་བླང་བར་མཛོད། །ཅེས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྗེ་བཙུན་ཙོང་ཁ་པ་ཆེན་པོ་ཤར་ཕྱོགས་མདོ་ཁམས་སྨད་དུ་སྐུ་བལྟམས། དབུས་གཙང་གི་ལྗོངས་འདིར་བྱོན་ནས་རྒྱལ་བའི་བསྟན་པ་རྒྱ་ཆེར་སྤེལ་བ་དང་། ལྷག་པར་ཇོ་བོ་རིན་པོ་ཆེ་ལ་རིན་པོ་ཆེའི་པྲོག་ཞུ་ཕུལ་ནས་ཞལ་ལོངས་སྐུ་ལྟ་བུར་བསྒྱུར་བ་སོགས་བསྙེན་བཀུར་རྒྱ་ཆེར་མཛད་པས་བོད་འབངས་ཀྱི་བདེ་སྐྱིད་འཕེལ་བར་མཛད་པ་དང་། རྗེ་བླ་མའི་བསྟན་པ་ལ་ཞུགས་པའི་སྐྱེས་བུ་དམ་པ་བགྲང་བ་ལས་འདས་པ་འབྱོན་ཞིང་བོད་འབངས་རྣམས་ཀྱིས་དེ་དག་ལ་གུས་པ་བསྐྱེད་དགོས་སོ་ཞེས་ལུང་བསྟན་དང་ཞལ་ཏ་མང་དུ་གནང་ནས་སླར་ཡང་ཐུགས་རྗེ་ཆེན་པོའི་ཐུགས་ཀར་ཐིམ་མོ། །
དེ་ནས་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྲས་གུང་རི་གུང་བཙན། དེའི་སྲས་མང་སྲོང་བཙན ། དེའི་སྲས་འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོ། དེའི་སྲས་ཁྲི་ལྡེ་གཙུག་བརྟན་ཏེ་རྒྱལ་པོ་དེའི་སྐུ་རིང་ལ་གཙུག་ལག་ཁང་མང་དུ་བཞེངས། མདོ་སྡེ་ལས་བརྒྱ་པ་དང་གསེར་འོད་དམ་པ་སོགས་བསྒྱུར། དེའི་སྲས་འཇང་ཚ་ལྷ་དབོན་ལ་རྒྱའི་རྒྱལ་པོའི་སྲས་མོ་གྱིམ་ཤིང་ཀོང་ཇོ་བསླངས་པས་བུ་ཤི་སྟེ་མེས་དང་འདུས་ནས་ལྷ་ཤཱཀྱ་མུ་ནི་བཙལ་ཏེ་མཆོད་པ་བྱས་སོ། །དེ་ལ་སྲས་མཚན་ལྡན་ཞིག་ཆུ་རྟ་ལ་འཁྲུངས་ཏེ། རྒྱལ་པོ་ལ་ཐང་དུ་བསྟན་པར་ཆས་པ་ན། བུ་སྣ་ནམ་བཟས་ཕྲོགས་ཏེ་སྣ་ནམ་གྱི་བུར་བྱས་ནས་ལོ་གཅིག་སོན་པ་དང་ཞབས་བཙུགས་པའི་དགའ་སྟོན་བྱས། སྣ་ནམ་པ་ཀུན་གྱིས་སྲས་དགའ་བའི་རྒྱན་གོས་ལག་ཏུ་ཐོགས་ནས་ཞང་པོའི་པང་དུ་ཤོག་ཟེར་བ་ལ། རྒྱལ་བུའི་ཞལ་ནས། ཁྲི་སྲོང་ལྡེའུ་བཙན་རྒྱ་ཚ་ལགས། །སྣ་ནམ་ཞང་གིས་ཅི་བགྱིར་མཆིས། །ཞེས་གསུངས་ཏེ་རྒྱའི་ཚ་བོ་ཡིན་པར་ཞལ་གྱིས་བཞེས་ཤིང་མིང་ཡང་རང་གི་བཏགས་པ་ཁྲི་སྲོང་ལྡེའུ་བཙན་ཞེས་གྲགས་སོ། །
ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཆུང་ངུའི་དུས་ནས་ཆོས་ལ་མཉེས་པས་རྒྱའི་ཡུལ་དུ་སང་ཤི་ལ་སོགས་མི་བཞི་ཆོས་འཚོིལ་དུ་བཏང་ངོ་། །དེ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེའི་བཙན་དགུང་ལོ་བཅུ་གསུམ་ལ་བབ་པ་ན་རྒྱལ་སར་བཏོན། ཆོས་འཚོལ་བར་བཞེད་ནས་པཎྜི་ཏ་ཨཱ་ནནྟ་ལ་སོགས་པ་ཆོས་བསྒྱུར་དུ་བཅུག སྦ་གསལ་སྣང་གིས་བལ་ཡུལ་དུ་ཕྱིན་པ་ན་མཁན་པོ་བོ་དྷི་ས་ཏྭ་དང་མཇལ། བོད་དུ་འབྱོན་པར་གསོལ་བ་བཏབ་པ་ན་ཞལ་གྱིས་བཞེས། རིམ་གྱིས་ལྷ་སར་ཕྱགས་ཕེབས། དེ་ནས་བསམ་ཡས་སུ་སྤྱན་དྲངས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ཕྱག་འཚལ་ཏེ། དགེ་བ་བཅུ་དང་། ཁམས་བཅོ་བརྒྱད་ལ་སོགས་པའིོ་ཆོས་གསན། དེའི་ཚེ་བོད་ཀྱི་ལྷ་སྲིན་གདུག་པ་ཅན་རྣམས་ཁྲོས་ཏེ་དམར་པོ་རི་ལ་ཐོག་ཕབ་པ་སོགས་གནོད་པ་སྣ་ཚོགས་བྱས་པ་ན། སྡིག་བློན་རྣམས་ཀྱིས་ཆོས་བྱས་པས་ལན་ཟེར་ནས་མཁན་ཆེན་རེ་ཞིག་བལ་ཡུལ་དུ་འབྱོན་དགོས་བྱུང་། དེའི་ཚེ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་པོའི་སྤྱན་སྔར་གསེར་མང་དུ་ཕུལ། ཞབས་སྤྱི་བོར་བླངས། གདོང་མཆི་མ་དང་བཅས་སྨྲ་མི་ཕོད་པ་ལྟ་བུར་གསོལ་བ་མང་དུ་བཏབ་ཅིང་སླར་འབྱོན་པར་ཞུས། མཁན་པོའི་ཞལ་ནས་ཁོ་བོ་རེ་ཞིག་བལ་པོར་འགྲོ་་བོད་ཀྱི་མི་མ་ཡིན་རྣམས་འདུལ་བ་ལ་པདྨ་སཾ་བྷ་ཝ་གདན་དྲོངས་གསུངས་ནས་བལ་པོར་ཕེབས། སློབ་དཔོན་རིན་པོ་ཆེས་ཀྱང་མཁྱེན་བཞིན་དུ་བལ་པོར་ཕེབས། རྒྱལ་པོས་སྤྱན་དྲངས་ནས་བོད་ཀྱི་ལྷ་སྲིན་གདུག་པ་ཅན་ཐམས་ཅད་དམ་ལ་བཏགས། དེ་ནས་མཁན་ཆེན་ཡང་བལ་ཡུལ་ནས་སྤྱན་དྲངས། ཇོ་བོ་རིན་པོ་ཆེ་ལད་མང་ཡུལ་ནས་སྤྱན་དྲངས་ཏེ། འཕྲུལ་སྣང་དུ་བཞུགས་སུ་གསོལ། དེ་ནས་ལོ་བཅོ་ལྔའི་རིང་ལ་བསམ་ཡས་ཀྱི་གཙུག་ལག་ཁང་ལྕགས་རི་དང་བཅས་ལེགས་པར་གྲུབ་སྟེ། མཁན་པོ་བོ་དྷི་ས་ཏྭ་དང་། སློབ་དཔོན་པདྨ་སཾ་བྷ་ཝ་གཉིས་ཀྱིས་རབ་གནས་རྒྱས་པར་མཛད། ལུག་གི་ལོ་ལ་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ཏེ། བོད་ལ་བཙུན་པ་བཏུབ་མི་བཏུབ་སད་པའི་ཕྱིར་དུ། སད་མི་མི་བདུན་རབ་ཏུ་བྱུང་བའི་མཚན་ཡེ་ཤེས་དབང་པོ་ལ་སོགས་པར་བཏགས། རབ་ཏུ་བྱུང་མ་ཐག་མངོན་ཤེས་དང་རྫུ་འཕྲུལ་ལ་སོགས་པ་ཐོབ། འཕགས་པ་ཤཱ་རིའི་བུ་ནས་མཁན་ཆེན་ཞི་འཚོའི་བར་གྱི་མཁན་བརྒྱུད་རྣམས་བསམ་ཡས་ཀྱི་གྱང་རིས་ལ་བྲིས་ཏེ་བོད་ཡུལ་གངས་ཅན་འདིར་རྒྱལ་བའི་བསྟན་པའི་ནང་མཛོད་དམ་པའི་ཆོས་འདུལ་བ་ཆེས་ཆེར་དར་བར་འགྱུར་བ་དང་། དེ་ལའང་སྡེ་བ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ལུགས་ཁོ་ན་གནས་པ་དང་། མཁན་ཆེན་བོ་དྷི་ས་ཏྭ་ནས་བརྒྱུད་པའི་མཁན་རྒྱུད་འདི་དར་ཞིང་རྒྱས་པར་འགྱུར་བ་དང་། བསྟན་པའི་རྩ་བ་སོ་སོར་ཐར་པ་ལ་བདུད་ཀྱི་བར་ཆད་མི་འབྱུང་བ་སོགས་ཀྱི་རྟེན་འབྲེལ་སྒྲིག་པར་མཛད།
དེ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་འཕགས་ཡུལ་ནས་པཎྜི་ཏ་མཁས་པ་མང་པོ་སྤྱན་དྲངས། བོད་ཡུལ་གྱི་གདུལ་བྱ་བློ་གྲོས་ཅན་མང་པོ་ལ་ལོ་ཙཱ་བསླབ་ཏེ་ལོ་པཎ་གྱི་བཀའ་དང་བསྟན་བཅོས་མང་དུ་བསྒྱུར་བའི་གྲྭ་བཙུགས་ཏེ་རྒྱལ་བའི་དམ་ཆོས་འཛིན་པའི་སྨོན་ལམ་རླབས་པོ་ཆེའི་མཐུ་གྲུབ་པ་ལོ་ཆེན་སེམས་དཔའ་ཆེན་པོ་ཀ་བ་དཔལ་བརྩེགས་ཀྱིས་འདུལ་བ་ལུང་སྡེ་བཞིའི་དང་པོ་ལུང་གཞི་བཅུ་བདུན་ཤླཽ་ཀ་སུམ་ཁྲི་ཉིས་སྟོང་བདུན་བརྒྱ་པ་དང་། དགེ་སློང་མའི་རྣམ་འབྱེད་བམ་པོ་ཉི་ཤུ་རྩ་བརྒྱད་པ་གཉིས་བསྒྱུར། ལོ་ཆེན་སེམས་དཔའ་ཆེན་པོ་ཅོག་གྲུ་ཀླུའི་རྒྱལ་མཚན་གྱིས་ལུང་རྣམ་འབྱེད་ཤླཽ་ཀ་ཉིས་ཁྲི་བཞི་སྟོང་དགུ་བརྒྱ་པ་དང་། འདུལ་བའི་རྩ་བའི་ལུང་སོ་སོར་ཐར་བའི་མདོ་ཤླཽ་ཀ་བདུན་བརྒྱ་པ་དང་། དགེ་སློང་མའི་སོ་ཐར་ཤླཽ་ཀ་བརྒྱད་བརྒྱ་པ་རྣམས་བསྒྱུར། གཞན་ཡང་ལོ་ཆེན་སེམས་དཔའ་ཆེན་པོ་འདི་གཉིས་དང་། བཻ་རོ་ཙ་ན་སོགས་ལོ་ཙཱ་བ་མང་པོས་སྡེ་སྣོད་གསུམ་གྱིས་གསུང་རབ་མཐའ་ཡས་པ་བསྒྱུར། རྒྱལ་བའི་བཀའི་དགོངས་པ་འགྲེལ་བའི་བསྟན་བཅོས་བསྒྱུར་བ་ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱིས་ལུང་གཞིའི་རྒྱ་ཆེར་འགྲེལ་པ་དང་། ལུང་རྣམ་འབྱེད་ཀྱི་འགྲེལ་པ་སློབ་དཔོན་དུལ་བའི་ལྷས་མཛད་པ་དང་། སོ་སོར་ཐར་པའི་མདོ་འགྲེལ་འདུལ་འཛིན་དཔའ་བོ་ཞེས་པས་མཛད་པ་དང་། སོ་སོར་ཐར་པའི་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ་སློབ་དཔོན་དྲི་མེད་བཤེས་གཉེན་གྱིས་མཛད་པ་དང་། གཞན་ཡང་སོ་ཐར་གྱི་འགྲེལ་བ་ཆེ་ཆུང་མང་པོ་དང་། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བ་མདོ་རྩ་བ་དང་། སློབ་དཔོན་དེས་མཛད་པའི་ལས་བརྒྱ་རྩ་གཅིག་པ་ཀརྨ་ཤ་ཏཾ་དུ་གྲགས་པ་ཤླཽ་ཀ་སུམ་སྟོང་དྲུག་བརྒྱ་ཡོད་པ་དང་། མདོ་རྩའི་རྒྱ་ཆེར་འགྲེལ་པ་བམ་པོ་བདུན་ཅུ་པ་དང་། འདུལ་བ་ལ་བསྟོད་པ་དགྲ་བཅོམ་པ་ཆོས་ཀྱི་ཚོང་དཔོན་གྱིས་མཛད་པ་འགྲེལ་པ་དང་བཅས་པ་རྣམས་བསྒྱུར། ལོ་ཆེན་ཀ་བ་དཔལ་བརྩེགས་ཀྱིས་འདུལ་བའི་དྲི་བའི་ཚིག་ལེའུར་བྱས་པ་ཤླཽ་ཀ་བརྒྱ་པ་དེའི་འགྲེལ་པ་དང་བཅས་པ་སོགས་མང་དུ་བསྒྱུར། གཞན་ཡང་ལོ་ཙཱ་བ་འདི་གཉིས་དང་བཻ་རོ་ཙ་ན་དང་སད་མི་མི་བདུན་སོགས་ལོ་ཙཱ་བ་མང་པོས་གསུང་རབ་ཀྱི་དགོངས་འགྲེལ་བསྟན་བཅོས་མཐའ་ཡས་པ་བསྒྱུར། དེའི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་ལོ་པཎ་རྣམས་ཚོགས་ཏེ་བཀས་བཅད་མཛད་ནས་བོད་ཁམས་སུ་བཀའ་འགྱུར་རོ་ཅོག་གི་མཚན་བྱང་དང་། བམ་པོ་དང་། ཤླཽ་ཀའི་གྲངས་དང་བཅས་གཏན་ལ་ཕབ་ནས་དཀར་ཆག་དུ་བྲིས། རབ་ཏུ་བྱུང་བའི་སྡེ་མང་དུ་བཙུགས། རབ་ཏུ་བྱུང་བ་རྣམས་ལ་གུས་པ་བླ་ལྷག་ཏུ་མཛད་དེ་འཚོ་བ་བླ་ནས་སྦྱོར། ཞབས་སྤྱི་བོར་ལེན། བོད་འབངས་ཐམས་ཅད་དགེ་འདུན་གྱི་སྡེ་ལ་གུས་པར་བཀོད་དེ། བོད་ཁམས་སུ་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་མཛད་དོ། །
དེ་ནས་མཁན་པོ་བོ་དྷི་ས་ཏྭ་བོད་འབངས་ཀྱི་བསོད་ནམས་ཀྱིས་མ་ཐུབ་པར་རྟས་ཕྲ་རྒྱབ་པའི་རྐྱེན་གྱིས་ཞིང་གཤེགས་ཀར་ཞལ་ནས་བོད་དུ་མུ་སྟེགས་ནི་མི་འབྱུང་གི སངས་རྒྱས་ཀྱི་བསྟན་པ་ཉིད་ཁ་གཉིས་སུ་གྱེས་ཏེ་རྩོད་པར་འགྱུར་བས། དེའི་ཚེ་ངའི་སློབ་མ་ཀ་མ་ལ་ཤཱི་ལ་སྤྱན་དྲོངས་ལ་རྩོད་པ་བྱེད་དུ་ཆུག་ཅིག བྱས་པས་རྩོད་པ་ཆོས་ཕྱོགས་སུ་ཞི་བར་འགྱུར་རོ་ཞེས་ལུང་བསྟན་ཏེ་གཤེགས་སོ། །དེ་ནས་ཇི་ལྟར་ལུང་བསྟན་པ་ལྟར། རྒྱ་ནག་ཧྭ་ཤང་སློབ་མར་བཅས་པ་དར་ཏེ། ལུས་ངག་གི་ཆོས་སྤྱོད་དགེ་བ་བྱས་པས་སངས་མི་རྒྱ། བྱར་མེད་ལ་གནས་ན་སངས་རྒྱ་ཟེར་ན་ཆད་ལྟ་ལ་ཞེན་ནས་དགེ་སྦྱོར་མི་བྱེད། དམ་པའི་ཆོིས་འདུལ་བ་ཁྱད་དུ་བསད་དེ་བསྟན་པ་ཤིན་ཏུ་ཉམས་དམས་པར་འགྱུར་དུ་ཉེ་བ་ན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་རྒྱལ་བའི་བསྟན་པ་ཉམས་པ་ཐུགས་ཀྱིས་མ་བཟོད་ཅིང་སྙིགས་མའི་སེམས་ཅན་བསོད་ནམས་དམན་པ་རྣམས་ལ་སྙིང་རྗེ་ཆེར་སྐྱེས་ནས་ཐུགས་ངལ་ཆེར་མཛད་པ་ན། སྦ་ཡེ་ཤེས་དབང་པོས་ཆོས་རྒྱལ་དེ་ཙམ་གྱི་ཐུགས་མི་བདེ་བ་མཛད་མི་དགོས། མཁན་ཆེན་བོ་དྷི་ས་ཏྭ་ཞིང་གཤེགས་ཁར་བསྟན་པ་ལ་བར་ཆད་འདི་ལྟ་བུ་ཞིག་འབྱུང་བས་དེའི་དུས་སུ་ངའི་སློབ་མ་ཀ་མ་ལ་ཤཱི་ལ་སྤྱན་དྲོངས་ཤིག་དེས་ཆོས་ལོག་རྣམས་ཞི་བར་འགྱུར་རོ་ཞེས་ཞལ་ཆེམས་གནང་བ་ཡོད་ཞུས་པས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་པོ་བོ་དྷི་ས་ཏྭའི་ཞལ་ཆེམས་དྲན་ནས་སློབ་དཔོན་ཀ་མ་ལ་ཤཱི་ལ་སྤྱན་དྲངས། དེ་ནས་མཁས་མཆོག་ཀ་མ་ལ་ཤཱི་ལ་བྱོན་པ་དང་། ཆོས་རྒྱལ་གུང་ལ་བཞུགས། ཧྭ་ཤང་འཁོར་བཅས་གཡས་གྲལ་དུ་བྱས། སློབ་དཔོན་ཀ་མ་ལ་ཤཱི་ལ་འཁོར་བཅས་གཡོན་གྲལ་དུ་བྱས། ཆོས་རྒྱལ་གྱིས་གཉིས་ཀའི་ལག་ཏུ་མེ་ཏོག་གི་ཕྲེང་བ་རེ་གཏད་དེ། ཁྱེད་གཉིས་རྩོད་པ་གྱིས་ལ་གང་རྒྱལ་བ་ལ་ཕམ་པས་མེ་ཏོག་གི་ཕྲེང་བ་ཕུལ་ཅིག ཕམ་པ་དེ་འདིར་མ་སྡོད་ཅིག་ཅེས་བཀའ་སྩལ་པ་ན། ཧྭ་ཤང་གིས་རྟོག་པ་ཐམས་ཅད་འཁོར་བར་འཆིང་བྱེད་ཡིན་པས་བཟང་རྟོག་དང་ངན་རྟོག་གང་ཡིན་ཡང་སྤང་བྱ་ཁོ་ན་ཡིན། ཅི་ཡང་ཡིད་ལ་མི་བསམ། གང་ཡང་ཡིད་ལ་མི་བྱེད་པ་ཉིད་འཁོར་བ་ལ་གྲོལ་བའི་ཐབས་དམ་པ་ཅིག་ཅར་དུ་འཇུག་པའི་ཆོས་ས་བཅུ་པ་དང་འདྲ། སྦྱིན་པ་དང་ཚུལ་ཁྲིམས་སོགས་ལ་རིམ་གྱིས་སློབ་པ་ནི་ངེས་དོན་མ་གོ་བའི་སྐྱེ་བོ་བླུན་པོ་དག་ལ་དྲང་དོན་དུ་གསུངས་པའི་ཆོས་ཡིན་པས། གང་ཡང་ཡིད་ལ་མི་བྱེད་པའི་མན་ངག་ཡོད་ན་སྦྱིན་པ་དང་ཚུལ་ཁྲིམས་སོགས་སྤྱོད་ཕྱོགས་གང་ཡང་མི་དགོས་སོ་ཞེས་དམ་བཅས་པ་ན། མཁས་མཆོག་ཀ་མ་ལ་ཤཱི་ལས་སོ་སོར་རྟོག་པའི་ཤེས་རབ་ཉིད་ལམ་གྱི་རྩ་བ་དང་སྲོག་དམ་པ་ཡིན་པ་དང་། ཐབས་ཤེས་ཟུང་འབྲེལ་གྱིས་སངས་རྒྱས་ཀྱི་སར་བགྲོད་དགོས་ཀྱི། ཐབས་ཤེས་ཡ་བྲལ་གྱིས་འཚང་རྒྱ་བ་མི་སྲིད་པ་དང་། སོ་སོར་རྟོག་པའི་ཤེས་རབ་དང་སྤྱོད་ཕྱོགས་རྣམས་སྤངས་ནས་འཚང་རྒྱ་བ་ལྟ་ཞིག་ཐར་པ་ཙམ་ཡང་ཐོབ་མི་སྲིད་པ་དང་། དེ་ཡང་ལྟ་ཞོག་གནས་སྐབས་ཀྱི་མངོན་མཐོ་ཙམ་ཡང་ཐོབ་མི་ནུས་པ་སོགས་ཏིང་ངེ་འཛིན་རྒྱལ་པོའི་མདོ་དང་དགོངས་པ་ངེས་འགྲེལ་གྱི་མདོ་ལ་སོགས་པ་རྒྱལ་བའི་བཀའ་དྲི་མ་མེད་པའི་ལུང་མང་པོ་དང་། རིགས་པ་དྲི་མ་མེད་པ་མཐའ་ཡས་པའི་སྒོ་ནས་ཅི་ཡང་ཡིད་ལ་མི་བྱེད་པའི་ལུགས་དེ་སུན་ཕྱུང་། དེའི་ཚེ་སྦ་ཡེ་ཤེས་དབང་པོས་ཀྱང་ཚད་མ་རྣམ་འགྲེལ་ནས་བཤད་པའི་དབང་པོའི་མངོན་སུམ་ལ་ཐུག་པའི་རིགས་པ་མང་པོས་ཧྭ་ཤང་སུན་ཕྱུང་བ་ན། རྒྱ་ནག་ཧྭ་ཤང་གིས་ལན་སྨྲ་བར་མ་ནུས་པར་མེ་ཏོག་གི་ཕྲེང་བ་སློབ་དཔོན་ལ་ཕུལ་ཏེ་ཕམ་བླངས་པ་ན། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་ཞལ་ནས། ད་ཕྱིན་ཆད་ལྟ་བ་ཀླུ་སྒྲུབ་ཀྱི་ལུགས་ཟུངས། སྤྱོད་པ་ཆོས་སྤྱོད་བཅུ་དང་ཕ་རོལ་ཏུ་ཕྱིན་པ་ལ་སློབས། ཧྭ་ཤང་གི་ལུགས་སུས་ཀྱང་མི་བྱའོ་ཞེས་བཀའ་སྩལ་ཏེ། ཧྭ་ཤང་འཁོར་བཅས་རྒྱ་ཡུལ་དུ་བརྫངས། ཧྭ་ཤང་གི་བརྩམས་ཆོས་ཐམས་ཅད་ས་འོག་ཏུ་སྦས་སོ། །དེ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དགུང་ལོ་དྲུག་ཅུ་རྩ་དགུ་ལ་སྐུ་གཤེགས། ཆོས་རྒྱལ་དེ་ནི་རྗེ་བཙུན་འཇམ་དབྱངས་ཀྱི་སྤྲུལ་པར་གྲགས་སོ། །
དེ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྲས་མུ་ནེ་བཙན་པོས་ཆབ་སྲིད་བཟུང་སྟེ་བསམ་ཡས་སུ་མཆོད་པ་རྒྱ་ཆེན་པོ་བཙུགས། བོད་འབངས་ཀྱི་སྐྱིད་སྡུག་ལན་གསུམ་སྙོམས། ཆབ་སྲིད་ཆོས་ཀྱིས་བསྐྱངས་ཀྱང་སྐུ་ཚེ་ཐུང་སྟེ་བཅུ་བདུན་པ་ལ་གཤེགས། དེ་ནས་གཅུང་ཁྲི་ལྡེའུ་བཙན་སད་ན་ལེགས་ཀྱིས་ཀྱང་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས། དེ་ནས་དེའི་སྲས་ཁྲི་ལྡེ་གཙུག་བརྟན་རལ་པ་ཅན་དགུང་ལོ་བཅོ་བརྒྱད་ལོན་པ་ན་རྒྱལ་སྲིད་བཟུང་སྟེ་བོད་འབངས་ཆོས་ཀྱིས་བསྐྱངས། འོད་ལྗང་རྡོའི་ལྷ་ཁང་ལ་རྒྱ་ཕིབས་ཕུབ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་མཛད་པ་བཟང་པོ་རྣམས་རྗེས་སུ་བསྐྱངས་ཏེ། བོད་ཁམས་སུ་ཆོས་ཀྱི་སྲོལ་ཆེར་སྤེལ་བར་བཞེད་པ་ན། ལོ་པཎ་སྣ་ཚོགས་པས་སྐད་དང་བརྡ་འདྲ་བ་སྣ་ཚོགས་ཀྱིས་བོད་ཀྱི་སེམས་ཅན་རྣམས་ཀྱིས་ཆོས་བསླབ་དཀའ་བར་གཟིགས་ནས་པཎྜི་ཏ་ཛི་ན་མི་ཏྲ་ལ་སོགས་པའི་མཁས་པ་ཁུངས་ཐུབ་མང་པོ་དང་། ལོ་ཙཱ་བ་མཁས་པ་མང་པོ་བསགས་ནས་ཐེག་པ་ཆེ་ཆུང་གི་ཆོས་མང་དུ་བསྒྱུར་ཅིང་། ཆོས་རྣམས་ཀྱི་མིང་དཀར་ཆག་ཏུ་བྲིས་ནས། སླན་ཆད་དེ་ཁོ་ན་ལ་ཐོས་བསམ་བྱ་དགོས་ཚུལ་དང་། སྡེ་པ་རྣམས་ཀྱི་ནང་ནས་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ལས་གཞན་དུ་བྱས་མེད་པས་མཁན་པོ་བོ་དྷི་ས་ཏྭའི་རྗེས་སུ་འབྲང་དགོས་ཚུལ་དང་། སྔགས་ལ་སྙད་བཏགས་པའི་རྩིང་སྤྱོད་རྣམས་དགག་ཕྱིར་གསང་སྔགས་ཀྱི་ཆོས་གང་བྱུང་དུ་བསྒྱུར་མི་ཆོག་པའི་བཀས་བཅད་མཛད། སྔར་བསྒྱུར་བའི་རྒྱལ་བའི་བཀའ་དྲི་མ་མེད་པ་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་སྟེ། བོད་འབངས་ཐམས་ཅད་ཀྱིས་གོ་བདེ་བར་བཅོས། དགེ་འདུན་གྱི་སྡེ་ལ་ཕུ་དུད་གཙོ་བོར་མཛད་དེ། རབ་ཏུ་བྱུང་བ་རེ་རེ་ལ་འབངས་མི་ཁྱིམ་བདུན་བདུན་ཕུལ། དབུ་ཐོད་གདན་དུ་བཏིང་། ཞབས་སྤྱི་བོར་ལེན་པ་སོགས་བསྟན་པའི་རྩ་བ་ཚངས་པར་སྤྱོད་པ་ལ་གུས་པ་བླ་ལྷག་ཏུ་མཛད་དོ། །དེ་ནས་ཆོས་རྒྱལ་ཁྲི་ལྡེ་གཙུག་བརྟན་རལ་པ་ཅན་བྱོན་པ་ཡན་ཆད་དེ་ལ་བསྟན་པ་སྔ་དར་ཞེས་གྲགས་སོ། །
དེས་ན་ཆོས་རྒྱལ་མེས་དཔོན་རྣམ་གསུམ་དང་ལོ་པཎ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བོད་ཡུལ་གངས་ཅན་གྱི་ལྗོངས་འདིར་རྒྱལ་བའི་བསྟན་པའི་ནང་མཛོད་དམ་པའི་ཆོས་འདུལ་བ་གསར་དུ་འཛུགས་ཕྱིར་སྐུ་དང་སྲོག་ལའང་མ་གཟིགས་པར་དཀའ་བ་བརྒྱ་ཕྲག་དུ་མས་བསྟེན་པའི་རྩ་བ་དམ་པའི་ཆོས་འདུལ་བ་དར་བར་མཛད་པའི་ཚུལ་དེ་དག་བསམས་ལ་ད་ལྟ་དམ་པའི་ཆོས་འདུལ་བ་ལ་ཅི་དགར་བསླབ་ཏུ་ཡོད་པ་འདིའི་སྐབས་སུ་དོན་མེད་པའི་བྱ་བ་དང་ཆོས་ལྟར་བཅོས་པའི་དབང་ཏུ་མི་གཏོང་བར་རྒྱལ་བ་དགྱེས་པའི་ཐབས་མཆོག་ཏུ་གྱུར་པ་རྒྱལ་བ་རང་ཉིད་ཀྱིས་ཇི་ལྟར་བཅས་པའི་འདུལ་བའི་བསླབ་བྱ་བསྲུང་བ་ལ་བརྩོན་པ་ལྷུར་བྱའོ། །རྒྱལ་བའི་བསྟན་པའི་ནང་མཛོད་དམ་པའི་ཆོས་འདུལ་བའི་བྱུང་ཚུལ་བརྗོད་པ་རྒྱལ་བསྟན་རིན་པོ་ཆེའི་གསལ་བྱེད་ཉིན་མོར་བྱེད་པའི་སྣང་བ་ཞེས་བྱ་བ་ལས་བོད་ཡུལ་དུ་བསྟན་པ་སྔ་དར་ལ་དམ་ཆོས་འདུལ་བ་ཇི་ལྟར་དར་ཚུལ་བཤད་པའོ། །
༸རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་༸ཡོངས་འཛིན་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱིས་ས་བྱའི་སྤྱི་ལོ་༡༧༨༩ ལོར་ཕོ་བྲང་ཆེན་པོ་པོ་ཏ་ལའི་གཟིམ་ཆུང་བདེ་བ་ཅན་དུ་སྦྱར་བའོ།།
འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག ། །།