2024 / 10 / 12
ནང་དོན་གནད་བསྡུས། འདིར་སློབ་དཔོན་བསོད་ནམས་རྩེ་མོས་མཛད་པའི་ཡི་གེ་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པའི་བསྟན་དོན་ལས། ཝ་བཏགས་དང་འབྲེལ་བའི་བཞེད་པ་དག་ཟུར་དུ་བཏོན་ནས། དག་ཡིག་འདིར་ཝ་བཏགས་ཅན་གྱི་ཡི་གེའི་གྲངས་འདྲེན་ཚུལ་དང་། ཝ་བཏགས་ཅན་གྱི་ཡི་གེ་དག་འདོགས་ཅན་གྱི་ཡི་གེར་མི་བཞེད་པའི་རྒྱུ་མཚན་གང་ཡིན་པའི་སྐོར་བཅས་ལ་དཔྱད་སྡུར་བྱས་ཡོད།
གནད་ཚིག །བྱིས་འཇུག །འདོགས་ཅན་གྱི་ཡི་གེ །ཝ་བཏགས།
གླེང་གཞི།
སློབ་དཔོན་བསོད་ནམས་རྩེ་མོས་མཛད་པའི《ཡི་གེའི་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ》ཞེས་པ་འདི་ཉིད་ནི། ཡི་གེ་བཀླག་ཐབས་གཙོ་བོར་སྟོན་པ་དང་། ཞོར་དུ་ཡི་གེའི་རྣམ་གཞག་ཀྱང་གང་འཚམ་སྟོན་པའི་གཞུང་ཞིག་ཡིན་ལ། ཁོང་གིས་མཛད་པའི་ཡི་གེའི་ཀློག་ཐབས་དང་། ཡི་གེའི་རྣམ་གཞག་དང་དབྱེ་བསྡུ་དེ་ཚོས། བོད་ཀྱི་ཕྱིས་ཀྱི་བརྡ་གཞུང་དག་ལ་ཤུགས་རྐྱེན་ཆེ་ཞིང་གྲགས་ཆེ་བ་ཞིག་ཡིན། བསོད་ནམས་རྩེ་མོས་དག་ཡིག་འདི་ཡུལ་དུས་ཁྱད་པར་བ་ཞིག་ཏུ་བརྩམས་པ་ཡིན་སྟེ། སྐབས་དེ་དུས་ནས་ཡུལ་དབུས་གཙང་ནི་བོད་ཀྱི་ཆོས་དང་རིག་གནས་ཀྱི་ལྟེ་བ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང་། དུས་རབས་བཅུ་གཉིས་པའི་སྐབས་ཙམ་དེར་བོད་བཙན་པོའི་དུས་ཀྱི་ཡི་གེ་ཀློག་ཐབས་ཀྱི་རྒྱུན་ཞིག་ཀྱང་རྒྱུན་འཛིན་བྱུང་ཡོད་པ་ནི། དག་ཡིག་འདིར་སྔོན་འཇུག་དང་རྗེས་འཇུག་མགོ་དང་འདོགས་ཀྱི་ཡི་གེ་བཅས་ཀྱི་ཀློག་ཐབས་ཀུན་ཞིབ་པར་བསྟན་ནུས་པས་ཤེས་ཐུབ་ལ། ཕྱོགས་གཞན་ཞིག་ནས་དེང་རབས་ཀྱི་ཀློག་ཐབས་ཏེ་སྔོན་རྗེས་སོགས་དུ་མ་ཉམས་ནས་སྟབས་བདེ་ཅན་གྱི་ཀློག་ཐབས་ཀྱང་མགོ་ཚུགས་ཟིན་པར་གསལ་བས། སྣ་མང་ཅན་གྱི་དུས་རབས་ཤིག་དང་དཀྱོག་མཚམས་རང་བཞིན་གྱི་དུས་རབས་ཤིག་ཏུ་འཁེལ་ཡོད། གཞན《བྱིས་འཇུག》ནི་བོད་ཀྱི་དག་ཡིག་ཀུན་ལས་ཡི་གེའི་སྒྲ་གདངས་ཀྱི་དག་ཆ་གཙོ་བོར་སྟོན་པའི་དག་ཡིག་ཐོག་མ་དང་། བོད་ཡིག་གི་གྲངས་ཀ་བརྩིས་པའི་བསྟན་བཅོས་ཐོག་མ། བོད་ཀྱི་ཡུལ་སྐད་ལ་དོ་སྣང་བྱས་ནས་ཡིག་ཐོག་ཏུ་ཕབ་པ་ཐོག་མ་ཡིན་པ་སོགས་ཀྱི་ཁྱད་ཆོས་ལྡན་པས། བོད་སྐད་ཀྱི་སྐད་སྒྲའི་ལོ་རྒྱུས་དང་བོད་ཡིག་གི་རྣམ་གཞག་སོགས་ལ་དཔྱད་པར་དཔྱད་གཞི་ཧ་ཅང་རྩ་ཆེ་བ་ཞིག་ཏུ་གྱུར་ཡོད། དེ་ཕྱིར་འདིར《བྱིས་འཇུག》ལས་བསྟན་པའི་ཝ་བཏགས་སྐོར་གྱི་བཞེད་པ་དག་ཟུར་དུ་བཏོན་ནས་རང་བློས་དཔོག་ཚོད་ཀྱིས་དཔྱད་པ་བཏང་ཡོད།
གཅིག །ཝ་བཏགས་དང་དེའི་གྲངས་འདྲེན་ཚུལ།
བྱིས་འཇུག་ལས་ཝ་བཏགས་ཀྱི་སྐོར་ལ་བརྡ་སྤྲོད་ཀྱི་གཞུང་གཞན་དང་མི་འདྲ་བའི་བཞེད་པ་འགའ་ཤས་སྣང་། དཔེར་ན་ཝ་བཏགས་ཀྱི་སྤྱིའི་འཇུག་ཚུལ་དང་། བོད་སྐད་ཁྲོད་ཀྱི་ཝ་བཏགས་ཅན་གྱི་རྒྱུན་བཀོལ་གྱི་གྲངས་ཀ །སྒྲའི་འདོན་སྟངས། འདོགས་དངོས་ཡིན་མིན་བཅས་རེད་འདུག །སྔོན་གྱི་སློབ་དཔོན་ཐོན་མིས་མཛད་པའི་བརྡ་སྤྲོད་པའི་གཞུང་སུམ་རྟགས་གཉིས་དང་། དེའིི་རྗེས་སུ་བྱུང་བའི་པཎ་ཆེན་སྨྲྀ་ཏིས་མཛད་པའི《སྨྲ་སྒོ་མཚོན་ཆ》། བྱིས་འཇུག་གི་སྔོན་དུ་བྱུང་བའི་རྔོག་བློ་ལྡན་ཤེས་རབ་ཀྱི《དག་ཡིག་ཉེར་མཁོ་བསྡུས་པ》། སློབ་དཔོན་བསོད་ནམས་རྩེ་མོ་དང་དུས་མཉམ་པའི་ཆ་པ་ཆོས་ཀྱི་སེང་གེའི་སློབ་མ་གཙང་ནག་པ་ཐུགས་རྗེའི་སེང་གེའི་དག་ཡིག《དག་བྱེད་བདུད་རྩི་ཆུ་རྒྱུན》སོགས་ལས་བྱིས་འཇུག་བཞིན་ཝ་བཏགས་ཀྱི་སྐོར་ལ་ཞིབ་ཆ་དང་དམིགས་བསལ་གྱི་དགོངས་པ་བཏོན་པ་གང་ཡང་མཐོང་དུ་མེད་ཅེས་སྨྲ་ཆོག །
དེ་ཡང་སློབ་དཔོན་བསོད་ནམས་རྩེ་མོས་མཛད་པའི་བྱིས་འཇུག་ལས། ཝ་བཏགས་ཀྱི་འཇུག་ཚུལ་སྐོར་ལ། ཝ་ནི་ཀུན་ལ་འཇུག་རུང་ཡང་། །སྐབས་ཀྱི་བཅོ་ལྔ་དག་ལ་འཇུག །ཅེས་ཝ་བཏགས་ཀྱི་སྤྱིའི་འཇུག་ཚུལ་བསྟན་པ་སྟེ། བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་གཞན་གྱི་གསུང་ཚུལ་དང་མི་འདྲ་བར་ཝ་བཏགས་ནི་ཀུན་ལ་འཇུག་རུང་བ་སྟེ་སྐབས་ཐོག་གི་དགོས་མཁོ་དང་མཚན་བྱའི་སྒྲ་གདངས་དང་བསྟུན་ནས་མིང་གཞིར་སྦྱར་ཆོག་པར་བསྟན་ཡོད་ལ། འདིར་སྐབས་ཀྱི་བཅོ་ལྔ་དག་ལ་འཇུག་ཅེས་གསུངས་པ་ནི་བོད་སྐད་ཁྲོད་ཆེས་རྒྱུགས་ཆེ་བ་དག་བསྟན་པར་གསལ་ཏེ། 《བྱིས་འཇུག》གི་རང་འགྲེལ་ལས། “ཀྭ་ཁྭ་གྭ་ཅྭ་ཏྭ་ཐྭ་དྭ་ཚྭ་ཛྭ་ཞྭ་ཟྭ་རྭ་ཤྭ་སྭ་ཧྭ།”[༡] ཞེས་བཅོ་ལྔ་འདྲེན་པར་མཛད་པ་དག་ནི། ཀྭ་ནི་ཀྭ་ཡེའི་ཀྭ་དང་། ཁྭ་ནི་ཁྭ་ཏའི་ཁྭ། གྭ་ནི་གཡག་གྭ་པའི་གྭ །ཅྭ་ནི་བཅྭ་ལྔ་དང་བཅྭ་བརྒྱད་ཀྱི་ཅྭ། དྭ་ནི་ལ་དྭགས་སོགས་ཀྱི་དྭ། ཚྭ་ནི་རོའི་ཚྭ། ཞྭ་ནི་ཞྭ་མོའི་ཞྭ། ཟྭ་ནི་ཟྭ་ཚོད་ཀྱི་ཟྭ། རྭ་ནི་འབྲོང་རྭའི་རྭ། ཤྭ་ནི་རི་དྭགས་ཀྱི་ཤྭ། ཧྭ་ནི་ཧྭགས་ཀྱི་ཧྭ་སྟེ། ཝ་བཏགས་ཅན་བཅོ་ལྔ་ལས་བཅུ་གཅིག་ནི་དེང་གི་བོད་ཡིག་ཁྲོད་དུའང་རྒྱུགས་ཆེ་བ་དག་ཡིན་པས། ཁོང་གིས་འདིར་སྤྱོད་སྒོ་ཆེ་བ་དག་དྲངས་པར་ཤེས་ནུས་ལ། དེ་དག་ལས་ཛྭ་དང་སྭ་ཡང་། གཤེན་མཁས་གྲུབ་ཀྱིས་མཛད་པའི《བརྡ་སྤྲོད་ཉི་ཤུ་བདུན་པ》ལས། “སྭ་ནི་ཁ་ནང་སྐྱེས་པའོ་ཞེས་པས་སོ། །” [༢] ཞེས་དང་། “ཛྭ་དང་སྭ་ཞེས་ཡིག་རྙིང་རྣམས་སུ་སྣང་མོད་ཀྱང་དེང་སང་ཛོ་དང་སོ་ཞེས་སྦྱོར་བའི་ཕྱག་རྒྱུན་འདུག་གོ” [༣]ཞེས་གསུངས་པས་ཛྭ་དང་སྭ་ཡང་སྔོན་ཆད་རྒྱུགས་ཆེ་བར་གསལ། ཏྭ་དང་ཐྭ་གཉིས་ཀྱི་སྐོར་ཕྲན་གྱིས་ད་ཕན་ཡིག་ཚང་ཁག་ཏུ་བཙལ་ཀྱང་། “ཏྭ་ལོ” [༤]དང་། “སྟྭ་རེ” [༥]ཞེས་པ་ལས་མ་རྙེད་མོད། སྔོན་དུས་བོད་སྐད་ཁྲོད་དུ་བཀོལ་སྤྱོད་ཅུང་ཆེ་བའི་གྲས་ཤིག་ཡིན་ངེས་སྙམ།
བཞེད་མཁན། | ལོ་ཚིགས། | ཡིག་ཆའི་མིང་། | ཝ་བཏགས་ཅན། | རྣམ་གྲངས། |
རྔོག་བློ་ལྡན་ཤེས་རབ། | ༡༠༥༩ ༡༡༠༩ | དག་ཡིག་ཉེར་མཁོ་བསྡུས་པ། | ཀྭ་ཁྭ་གྲྭ་རྩྭ་ཚྭ་ཞྭ་ཟྭ་རྭ་ཤྭ་སྭ་ཧྭ། | ༡༡ |
སློབ་དཔོན་བསོད་ནམས་རྩེ་མོ། | ༡༡༤༢ ༡༡༨༢ | བྱིས་འཇུག | ཀྭ་ཁྭ་གྭ་ཅྭ་ཏྭ་ཐྭ་དྭ་ཚྭ་ཛྭ་ཞྭ་ཟྭ་རྭ་ཤྭ་སྭ་ཧྭ། | ༡༥ |
གཙང་ནག་པ་ཐུགས་རྗེ་སེང་གེ |
| བདུད་རྩི་ཆུ་རྒྱུན། | ཀྭ་ཁྭ་གྭ་གྲྭ་ཅྭ་ཉྭ་དྭ་ཚྭ་ཞྭ་ཟྭ་རྭ་ཤྭ་ལྭ་ཧྭ། | ༡༤ |
ས་པཎ་ཀུན་དགའ་རྒྱལ་མཚན། | ༡༡༨༢ ༡༢༥༡ | དག་ཡིག་ཉེར་མཁོ་བསྡུས་པ་སྡེབ་སྦྱོར་ཡིད་བཞིན་ནོར་བུ། | ཀྭ་ཁྭ་གྭ་ཅྭ་ཙྭ་ཚྭ་ཞྭ་ཟྭ་རྭ་ཤྭ་སྭ་ཧྭ། | ༡༢ |
ས་པཎ་ཀུན་དགའ་རྒྱལ་མཚན། | ༡༡༨༢ ༡༢༥༡ | སྡེབ་སྦྱོར་བསྟོད་དབྱངས་ཕྲེང་བ། | ཀྭ་ཁྭ་གྭ་ཅྭ་རྩྭ་ཚྭ་ཞྭ་ཟྭ་རྭ་ཤྭ་ཧྭ། | ༡༡ |
ཡིན་ན་ཡང་སློབ་དཔོན་བསོད་ནམས་རྩེ་མོ་དང་དུས་མཉམ་པ་དང་སྔ་གཞུག་ཙམ་གྱི་མཁས་པ་དག་གི་ཝ་བཏགས་ཅན་གྱི་འདྲེན་ཚུལ་ལ་ཁྱད་པར་ཅུང་ཡོད་པ་ནི། སྐབས་དེར་བོད་ཀྱི་རྒྱུན་བཀོལ་གྱི་ཝ་བཏགས་ཅན་གྱི་འདྲེན་ཚུལ་ལ་གཅིག་གྱུར་བྱུང་མེད་པར་ཤེས་ཐུབ་ལ། གཞན་བྱིས་འཇུག་ཏུ་མགོ་ཅན་དང་འདོགས་ཅན་ཝ་བཏགས་ཅན་ཏེ། གྲྭ་རྩྭ་ཕྱྭ་གཅིག་ཀྱང་འདྲེན་པར་མ་མཛད་པ་ནི་མངོན་གསལ་དོད་ཤོས་ཀྱི་ཆ་ཞིག་དང《བྱིས་འཇུག》གི་ཐུན་མིན་གྱི་ཆ་ཞིག་ཏུ་གྱུར་ཡོད། དེ་དག་སྒྲ་གདངས་ལ་བསམས་ན་རྩ་བའི་ཝ་བཏགས་ཅན་གཞན་གྱི་ཁོངས་སུ་བསྡུས་པར་འདྲ་སྟེ། གྲྭ་ནི་རྭ་ཡི་ཁོངས་དང་། རྩྭ་ནི་ཙྭ་ཡི་ཁོངས། ཕྱྭ་ནི་ཡྭ་ཡི་ཁོངས་སུ་བསྡུས་པར་ངེས། དེ་ཡང་ཝ་བཏགས་ཞུགས་ས་ནི་ཚེག་བར་གཅིག་གི་སྒྲ་གཙོ་བོ་གང་ཡིན་པ་དེ་ཡིན་དགོས་པས་དེ་ལྟར་སྨྲའོ། །
སློབ་དཔོན་བསོད་ནམས་རྩེ་མོས་བྱིས་འཇུག་ཏུ་ཝ་བཏགས་རྒྱུགས་ཆེ་བ་བཅོ་ལྔ་འདྲེན་པར་མཛད་ཡོད་པ་ལས། ཏྭ་ཐྭ་ཛྭ་གསུམ་ནི་ཅུང་གྲགས་ཆུང་བར་ཤེས་ཐུབ་ཏེ། རྔོག་བློ་ལྡན་ཤེས་རབ་ཀྱི་དག་ཡིག《ཉེར་མཁོ་བསྡུས་པ》རུ་ཝ་བཏགས་ཅན་བཅུ་གཅིག་དྲངས་པ་དང་། གཙང་ནག་པ་ཐུགས་རྗེའི་སེང་གེའི《དག་བྱེད་བདུད་རྩི་ཆུ་རྒྱུན》དུ་ཝ་བཏགས་ཅན་བཅུ་བཞི། ས་སྐྱ་པཎྜི་ཏས《སྡེབ་སྦྱོར་ཡིད་བཞིན་ནོར་བུ》རུ་ཝ་བཏགས་ཅན་ལ་བཅུ་གཉིས་བཅས་དྲངས་མོད། ཏྭ་ཐྭ་ཛྭ་གསུམ་ནི་དྲངས་མེད། སྭ་ཡང་ལྟས་ཚོད་ལ་གྲགས་ཆུང་བ་ཞིག་མིན་ནམ་སྙམ་པ་འདྲ་ཞིག་འབྱུང་མོད། རྔོག་བློ་ལྡན་ཤེས་རབ་དང་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། དུས་ཕྱིས་ཀྱི་ཅོ་ནེ་གྲགས་པ་བཤད་སྒྲུབ། རྗེ་གསུང་རབ་རྒྱ་མཚོ། རྡོ་རྗེ་རྒྱལ་པོ་སོགས་མཁས་པ་དུ་མས་སྭ་ཡང་ཝ་བཏགས་ཅན་གྱི་གྲས་སུ་བགྲངས་འདུག་པས། བཞེད་ཚུལ་དེ་ཅུང་རྒྱུགས་ཆེ་བར་ཤེས་དགོས་འདུག །དེ་ལྟར་རུང་ཝ་བཏགས་ཅན་གྱི་འདྲེན་ཚུལ་དེ་དག་ལ་འགལ་བ་མེད་དེ། 《བྱིས་འཇུག》ལས། “ཝ་ནི་ཀུན་ལ་གདགས་རུང་ཡང་། །”[༦] ཞེས་བསྟན་པས་སོ། །
གཉིས། ཝ་བཏགས་ཀྱི་ངོ་བོའི་སྐོར་གྱི་བཞེད་པ།
ཝ་བཏགས་ཅན་གྱི་ཡི་གེ་རྣམས་འདོགས་ཅན་དངོས་ཡིན་མིན་སྐོར་ལ་གསལ་ཁ་གཏོད་མཁན་དུས་རབས་བཅུ་གཉིས་དང་བཅུ་གསུམ་ཡས་མས་ཀྱི་ད་ཡོད་ཀྱི་ཡིག་ཆ་ཕལ་ཆེར་ལས《བྱིས་འཇུག》ལས་གཞན་མཐོང་རྒྱུ་མེད་པའི་ཚད་ཙམ་དུ་སྣང་། སྔར་གྱི་བརྡ་སྤྲོད་ཀྱི་གཞུང་དང་དག་ཡིག་གི་བསྟན་བཅོས་དག་ན་ཝ་བཏགས་ཅན་ཡང་འདོགས་ཅན་གཞན་དང་གོ་ས་གཅིག་མཚུངས་སུ་སྤྲོད་པ་ཡང་སྣང་སྟེ། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི《དག་ཡིག་ཉེར་མཁོ་བསྡུས་པ》ལས། “ཡི་གེ་སུམ་བཅུ་བུ་ནི་བཞི། །ཡ་བཏགས་བདུན་དང་ར་བཏགས་བཅུ། །དེ་བཞིན་འོག་ཏུ་ལ་བཏགས་དྲུག །ཝ་བཏགས་རྣམ་པ་བཅུ་གཉིས་དང་། །ར་ལ་བཏགས་པ་བཅུ་གསུམ་དང་། །ལ་ལ་བཏགས་པ་བཅུ་དང་ནི། །ས་ལ་བཏགས་པ་བཅུ་གཉིས་དང་། །”[༧] ཞེས་ཝ་བཏགས་ཅན་རྣམས་ཀྱང་ཐད་ཀར་འདོགས་ཅན་གཞན་དང་ཁྱད་མེད་ལྟ་བུར་མཛད་འདུག །གཙང་ནག་པ་ཐུགས་རྗེ་སེང་གེའི《དག་བྱེད་བདུད་རྩིའི་ཆུ་རྒྱུན》[༨] དུ་ཝ་བཏགས་ཅན་རྣམས་ཆེས་མཇུག་ཏུ་བཀོད་པ་ཙམ་ལས་གསལ་ཁ་གང་ཡང་མཛད་མེད། དེ་བཞིན《སྡེབ་སྦྱོར་བསྟོད་དབྱངས་ཕྲེང་བ》ལས། “ཡ་བཏགས་བདུན་དང་ར་བཅུ་གཉིས། །ལ་བཏགས་བདུན་དང་ཝ་བཏགས་པ། །བཅུ་གཉིས་གསུང་ལ་ཕྱག་འཚལ་ལོ། །”[༩] ཞེས་དང་། བཅོམ་ལྡན་རིག་རལ་གྱི《སྨྲ་བའི་རྒྱན》ལས་ཀྱང་། “ཡ་ར་ཝ་གསུམ་ནི་བཏགས་ན་དོན་སྟོན་པ་རྣམས་ལ་སྦྱར་གྱི་མི་སྟོན་པ་རྣམས་ལ་ནི་མ་ཡིན་ནོ། །”[༡༠] ཞེས་པ་ཙམ་ལས་དུས་རབས་བཅུ་གཉིས་དང་བཅུ་གསུམ་པའི་ཡས་མས་ཙམ་གྱི་དག་ཡིག་དང་བརྡ་གཞུང་དག་ན་ཝ་བཏགས་སྐོར་ལ་དམིགས་བསལ་གྱི་རྣམ་གཞག་མཛད་པ་དང་། དམིགས་བསལ་གྱི་གསལ་ཁ་བཏོད་པ་མཐོང་དཀའ་བར་ཤེས་ཐུབ། དེ་ལྟར་ནའང་། སློབ་དཔོན་བསོད་ནམས་རྩེ་མོས་མཛད་པའི《བྱིས་འཇུག》ལས། “ཝ་ཡི་དོན་ནི་སྔར་བཤད་པས། །དེ་ནི་བརྩེགས་པར་ཡང་མི་བགྲང་། །”ཞེས་དང་། [༡༡]《ཡི་གེ་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པའི་རང་འགྲེལ》ལས། “ཝ་བརྩེགས་པར་མི་བགྲང་བས་ཡི་གེ་བདུན་ལ་བརྩེགས་པ་མེད།”[༡༢] ཅེས་ཝ་བཏགས་བརྩེགས་པའི་ཡི་གེར་མི་བགྲང་བ་གསལ་བོར་བསྟན་ཡོད་པ་ནི། དུས་རབས་བཅུ་གཉིས་དང་བཅུ་གསུམ་པའི་ཡས་མས་ལ་ཝ་བཏགས་བརྩེགས་པའི་ཡི་གེར་མི་བགྲང་བའི་རྣམ་གཞག་མཛད་མཁན་ཐོག་མར་ཡིན་ཤས་ཆེ་ལ། དེ་ལྟར་ན་བོད་ཀྱི་བརྡ་སྤྲོད་ཀྱི་ལོ་རྒྱུས་ཐོག །ཝ་བཏགས་ཅན་གྱི་ཡི་གེ་དག་བརྩེགས་པའི་ཡི་གེར་མི་བགྲང་བའི་ཞིབ་ཆ་ཐོག་མར་གསལ་ཁ་མཛད་མཁན་ནི་སློབ་དཔོན་བསོད་ནམས་རྩེ་མོ་ཡིན་པ་ཡང་ཁས་ལེན་དགོས། སྐབས་འདིར་བརྩེགས་པའི་ཡི་གེ་ཞེས་པ་ནི་མགོ་ཅན་དང་འདོགས་ཅན་གྱི་ཡི་གེ་གཉིས་ཀ་ལ་གོ་བ་ནི《བྱིས་འཇུག》ཏུ་ཞིབ་པར་གསལ་བས་འདིར་མ་སྤྲོས་སོ། །
ཝ་བཏགས་དག་ནི་སྤྱིར་གང་འདོད་དུ་བཏགས་པ་ཞིག་མིན་པར་སྔར་དོན་སྟོན་པའི་ནུས་པ་ཡོད་པར་མ་ཟད། སྒྲ་ཡང་ཟུར་ཕྱིན་པར་དབྱུང་དུ་ཡོད་པ་སྔར་གྱི་ཡིག་ཚང་དག་ལས་ཤེས་ཐུབ། 《བྱིས་འཇུག》ལས། “དེས་ན་བོད་ཀྱི་ཡི་གེ་ཡི། །སྒྲ་ཡི་འབྱིན་ཐབས་སྔར་བཤད་རྣམས། །ཤེས་ན་རྒྱ་སྐད་ཡི་གེ་ཡང་། །ཕལ་ཆེར་མཐུན་པས་དག་པར་འགྱུར། །” [༡༣] ཞེས་དང་། བཅོམ་ལྡན་རིག་རལ་གྱིས་རྒྱ་གར་གྱི་བཏགས་པའི་ཡི་གེ་དག་གི་ཀློག་ཚུལ་ནི་བོད་ཀྱི་ཀློག་ཐབས་དང་ཅུང་ཟད་འདྲ་བར་གསུངས་ཤིང་། དེ་བཞིན་སྔགས་ཡིག་དག་ཏུ་ཀྭ་ཁྭ་ལྟ་བུའི་ཝ་བཏགས་ཅན་བྱུང་ན། ཀ་ཝ་ཁ་ཝ་ [༡༤]ལྟ་བུ་རུ་བཀླག་དགོས་པར་གསུངས་འདུག་པར་དཔགས་ན། ཝ་བཏགས་ཅན་གྱི་ཀློག་ཚུལ་སྐབས་དེ་དུས་ད་དུང་ཉམས་མེད་པ་འདྲ་ཞིང་། སྔར་གྱི་སྔགས་ཡིག་གི་ཀློག་ཐབས་ནི་བོད་ཡིག་གི་ཀློག་ཚུལ་རྙིང་པ་དང་ཧ་ཅང་ཉེ་བ་ཡང་ཤེས་ཐུབ།
དེ་ཡང་ཝ་བཏགས་ཅན་དག་ནི་ཡ་སྟ་ར་སྟ་ལ་སྟ་ལྟ་བུའི་འདོགས་གཞན་དང་མི་འདྲ་བར། གསལ་བྱེད་གང་རུང་ཞིག་གི་གཞུག་ཏུ་ཝ་ཡི་སྒྲའམ་མཆུ་ཉེ་བའི་རྩོལ་བ་ཅུང་ཟད་ལྡན་པས། ཀྭ [kɔʷ] ཁྭ [khɔʷ] གྭ [ɡɔʷ] ལྟ་བུ་རུ་ཀློག་པ་ནི། ཝ་བཏགས་ཕལ་ཆེར་ན་རོ་སྟེ། །ཝ་སྒྲ་ཅུང་ཟད་ལྡན་པར་བཀླག །ཅེས་པ་ལས་ཤེས་ཐུབ། དེ་ལྟར་ཝ་བཏགས་ནི་འདོགས་གཞན་དག་ལྟར་སྒྲ་ལྕི་བའི་གནས་མིན་པས་སྒྲ་ཡོངས་སུ་ཉམས་པ་ཡིན་ཏེ། སྒྲ་ལྕི་བར་མི་བཀླག་པ་ནི་སྒྲ་ཉམས་པའི་རྒྱུ་རྐྱེན་ཡིན[༡༥] པས་སོ། །
གསུམ། ཝ་བཏགས་འདོགས་དངོས་མིན་པའི་སྒྲུབ་བྱེད་དང་འདོགས་གཞན་དང་བསྡུར་བ།
གོང་ནས་སློབ་དཔོན་བསོད་ནམས་རྩེ་མོས་མཛད་པའི《ཡི་གེའི་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ》རུ། ཝ་བཏགས་ཀྱི་སྐོར་ལ་སྤྱིའི་འཇུག་ཚུལ་ཇི་ལྟར་བསྟན་པ། སྐབས་ཀྱི་འཇུག་པ་གང་དག་ཡོད་པ། ཝ་བཏགས་ཅན་གྱི་ངོ་བོའི་སྐོར་བཅས་ལ་བཞེད་པ་གང་དག་ཡོད་པ་རགས་ཙམ་སོང་རྗེས། ཝ་བཏགས་བརྩེགས་པའི་ཡི་གེར་མི་གཏོགས་པའི་སྒྲུབ་བྱེད་གང་བཀོད་ཡོད་པ་དང་། ཝ་བཏགས་ཅན་དག་བརྩེགས་པའི་ཡི་གེ་གཞན་དང་མི་འདྲ་བའི་ཆ་གང་དག་ཡོད་པ་བཅས་དཔྱད་ཅིང་གླེང་བ་འོས་སུ་བབ་པས། དོན་ཚན་འདིར་དེའི་སྐོར་ལ་དཔྱད་པ་ལ། 《བྱིས་འཇུག》ལས། “ཝ་ཡི་དོན་ནི་སྔར་བཤད་པས། །དེ་ནི་བརྩེགས་པར་ཡང་མི་བགྲང་། །”ཞེས་དང་། [༡༦] བྱིས་འཇུག་གི་རང་འགྲེལ་ལས། “ཝ་བརྩེགས་པར་མི་བགྲང་བས་ཡི་གེ་བདུན་ལ་བརྩེགས་པ་མེད།”[༡༧]ཅེས་ཝ་བཏགས་ཅན་རྣམས་བརྩེགས་པའི་ཡི་གེ་མིན་པར་ཚམ་ཚོམ་མེད་པར་ཐག་བཅད་པར་སྒྲུབ་བྱེད་ཅི་ཞིག་ཡོད་དམ་སྙམ་ན། གཅིག་ན་ཡི་གེའི་སྦྱོར་བའི་ཆ་ནས་འདོགས་ཅན་གྱི་ཡི་གེ་གཞན་གྱི་ཐུན་མོང་གི་ཁྱད་ཆོས་ཝ་བཏགས་ཅན་རྣམས་ལ་མེད་པ་དང། གཉིས་པ་ནི་སྒྲའི་འབྱིན་ཚུལ་གྱི་ཐད་ནས་ལྕི་བའི་རྟེན་བྱེད་མིན་མི་འདྲ་བའི་ཕྱིར་ཞེས་བཞེད་པ་ཡིན་ཏེ། དང་པོ་ཡི་གེའི་སྦྱོར་བའི་ཆ་ནས་མི་འདྲ་བ་ནི། “ཝ་བཏགས་གུག་སྐྱེད་མི་འཇུག་པས། །དེས་ན་ཝ་ནི་ཡན་ལག་ཡིན། །”[༡༨] ཞེས་པའི་ཚིག་རྐང་སྔ་མས་ཝ་བཏགས་ཅན་གྱི་ཡི་གེ་དག་བཏགས་པའི་ཡི་གེ་གཞན་དང་ཡི་གེའི་སྦྱོར་བ་མི་འདྲ་བར་བསྟན་པ་སྟེ། ཝ་བཏགས་ཅན་གྱི་ཡི་གེ་ལ་གུག་སྐྱེད་དམ་དབྱངས་ཀྱི་རྣམ་པ་བཞི་པོ་མི་འཇུག་པར་བཞེད་འདུག་ལ། རང་འགྲེལ་ལས་ཀྱང་། “ཝ་བཏགས་གུག་བསྐྱེད་བཞི་ཀ་སྦྱར་ནས་ཀློག་པ།”མི་འཇུག་པས། [༡༩] ཞེས་བསྟན་པས། ཝ་བཏགས་ཅན་གྱི་ཡི་གེ་དག་ཡི་གེའི་ཐོང་ཐང་གི་ངོས་ནས། བཏགས་པའི་ཡི་གེ་གཞན་དང་ཐུན་མོང་གི་ཁྱད་ཆོས་མེད་པར་བསྟན་པ་སྟེ། ཡ་བཏགས་ཅན་གྱི་ཡི་གེ་ཀྱ་ཁྱ་གྱ་པྱ་ཕྱ་བྱ་མྱ་བཅས་བདུན་པོ་དང་། ར་བཏགས་ཅན་གྱི་ཡི་གེ་ཀྲ་ཁྲ་གྲ་ཏྲ་ཐྲ་དྲ་པྲ་ཕྲ་བྲ་མྲ་སྲ་ཧྲ་བཅས་བཅུ་གཉིས་དང། ཀླ་གླ་བླ་ཟླ་རླ་སླ་དྲུག་དང་བཅས་པ་ལ་གུག་སྐྱེད་འཇུག་རུང་བ་ནི་བཏགས་པའི་ཡི་གེའི་ཐུན་མོང་གི་ཁྱད་ཆོས་ཡིན་མོད། ཝ་བཏགས་ཅན་ལ་ཀྭི་ཁྭུ་གྭེ་ཅྭོ་དྭི་སོགས་ལྟ་བུར་མི་འཇུག་པར་བཞེད་འདུག །འོན་ཀྱང་རྔོག་ལོའི་དག་ཡིག《ཉེར་མཁོ་བསྡུས་པ》[༢༠]དང། ས་པཎ་གྱི《སྡེབ་སྦྱོར་ཡིད་བཞིན་ནོར་བུ》[༢༡]དག་ལས། བཅྭོ་བརྒྱད་དང། བསོག།།སྭོགས་བཅས་ཝ་བཏགས་ཅན་གྱི་ཡི་གེར་བགྲངས་འདུག་པས། ཝ་བཏགས་ཅན་གྱི་ཡི་གེའི་སྦྱོར་བའི་ཆ་ནས་ཀྱང་མཁས་པ་རྣམས་ལ་བཞེད་པ་མི་འདྲ་བ་ཡོད་པར་ཤེས་ཐུབ་ཅིང་། སློབ་དཔོན་བསོད་ནམས་རྩེ་མོ་ནི་ཝ་བཏགས་ཅན་ལ་གུག་སྐྱེད་མི་འཇུག་པར་བཞེད་འདུག་པས། འདི་ཡང་ཁོང་གིས་མཛད་པའི་ཝ་བཏགས་ཀྱི་འཇུག་ཚུལ་སྐོར་གྱི་ཞིབ་ཆ་ཐུན་མོང་མ་ཡིན་པ་ཞིག་ཡིན་ཞེས་ཀྱང་སྨྲ་ཆོག །དེ་བཞིན་ཝ་བཏགས་ཅན་གྱི་ཡི་གེ་དག་ལ་སྔོན་འཇུག་ཀྱང་འདོགས་ཅན་གྱི་ཡི་གེ་གཞན་ལྟར་སྤྱིར་འཇུག་པ་མིན་ཏེ། 《མཆན་འགྲེལ་ངོ་མཚར་འཕྲུལ་ལྡེ》ལས། “ཝ་བཏགས་ཅན་གྱི་ཡི་གེ་ལ་སྔོན་འཇུག་ཐོབ་པ་ནམ་ཡང་མི་སྲིད་དོ། །” [༢༢]ཞེས་ཀྱང་གསུངས་པས་སོ། ། དེ་བཞིན་ཝ་བཏགས་ནི་རྩྭ་གྲྭ་ཕྱྭ་ལྟ་བུ་མགོ་ཅན་དང་འདོགས་ཡིག་ལ་ཕར་འཇུག་རུང་མོད། ཚུར་ཝ་བཏགས་ལ་ཡ་སྟ་སོགས་འཇུག་པ་མེད་དོ། །དེ་དག་ནི་ཝ་བཏགས་ཀྱི་འདོགས་གཞན་དང་མི་འདྲ་བའི་ཡི་གེའི་ཐོབ་ཐང་ངོ་། །
གཉིས་པ་སྒྲའི་ཀློག་ཚུལ་གྱི་ཆ་ནས་སྒྲ་ལྕི་བའི་རྟེན་བྱེད་མིན་ཡང་འདོགས་ཅན་གྱི་ཡི་གེ་གཞན་གྱི་ཐུན་མོང་གི་ཆ་མེད་པ་སྟེ། འདོགས་ཅན་ལ་ཀ་ཁ་ག་ཏ་ཐ་ད་པ་ཕ་བ་མ་ཟ་ར་ས་ཧ་སོགས་ཀྱི་རྐང་པར་ཡ་ར་ལ་གསུམ་དང་། འདོགས་དངོས་མིན་པ་ཝ་དང་བཞི་བཏགས་པ་ལས། ཡ་སྟ་ཅན་ཀྱ་ཁྱ་གྱ་པྱ་ཕྱ་བྱ་མྱ་བཅས་བདུན་ནི་སྔར་སྒྲ་ཕྲལ་ཏེ་ཀློག་པའི་དུས་སུ་ཡ་ཉིད་སྒྲ་ལྕི་བའི་རྟེན་དུ་བྱས་ཏེ་ཀློག་པར་འདུག་པས། རིམ་གྱིས་ཡ་སྟ་ཅན་གྱི་ཡི་གེ་དག་ཡ་ཡི་སྐྱེ་གནས་དང་ཉེ་བའི་སྒྲ་སྟེ་རྐན་ལས་སྐྱེས་པའི་སྒྲ་རུ་གྱུར་པ་དང་། དེ་བཞིན་ར་སྟ་ཅན་ཀྲ་ཁྲ་གྲ་ཏྲ་ཐྲ་དྲ་པྲ་ཕྲ་བྲ་མྲ་སྲ་ཧྲ་བཅས་བཅུ་གཉིས་ཀྱང་སྔར་ཡི་གེ་ཕྲལ་ཏེ་ཀློག་པའི་དུས་ར་ཡིག་ཁོ་ན་ལྕི་བའི་གནས་ཡིན་པས། ར་སྟ་ཅན་གྱི་ཡི་གེ་ཀུན་ཀྱང་ལྕེ་རྩེ་བཟློག་ཏེ་བརྗོད་པའི་སྒྲ་རུ་འགྱུར་བ་བྱུང་བ་ཤེས་ཐུབ། གཞན་ཀླ་གླ་བླ་ཟླ་རླ་སླ་དྲུག་ཀྱང་དེ་བཞིན་ཏེ། ཅང་ཏི་ཡིས“བོད་སྐད་ཀྱི་འཕོ་འགྱུར་ངོས་ནས་བཤད་ན། ལ་བཏགས་ནི་རྒྱུན་དུ་མིང་གཞིའི་ངོ་བོ་དང་ལྡན་པ་ཞིག་རེད།”[༢༣]ཅེས་པ་ལྟར། སྔར་ཡི་གེ་ཟུར་ཕྱིན་པར་ཀློག་པའི་དུས་ལ་ཁོ་ན་སྒྲ་ལྕི་བའི་གནས་བྱས་ནས་བཀླགས་པས། རིམ་གྱིས་འདོགས་དང་འདོགས་ཅན་གཉིས་ལས་འདོགས་ཅན་གྱི་སྒྲ་ཉམས་ཤིང་འདོགས་ལ་ཡིག་ཁོ་ན་སྒྲ་མཐོན་པོས་ཀློག་པར་གྱུར་པ་ཡིན་པར་ཁོ་བོས་འདོད་དོ། །དེ་ཕྱིར་ཡ་ར་ལའི་འདོགས་ཅན་དག་ནི་སྔར་ཡི་གེ་ཕྲལ་ཏེ་ཀློག་པའི་དུས་སུ། འདོགས་དང་འདོགས་ཅན་གཉིས་ལས་འདོགས་ཁོ་ན་སྒྲའི་ལྕི་གནས་བྱས་པའི་ཐུན་མོང་གི་ཁྱད་ཆོས་ཡོད་མོད། ཝ་བཏགས་ཅན་གྱི་ཡི་གེ་རྣམས་དེ་ལྟར་མིན་པར། ཀ་སོགས་ཡི་གེ་གང་ལ་ཞུགས་ཀྱང་། སྒྲ་ལྕི་བའི་གནས་ནི་ཀ་སོགས་ཁོ་ན་ལས་ཝ་ཉིད་ནམ་ཡང་མིན་ལ། སློབ་དཔོན་བསོད་ནམས་རྩེ་མོས་ཝ་བཏགས་ཅན་གྱི་སྐབས་སུ་ཝ་ནི་ཡན་ལག་ཙམ་དུ་བཞེད་པའི་གནད་ཀྱང་འདི་ཡིན་ཏེ། འདོགས་ཝ་ཉིད་ནི་ཀ་སོགས་ཀྱི་ཡན་ལག་ཙམ་དུ་གྱུར་པ་ལས་སྒྲ་ལྕི་བའི་གནས་སམ་ཚེག་བར་གཅིག་གི་སྒྲ་གཙོ་བོའི་ནུས་པ་འདོན་མི་ཐུབ་པས། མིང་གཞི་དང་ཡ་ར་ལ་གསུམ་གྱི་འདོགས་གཞན་བཞིན་དུ་གུག་སྐྱེད་འཇུག་སའི་གཞི་རུ་འགྱུར་ནུས་པ་མིན་པས། གོང་ནས་ཝ་བཏགས་ལ་གུག་སྐྱེད་མི་འཇུག་ཅེས་གསུངས་པ་ཡང་གནད་འདི་ལ་ཐུག་པ་ཡིན། འོ་ན་སྭོགས་དང་ཏྭོན་ལྟ་བུ་ཅི་ཞེ་ན། དེ་དག་ནི་དོན་ལ་ས་དང་ཏ་ལྟ་བུ་མིང་གཞི་གང་ཡིན་པ་དེ་ལ་དབྱངས་ཨི་སོགས་སྦྱར་བར་སོང་བས། ཝ་བཏགས་ནི་གཟུགས་ཙམ་དུ་སོང་ཡོད། དེ་ཕྱིར་སྒྲའི་འགྱུར་བ་བྱུང་ཚུལ་ཡང་ཝ་བཏགས་ཅན་དག་ནི་འདོགས་ཅན་གཞན་དང་མི་འདྲ་བ་བྱུང་བ་ནི། གསེར་ཏོག་བློ་བཟང་ཚུལ་ཁྲིམས་ཀྱི《མཆན་འགྲེལ་ངོ་མཚར་འཕྲུལ་ལྡེ》ལས། “ཝ་བཏགས་ཕལ་ཆེར་མིང་གཞན་དུ་འཁྲུལ་བའམ་མིང་གཞི་སྔོན་འཇུག་ཏུ་འཁྲུལ་བ་སྤོང་ཆེད་ཡིན་ཏེ། ཁྭ་ད་ཞེས་པ་ཁའི་ཁ་དང་། ཤྭ་འོད་ཅེས་པས་ཤའི་ཤ་དང་མི་ནོར་བ་སོགས་དང་། རི་དྭགས། ཆུ་དྭངས་ཞེས་པས་ད་ཡིག་འཕུལ་དང་ས་ཡིག་རྗེས་འཇུག་ཏུ་འཁྲུལ་བ། དགས། དངས། ཞེས་པ་སྤོང་ཆེད་ཡིན་ཞིང།”[༢༤]ཞེས་གསུངས་པ་བཞིན། དུས་ཕྱིས་སུ་ཝ་བཏགས་ཅན་རྣམས་ཀྱི་ཝ་ཡི་སྒྲ་རིམ་གྱིས་ཉམས་ཤིང་། སྒྲ་འདྲ་བའི་ཡི་གེ་དག་གི་དོན་གྱི་ཁྱད་པར་འབྱེད་བྱེད་ཙམ་དུ་སོང་ཡོད་པ་ཤེས་སླ་ཞིང་། རི་དྭགས་དང་ཡི་དྭགས། ལ་དྭགས། ཆུ་དྭངས། ལྟ་བུ་ཉུང་ཤས་ཤིག་ནི་སྔོན་འཇུག་དང་མིང་གཞི་ནོར་ཉེན་ཡོད་པའི་དམིགས་བསལ་བ་ཉུང་ངུ་ཞིག་ལ། ལོ་པཎ་རྣམས་ཀྱིས་ཆེད་དུ་མིང་གཞི་དང་སྔོན་འཇུག་མི་ནོར་བའི་རྟགས་ཙམ་དུ་སྤྱད་པའང་ཡོད་ངེས་ཞེས་སྨྲའོ། །
ཟུར་མཆན།
[༩] ས་པཎ་ཀུན་དགའ་རྒྱལ་མཚན། སྡེབ་སྦྱོར་བསྟོད་དབྱངས་ཕྲེང་བ། [M] དཔལ་ལྡན་ས་སྐྱ་པའི་གསུང་རབ། [G] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤ ༡༩༡
[༢༡] ས་པཎ་ཀུན་དགའ་རྒྱལ་མཚན། སྡེབ་སྦྱོར་ཡིད་བཞིན་ནོར་བུ། [M] དཔལ་ལྡན་ས་སྐྱ་པའི་གསུང་རབ། [G] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤ ༢༢༢
[༥] ས་པཎ་ཀུན་དགའ་རྒྱལ་མཚན། སྡེབ་སྦྱོར་རིན་ཆེན་རྒྱ་མཚོ། [M] དཔལ་ལྡན་ས་སྐྱ་པའི་གསུང་རབ། [G] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤ ༢༡༩
[༢] [༣] གཤེན་མཁས་གྲུབ། བརྡ་སྤྲོད་ཉི་ཤུ་བདུན་པ་ཞེས་བྱ་བའི་གཞུང་བཞུགས་པ་ལེགས། [M] སི་ཁྲོན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ ལོ། ཤ ༡༡༩ ཤ ༡༢༠
[༡༠] [༡༤] བཅོམ་ལྡན་རིག་རལ། སྒྲའི་བསྟན་བཅོས་སྨྲ་བ་རྒྱན་གྱི་མེ་ཏོག། [M] བརྡ་སྤྲོད་དཔེ་རྙིང་གཅེས་བསྡུས་བཞུགས་སོ། །[G] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༥ ལོ། ཤ ༦༡ ཤ ༩༤
[༤] རྗེ་བཙུན་ཏཱ་ར་ནཱ་ཐ། དཔལ་ལྡན་ཤངས་པའི་ཆོས་སྐོར་གྱི་འབྱུང་ཁུངས་ཡིད་ཀྱི་མུན་སེལ། [M] ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ་དཔེ་བསྡུར་མ། [G] པེ་ཅིང་། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤ ༢༡༨
[༨] ཐུགས་རྗེ་སེང་གེ དག་བྱེད་བདུད་རྩིའི་ཆུ་རྒྱུན། [M] BDRC W1KG10731 དབུ་ཅན།
[༧] [༢༠] རྔོག་བློ་ལྡན་ཤེས་རབ། དག་ཡིག་ཉེར་མཁོ་བསྡུས་པ། [M] བརྡ་སྤྲོད་དཔེ་རྙིང་གཅེས་བསྡུས། [G] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༥ ལོ། ཤ ༡༢ ཤ ༡༢
[༢༢] [༢༤] གསེར་ཏོག་བློ་བཟང་ཚུལ་ཁྲིམས། མཆན་འགྲེལ་ངོ་མཚར་འཕྲུལ་ལྡེ། [M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 1995 ལོ། ཤ ༡༣༣ ཤ ༣༨
[༦] [༡༡] [༡༣] [༡༦] [༡༨] སློབ་དཔོན་བསོད་ནམས་རྩེ་མོ། ཡི་གེ་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ། [M] དཔལ་ལྡན་ས་སྐྱ་པའི་གསུང་རབ། [G] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ལོ། ཤ ༡༥༤ ཤ ༡༥༤ ཤ ༡༨༡ ཤ ༡༥༤ ཤ ༡༥༤
[༡] [༡༢] [༡༧] [༡༩] སློབ་དཔོན་བསོད་ནམས་རྩེ་མོ། ཡི་གེ་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པའི་རང་འགྲེལ། [M] དཔལ་ལྡན་ས་སྐྱ་པའི་གསུང་རབ། [G] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤ ༡༧༡ ཤ ༡༧༢ ཤ ༡༧༢ ཤ ༡༧༡
[༢༣] 江荻 藏语语音史研究 [M] 北京 民族出版社 2002年 第 244页
[༡༥] 罗常培 普通语音学纲要 [M] 北京 商务印书馆 1981年 第193-195页
ཡོང་ཁུངས།
ངེད་དྲ་བ།