ས་སྲོད་ཀྱི་ཉི་གཞོན།

ཀྱེ། ཉི་མ་ལགས། ཁྱེད་ནི་སྙིང་ཉེ་བའི་མི་ཞིག་ལྟར་དྲོད་ཁོལ་ལྡན་ཨང་། ཁྱེད་ནི་ང་ཡི་བྱིས་དུས་སུ་བོར་བའི་རྨི་ལམ་ཞིག་ལྟར་མཁའ་དབྱིངས་སུ་དཔྱངས་འདུག ང་ཡི་ཉི་མ། ངས་ཁྱེད་ཉིད་བླངས་ནས་ཕ་ཡུལ་གྱི་དགུན་ཁ་ལ་སྟེར་ཆོག་གམ། ས་སྲོད་སླེབས་ཐེངས་རེ་རེར་ངས་ཁྱེད་ལ་སྐྱེལ་མ་ཞུ་དགོས། སྙིང་ཉེ་བའི་མི་ཞིག་ལ་སྐྱེལ་མ་ཞུ་བ་ཇི་བཞིན། ངས་ཁྱེད་ཉིད་སྨོན་འདུན་གྲངས་མེད་དང་རེ་བ་ཁྲི་ཕྲག་གི་ཀློང་ནས་སྐྱེལ་མ་ཞུ་དགོས། ཁྱེད་རང་སྐྱེལ་མ་བྱེད་ཐེངས་རེ་རེ་ནི་དྲོད་ཁོལ་གྱི་འཇལ་འཛོམ་རེ་རེ་དང་འཛད་མཐའ་མེད་པའི་མིག་ཆུ་ལྷུང་ཐེངས་རེ་རེ་ཡིན།

ཀྭ་ཡེ། ང་ཡི་ཉི་གཞོན་ལགས། ས་སྲོད་རེ་རེ་ནི་ངས་ཁྱེད་ཁོ་ནར་གྱེས་གདུང་གིས་སྐྱེལ་མ་ཞུ་དུས་ཡིན། མཚམས་སྤྲིན་ནི་ཁྱེད་ཀྱི་མཁུར་གོང་གི་དམར་མདངས་ལྟར་ཡིད་དུ་འོང་ལ། མག་མོག་གི་ནུབ་ཁ་དེ་ནི་མུན་ནག་གི་ཟུག་རྔུ་ལྟར་གནམ་མཐའི་མཚམས་སུ་འཕྱོ། ངས་ཁྱེད་དང་ཉི་འོད་ཀྱི་ཡལ་གའི་སྟེང་གི་བྱ་ཁྱུ་ལ་སེམས་ཁྲལ་གནང་ཞོར་བདེ་མོ་འཇོག་དགོས། ངས་དེ་ཚོའི་གསུང་དབྱངས་ལ་རྣ་བ་བླགས་ཞོར་རེ་ཞིག་བདེ་མོ་འཇོག་དགོས། ང་རང་དུས་རྟག་པར་སྒེའུ་ཁུང་ཁར་འགྲེང་ནས་གསེར་མདོག་གི་ཉི་གཞོན་ཁྱེད་ལ་སྐྱེལ་མ་ཞུ་དུས། ངས་དུས་རྟག་པར་ཡིད་འོང་གི་མི་དེ་དག་གི་མིག་ཟུང་བརྗེད་ཐབས་བྲལ། 

ད་ནི་ཁྱེང་རང་ཡང་རྒྱང་བཞུད་གནང་རོགས། མག་མོག་གི་ནུབ་ཁ་དེ་ནས་ངའི་སྙུ་གུས་ཁྱེད་ཀྱི་ཕྱིར་མིག་དང་རྒྱབ་གཟུགས་བསྣོག་ཆོག ངས་ཁྱེད་ཀྱི་མིག་ཀོང་གི་མཆི་མ་དང་སྐྱོ་མདངས་ལ་གཤོག་པ་བྲིས་ཏེ་ཡི་གར་འོང་བའི་རི་རབ་དང་རྩྭ་ལྗང་རེ་རེའི་སྟེང་དུ་འཕྲོས་ཡོད་པ་བྲིས་ཆོག རྒྱང་བཞུད་གནང་དང་། སེམས་ཁྲལ་ཅི་གང་མེད་པར་རྒྱང་བཞུད་གནང་རོགས། ཁྱེད་ཀྱིས་མི་སེམས་སུ་བགྲོད་ལམ་བཟོ་དགོས་ཀྱང་། ཁྱེད་ཀྱིས་ང་ཡི་ལུས་སྟེང་དུ་རྨ་ཤུལ་བཟོ་དགོས་ཀྱང་།  དེ་དུས་ང་ནི་ཁྱེད་ཀྱི་འཐུ་འོག་གི་སེར་ལམ་ལམ་གྱི་ཉི་དགའ་མེ་ཏོག་ཅིག་ལྟར་མགོ་བོ་ལྡེམ་ངེས།

ཀྭ་ཡེ། ཉི་མ། ཁྱེད་ཀྱི་དབྱིབས་དང་ཁ་དོག་ང་ཡི་མཚན་ལྗོངས་སུ་བཀྲག་མདངས་འཚེར་འོང་ལ། དེ་དུས་སུ་ཁྱེད་ཀྱི་འོད་སྣང་ཡོད་ཚད་ང་ཡི་ཟུངས་ཁྲག་ཏུ་གྱུར་ཡོད་ངེས།དེ་དུས་སུ་ང་ནི་མུན་པའི་ནང་གི་ཕྱེ་ལེབ་ཅིག་མ་ཡིན་པར་ཁྱེད་ཕྱོགས་སུ་མགོ་དགྱེ་མཁན་གྱི་ཉི་དགའ་མེ་ཏོག་དེ་ཡིན་ངེས། ཀྭ་ཡེ། ང་ཡི་གསེར་མདོག་གི་ཉི་གཞོན་ལགས།