2024 / 10 / 6
གནད་བསྡུས། ཆོས་འབྱུང་ཁག་དང་། གྲོ་ལུང་པས་མཛད་པའི་རྔོག་ལོའི་རྣམ་ཐར། 《བསྟན་འགྱུར》ནང་གི་རྔོག་ལོས་བསྒྱུར་བའི་ཚད་གཞུང་དག་གི་འགྱུར་བྱང་དང་། ཁོང་གིས་མཛད་པའི་ཚད་གཞུང་ད་ལྟ་བཞུགས་པ་དག་དང་། རྔོག་ལུགས་ཀྱི་ཚད་གཞུང་གཞན་དག་བཅས་ལ་བརྟགས་ཏེ། རྔོག་ལོས་ཚད་མ་གསན་ཡུལ་གྱི་སློབ་དཔོན་དང་། རྔོག་ལོའི་སྐབས་ཀྱི་བོད་དུ་ཚད་མའི་འཆད་ཉན་གྱི་གནས་ཚུལ། རྔོག་ལོས་གསང་ཕུ་རུ་ཚད་མའི་འཆད་ཉན་ཇི་ལྟར་བཙུགས་པ། གཞུང་གང་དག་གི་འཆད་ཉན་སྤེལ་བ། ཚད་གཞུང་ཇི་ཙམ་བོད་ཡིག་ཏུ་བསྒྱུར་བ་དང་དེ་དག་གི་འགྱུར་བྱང་དུ་ཇི་ལྟར་འཁོད་པ། ཚད་གཞུང་ཇི་ཙམ་བརྩམས་ཡོད་པ། ད་ལྟ་བཞུགས་པ་གང་དང་གང་ཡོད་པ། ཁོང་གི་ཚད་གཞུང་དག་གིས་རྔོག་ལུགས་ཀྱི་ཚད་མ་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་པ། རྔོག་ལུགས་ཀྱི་ཚད་གཞུང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཇི་ལྟར་ཡོད་པ་སོགས་བྲིས་ཡོད།
གནད་ཚིག རྔོག་བློ་ལྡན་ཤེས་རབ། རྔོག་ལུགས་ཀྱི་ཚད་མ། འགྱུར་བྱང་། 《ཚད་མ་རྣམ་པར་ངེས་པའི་ཊཱིཀྐ》
རྔོག་བློ་ལྡན་ཤེས་རབ་ནི་ཚད་མའི་སྐོར་གྱི་གཞུང་བོད་དུ་བསྒྱུར་མང་ཤོས་ཀྱི་ལོ་ཙཱ་པ་དང་། ཚད་མ་གསར་པའམ་རྔོག་ལུགས་ཀྱི་ཚད་མའི་སྲོལ་གཏོད་པ་པོ། བསྟན་པ་ཕྱི་དར་སྐབས་ཀྱི་བོད་ཀྱི་ཚད་མའི་འཆད་ཉན་ཡོད་དོ་ཅོག་གི་མགོ་ཁུངས་ལྟ་བུ་གསང་ཕུའི་དགོན་དུ་ཚད་མའི་འཆད་ཉན་གྱི་གཞི་འཛུགས་མཁན་བཅས་ཡིན་པས་བོད་ཀྱི་ཚད་མའི་ལོ་རྒྱུས་ནང་མཛད་རྗེས་ཤིན་ཏུ་ཆེ། ཁོང་གི་བྱུང་བ་གྲོ་ལུང་པས་མཛད་པའི《འཇིག་རྟེན་མིག་གཅིག་བློ་ལྡན་ཤེས་རབ་ཀྱི་རྣམ་ཐར》ཞེས་པ་ཞིག་དང་། གཞན《ཆོས་འབྱུང་མཁས་པའི་དགའ་སྟོན》སོགས་སུ་ཉིང་བསྡུས་སུ་འཁོད་པ་དག་འདིར་བསྐྱར་འབྲི་མི་བྱ་བར་གཙོ་བོ་ཚད་མའི་སྐོར་གྱི་མཛད་རྗེས་དག་རྩལ་དུ་བཏོན་ནས་འབྲི་བར་བྱ།
དང་པོ། གསང་ཕུ་དགོན་དུ་ཚད་མའི་འཆད་ཉན་བཏོད་པ།
དེ་ཡང་རྔོག་ལོ་ཆེན་པོ་ནི་ས་ཕག་སྟེ་སྤྱི་ལོ(1059)ལ་སྐུ་འཁྲུངས། དགུང་ལོ་བཅུ་བདུན་སྟེང་སློབ་སྦྱོང་གི་ཆེད་དུ་ཁ་ཆེ་རུ་ཕེབས་རྒྱུ་ཐག་བཅད་དེ་བྱོན་པའི་ལམ་དུ་མངའ་རིས་ཀྱི་རྒྱལ་པོ་རྩེ་ལྡེའི་མེ་ཕོ་འབྲུག(1076)གི་ཆོས་འཁོར་དང་ཐུག སྐབས་དེར་ཁ་ཆེའི་པཎྜི་ཏ་ཛྙཱ་ན་ཤྲཱི་བྷ་དྲ་སོགས་ཁ་ཆེའི་མཁས་པ་ཡག་ཤོས་དག་བོད་དུ་ཕེབས་ཡོད་པས། རྩེ་ལྡེས་ཀྱང་བོད་དུ་སློབ་སྦྱོང་བྱེད་དགོས་པའི་སྐུལ་མ་མཛད། འོན་ཀྱང་རྔོག་ལོས་ཅིས་ཀྱང་ཁ་ཆེ་རུ་ཕེབས་རྒྱུ་ཡིན་པ་ཨུ་ཚུགས་ཀྱིས་ཞུས་པས་མཐའ་འཚོ་བའི་རྐྱེན་རྩེ་ལྡེ་ཡབ་སྲས་ཀྱིས་སྦྱོར་རྒྱུ་ཁས་བླངས། ཕྱིས་ཁ་ཆེ་རུ་སླེབས་ཟིན་དུས་ཀྱང་ཡུལ་དེ་གའི་མི་དག་གིས་མཁས་པ་འབྲིང་ཙམ་ལས་ཆེ་ཤོས་དག་བོད་དུ་ཕེབས་ཟིན་ཞེས་ཞུས་ཀྱང་ཚུར་མ་ལོག་པར་ལོ་བཅུ་བདུན་གྱི་རིང་གནས་དེ་རུ་སློབ་སྦྱོང་མཛད། ཁོང་གིས་ཚད་མའི་སྐོར་གསན་ཡུལ་ནི། གྲོ་ལུང་པས་མཛད་པའི་རྣམ་ཐར་དུ། “མཁས་པ་ཆེན་པོ་གཞན་ལ་ཕན་པ་བཟང་པོ་དང་། སྐལ་ལྡན་བཟང་པོ་དང་། སུ་ན་ཡ་ཤྲི་ལ་སོགས་པ་མང་པོ་དཀའ་བ་ཆེན་པོས་མཉེས་པར་མཛད་ཅིང་།”[1]ཞེས་བྱུང་། ཉང་གི《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》དུ།[2]སྐལ་ལྡན་རྒྱལ་པོ་ལས《ཚད་མ་རྒྱན》དང་འབུམ་ཕྲག་གསུམ་པ་ལས་ཀྱང《རྣམ་ངེས》གསན་པའི་སྐོར་འཁོད། ཆུ་སྤྲེལ་ལོ་སྟེ་སྤྱི་ལོ(1092)ལོར་སློབ་སྦྱོང་ཟིན་ནས་བོད་དུ་ཚུར་ཕེབས། ཉང་སྟོད་འདུལ་ཆུང་། བོ་དོང་། བསམ་ཡས། སྒང་ཐོག་སོགས་སུ་ཆོས་གསུངས་ཤིང་། ལྷག་ཏུ་གསང་ཕུ་ནེའུ་ཐོག་དགོན་དུ་བཞུགས་ཏེ། འཆད་ཉན་མཛད་པས་དཔེ་འགྲེམས་ཀྱི་གྲྭ་བ་ཁྲི་ཚོ་གཉིས་དང་སུམ་སྟོང་ལྷག་བྱུང་། རྔོག་ལོས་གསང་ཕུ་རུ་གཏོད་པའི་འཆད་ཉན་གྱི་རྒྱུན་གཙོ་བོ་ནི་ཚད་མ་དང་ཤེར་ཕྱིན་དང་རང་རྒྱུད་ཤར་གསུམ་ལུགས་ཀྱི་དབུ་མ་བཅས་ཡིན་ཞིང་དེ་དག་ལས་ཚད་མའི་སྐོར་གྱི་གཞུང་ནི《ཚད་མ་རྣམ་ངེས》དང་། 《ཚད་མ་རྒྱན》དང་། ཆོས་མཆོག་གི《འཐད་ལྡན》སོགས་ཡིན། དེ་དག་ལས་ཀྱང་གཙོ་བོ་ནི《ཚད་མ་རྣམ་ངེས》ཉིད་ཡིན་ཞིང་ཕྱིས་སུ་འུ་ཡུག་པ་སོགས་ལས་བརྒྱུད་དེ《རྣམ་འགྲེལ》གྱི་འཆད་ཉན་དར་རྗེས་འགོས་ལོ་ཙཱ་པ་གཞོན་ནུ་དཔལ་གྱི་སྐུ་ཚེ་སྨད་ཙམ་ལ་གསང་ཕུ་ཡང《རྣམ་འགྲེལ》པར་གྱུར། [3]དེ་ལྟར་རྔོག་ལོས་གསང་ཕུ་རུ་ཚད་མའི་འཆད་ཉན་བཙུགས་པས། ཇི་སྐད་དུ། “རྒྱན་དང་ཆོས་མཆོག་ལྔ་བཅུ་ལྔ། །རྣམ་ངེས་ཉིས་བརྒྱ་ལྔ་བཅུ་ལྔ། །ལུང་ཆོས་སྨྲ་བ་སྟོང་དང་ནི། །ལྔ་བརྒྱ་བདུན་བཅུ་རྩ་ལྔ་ཡོད། །”ཅེས་པ་ལྟར་དུས་ཐུང་ངུའི་ནང་འཆད་ཉན་ཤིན་ཏུ་འཕེལ་བ་བྱུང་།
སྤྱིར་རྔོག་ལོ་བོད་དུ་མ་བྱོན་གོང་དུ་ལོ་ཙཱ་པ་རིན་ཆེན་བཟང་པོ་རྟིང་རེས་ཁ་ཆེ་ལ་ཕེབས་དུས་རོགས་སུ་རིག་པ་ཅན་གྱི་ཁྱེའུ་ལྔ་ལས་གཉིས་གྲོངས་ཤིང་གསུམ་ལུས་པའི་ནང་གི་རྨ་ལོ་ཙཱ་པ་དགེ་བའི་བློ་གྲོས་ཀྱིས《རྣམ་འགྲེལ》དང་། དེའི《རང་འགྲེལ།》 《ལྷ་དབང་བློའི་འགྲེལ་པ།》 《ཤཱཀྱ་བློའི་འགྲེལ་བཤད།》 《རྩོད་པའི་རིགས་པ》བཅས་ཚད་མའི་གཞུང་ལུགས་ཆེན་མོ་ལྔ་བསྒྱུར་བ་མཛད་ཅིང། ཡང**་**རིག་པ་ཅན་གྱི་ཁྱེའུ་ལྔའི་ནང་གི་གཞན་ཞིག་སྟེ། མང་འོར་ལོ་ཙཱ་པ་བྱང་ཆུབ་ཤེས་རབ་ཀྱིས《སྡེ་བསྟན》ཚད་མ(དེ་ནེ)གཉིས་ཀྱི་ནང་དུ་བཞུགས་པའི《ཚད་མ་རྣམ་འགྲེལ་གྱི་རྒྱན་གྱི་འགྲེལ་བཤད་སློབ་དཔོན་རྒྱལ་བ་ཅན་གྱི་ཞལ་སྔ་ནས་མཛད་པ》པོད་གཉིས་ཅན་ཞིག་བསྒྱུར་ཡོད་པ་དང་། འབྲོ་སེང་དཀར་ཤཱཀྱ་འོད་ཀྱིས་བསྒྱུར་བའི་ཚད་གཞུང་ཐོར་བུ་དྲུག་དང་། ཁྱུང་པོ་ཆོས་བརྩོན་གྱིས་ཡེ་ཤེས་དཔལ་བཟང་གི《རྣམ་ངེས་ཀྱི་འགྲེལ་པ》རྣམས་བསྒྱུར་ཡོད། གཞན་ཡང་བསྟན་པ་སྔ་དར་སྐབས་ཀྱི་ལོ་ཙཱ་པ་ཡེ་ཤེས་སྡེས་བསྒྱུར་བ་གཉིས་དང་། བེ་རོ་ཙ་ནས་བསྒྱུར་བ་གཅིག ལོ་ཙཱ་པ་དྷརྨ་ཨ་ལོ་ཀས་བསྒྱུར་བ་གཉིས་དང་། དཔལ་བརྩེགས་ཀྱིས་བསྒྱུར་བ་བདུན། ལོ་ཙཱ་པ་ནམ་མཁས་བསྒྱུར་བ་གཉིས་བཅས་བསྡོམས་པས་འགྱུར་བྱང་འཁོད་པའི་ཚད་མའི་གཞུང་ཚན་བཅུ་བཞི་ད་ལྟ《བསྟན་འགྱུར》ནང་དུ་བཞུགས་པ་དག་ཀྱང་སྐབས་དེར་ཡོད་པ་སྨོས་མ་དགོས། 《ཀུན་བཏུས》རྩ་འགྲེལ་གཉིས་ལ་འགྱུར་མི་འདྲ་བ་གཉིས་ལས་མར་ཐུང་དད་པ་ཤེས་རབ་ཀྱིས་བསྒྱུར་བ་དེ་རྔོག་ལོས་གཞུང་བསྒྱུར་བའི་སྔ་ཙམ་ལ་ཡིན་སྲིད་དེ། མེ་ཕོ་འབྲུག(1076)གི་ཆོས་འཁོར་ལ་མར་ཐུང་དད་པ་ཤེས་རབ་ཡོད་པ《དེབ་སྔོན》སོགས་སུ་གསལ་བས་སོ། །གཞན་ཟངས་དཀར་ལོ་ཙཱ་པས་རྔོག་ལོ་ཁ་ཆེར་མ་ཕེབས་པའི་སྔོན་ཏེ་མེ་ཕོ་འབྲུག་གི(1076)ཆོས་འཁོར་གྱི་སྐབས་སུ《ཚད་མ་རྒྱན》བསྒྱུར་བ་རྭ་ཡེ་ཤེས་སེང་གེས་མཛད་པའི《རྭ་ལོ་ཙཱ་པའི་རྣམ་ཐར》དང་། འགོས་ཀྱི《དེབ་སྔོན》དུ་འཁོད་ཡོད་ཀྱང་ད་ལྟའི《ཚད་མ་རྒྱན》གྱི་འགྱུར་བྱང་དུ་རྔོག་གིས་བསྒྱུར་བ་ལ་ཟངས་དཀར་གྱིས་འགྱུར་བཅོས་བྱས་པ་འཁོད་ལ། མེ་ཕོ་འབྲུག་གི་ཆོས་འཁོར་གྱི་སྐབས་སུ་རྔོག་ལོ་གཞི་ནས་ཁ་ཆེར་ཕེབས་དགོས་པས་དཔྱད་དགོས། དེས་ན་རྔོག་ལོས་གསང་ཕུར་ཚད་མའི་འཆད་ཉན་མ་གཏོད་པའི་སྔོན་ནས་ཚད་མའི་སྐོར་གྱི་གཞུང་སྔར་བསྒྱུར་ཟིན་བཞུགས་པ་དང་སྐབས་དེར་བྱུང་བའི་ལོ་ཙཱ་པ་ཚོས་གསར་དུ་བསྒྱུར་བ་ཅི་རིགས་པ་མང་པོ་ཞིག་བཞུགས་ཡོད་པ་ཤེས་ཐུབ། བོད་དུ་གདན་དྲངས་པའི་ཚད་མ་ལ་མཁས་པའི་པཎ་ཌི་ཏ་ཡང་པཎ་ཌི་ཏ་ཙན་དྷ་ར་ཧུ་དང་། ཁ་ཆེ་ཛྙཱ་ན་ཤྲཱི་སོགས་བྱུང་། ཁ་ཆེ་ཛྙཱ་ན་ཤྲཱིའི་མདུན་ནས་ཁྱུང་པོ་གྲགས་སེ་སོགས་ཀྱིས་ཚད་མའི་སྐོར་གསན་ཏེ་འཆད་ཉན་མཛད་པས་ཚད་མ་རྙིང་པ་ཞེས་གྲགས་པ་བྱུང་། དེ་ལྟ་ན་ཡང་གྲོ་ལུང་པའི་རྔོག་གི་རྣམ་ཐར་ལས། “དེ་ཡང་བོད་འདིར་ནི་གཞུང་ཡང་ཕྱོགས་ཙམ་ཉུང་ཤས་ལས་མ་བསྒྱུར་ལ། བཤད་ཚུལ་ནི་ཤིན་ཏུ་ཆུང་སྟེ། མཚན་མོ་ལག་ནོམ་གྱི་གཡོབ་པས་བློ་འཁྲུལ་ནས་དྲེགས་པའི་རླུང་དམར་གྱིས་དེད་པའི་སྦར་སྦུར་འོལ་སྤྱི་ཙམ་ལས་མི་སྣང་ངོ་། །”[4]ཞེས་གསུངས་པ་ལྟར་གཞུང་ལུགས་སྤྱི་དང་བྱེ་བྲག་ཚད་མའི་འཆད་ཉན་ཆ་ཤས་ཙམ་ལས་མ་དར་ལ། བདག་ཉིད་ཆེན་པོ་འདི་ནས་མགོ་ཚུགས་ཏེ《ཚད་མ་རྒྱན》དང་། 《རྣམ་ངེས》དང་། ཆོས་མཆོག་གི《འཐད་ལྡན》སོགས་ལ་སྦྱངས་པའི་སྲོལ་བཙུགས་ཏེ་བོད་དུ་མཚན་ཉིད་རྩོད་པའི་རྐང་བརྟན་པོར་ཚུགས། ཁོང་གི་སློབ་མའི་གཙོ་བོའི་གྲས་དབུ་ཚད་ཀྱི་བཤད་སྲོལ་འཛིན་པ་ཁྱུང་རིན་ཆེན་གྲགས་དང་། གྲོ་ལུང་པ་སོགས་དང་། རྒྱ་དམར་བ། ཕྱྭ་བ་སོགས་ལས་བརྒྱུད་དེ་ཚད་མའི་འཆད་ཉན་ཤིན་ཏུ་རྒྱས་ཤིང་། ཚད་མའི་གཞུང་འགྲེལ་དང་བསྡུས་པ་མང་དུ་མཛད་། མཚན་མཚོན་གཞི་གསུམ་གྱི་དཔྱོད་ཐབས། མུར་འབྲེལ་གྱི་ཐལ་འགྱུར་འགོད་པ། བློ་རིག་བདུན་དུ་དབྱེ་བ། བསྡུས་གྲྭའི་རིགས་ལམ་སོགས་བོད་ཀྱི་མཚན་ཉིད་ཀྱི་བཤད་སྲོལ་ཐུན་མོང་མིན་པའང་མང་དུ་དར། དེ་ནས་ས་པཎ་གྱིས་ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲཱི་དང་། དཱ་ན་ཤཱི་ལ་དང་། སངྒཱ་ཤྲཱི་གསུམ་ལས་ཚད་གཞུང་རྒྱ་གར་མ་མང་པོ་གསན་པར་མཛད་དེ་དགུང་ལོ་སོ་བརྒྱད་པ་ལ《ཚད་མ་རིགས་པའི་གཏེར》མཛད། རྒྱ་གཞུང་དག་མཇལ་བ་ལས་རྔོག་ལུགས་ཀྱི་ཚད་མའི་བཞེད་ཚུལ་འགའ་རྒྱ་གཞུང་དང་མི་མཐུན་པའི་དགོངས་ཚུལ་བྱུང་སྟེ་དགག་སྒྲུབ་རྒྱ་ཆེར་མཛད། ཁོང་གི་ཚད་མའི་རྒྱུད་འཛིན་གྱི་སློབ་མ་འུ་ཡུག་པ་རིགས་པའི་སེང་གེས《རྣམ་འགྲེལ་གྱི་འགྲེལ་པ་རིགས་པའི་མཛོད》ཅེས་པ་དང《རིགས་པ་གྲུབ་པ》ཅེས་པ་བརྩམས་པ་སོགས་ལས་བརྒྱུད་དེ་ས་ལུགས་ཀྱི་ཚད་མ་རྒྱ་ཆེར་དར་ཏེ་རྔོག་ལུགས་ཀྱི་འཆད་ཉན་ཅུང་ཉམས་དམས་སུ་སོང་། འོན་ཀྱང་ས་ལུགས་ཀྱི་ཚད་མའང་གློ་བུར་བྱུང་བ་མིན་པར་རྔོག་ལུགས་ཀྱི་མཁས་པ་དག་གིས་འཆད་ཉན་གྱི་སྲོལ་རྒྱ་ཆེར་བཙུགས་པའི་སྟེང་རང་གི་བཞེད་ཚུལ་ཐུན་མོང་མིན་པ་རྩལ་དུ་བཏོན་ནས་སྤེལ་བ་ཡིན། ཕྱིས་སུ་རྗེ་ཙོང་ཁ་པ་ཡབ་སྲས་ཀྱིས་ཚད་མའི་བསྟན་པ་རྒྱ་ཆེར་སྤེལ་སྐབས་རྔོག་ལུགས་ཀྱི་རིགས་ལམ་མང་པོ་རྒྱུན་འཛིན་གྱིས་དར་བར་བྱས། འོན་ཀྱང་ཐམས་ཅད་ནས་མཚུངས་པ་མིན་ཏེ། འཆད་ཉན་གྱི་གཞུང་དང་། དཔྱོད་ཐབས། འགྲེལ་ཚུལ་སོགས་ཀྱི་ཐད་མི་འདྲ་བ་མང་དུ་མཆིས། གཞན་དེང་གི་དུས་རྔོག་ལུགས་ཀྱི་འཆད་ཉན་གྱི་རྒྱུན་འཛིན་མཁན་དམིགས་བསལ་སུ་ཡང་མེད་ཅིང་། ཚད་མ་བ་དག་རང་རང་གི་ཆོས་བརྒྱུད་ཀྱི་མཁས་པ་དག་གི་ཚད་མའི་དགོངས་པ་རྒྱུན་འཛིན་གྱི་ཆེད་དུ་བྲེལ་པ་ལས་བོད་ཀྱི་ཚད་མའི་ལོ་རྒྱུས་ནང་ཤིན་ཏུ་གལ་ཆེ་བའི་རྔོག་ལུགས་ཀྱི་ཚད་མ་བ་དག་གི་བསྟན་བཅོས་དག་དང་དེའི་དགོངས་པ་དག་བརྗེད་པ་ལྟ་བུར་གྱུར། དོན་ལ་རྔོག་ལུགས་ཀྱི་ཚད་མའི་དགོངས་པ་ལ་རྒྱུས་ཅུང་ཟད་མེད་ཚེ་ས་ལུགས་ཀྱི་གཞུང་དུ་འཁོད་པའི་དགག་སྒྲུབ་ཀྱི་འགྲོས་ལ་གོ་བ་ཡག་པོ་ཞིག་ཆགས་ཐབས་མེད་ཅིང་། ས་ལུགས་ཀྱི་ཚད་མའི་བཞེད་པ་ལ་རྒྱུས་མེད་ཚེ་དགེ་ལུགས་པའི་ཚད་གཞུང་སྔ་མ་དག་ཏུ་འཁོད་པའི་དགག་སྒྲུབ་ཀྱི་འགྲོས་མང་པོ་ཞིག་ལ་གོ་བ་ཆགས་མི་སྲིད། འགོས་ཀྱི《དེབ་ཐེར་སྔོན་པོ》ལས། “ སླར་བོད་དུ་བྱོན། བོད་དུ་ཡང་པནྜི་ཏ་འབུམ་ཕྲག་གསུམ་པ་དང༌། སུ་མ་ཏི་ཀཱིརྟི་གཉིས་ལ་ཆོས་གསན་ཞིང་བལ་པོར་ཡུག་ཅིག་བྱོན་ནས་ཨ་ཏུ་ལྱ་བཛྲེ་དང༌། བ་རེནྡྲ་རུ་ཙི་ལ་སོགས་པ་ལ་སྔགས་ཀྱི་གསན་པ་ཡང་མཛད།”[5]ཅེས་གསུངས་པ་ལྟར་རྔོག་ལོ་ཕྱིས་སུ་ཡང་བལ་ཡུལ་དུ་ཐེངས་གཅིག་ཕེབས་ཤིང་འོན་ཀྱང་དེར་བཞུགས་པའི་དུས་ཡུན་ཤིན་ཏུ་ཐུང་། དེ་ལྟར་རྔོག་ལོའི་སྐུ་ཚེ་ལ་བཅུ་བདུན་ཚན་པ་གསུམ་དུ་ཕྱེ་བའི་དང་པོ་བོད་དུ་ཁུ་བོ་རྔོག་ལེགས་པའི་ཤེས་རབ་ཀྱི་མདུན་ནས་སློབ་སྦྱོང་མཛད། གཉིས་པ་ལ་ཁ་ཆེ་རུ་སློབ་སྦྱོང་དང་གཞུང་བསྒྱུར་གྱི་མཛད་པ་བསྐྱངས། བཅུ་བདུན་ཐ་མ་ལ་གསང་ཕུ་སོགས་སུ་འཆད་ཉན་གནང་སྟེ་མཐར་ས་མོ་གླང་གི་ལོ་སྟེ་སྤྱི་ལོ(1109)ལོ་བསམ་ཡས་དང་ཉེ་བའི་སར་སྐུ་གཤེགས། སྐུ་གཤེགས་དུས་དགུང་ལོ་ང་གཅིག་ལ་སླེབས་ཙམ་ཡིན། དེ་ཡང་བོད་ཀྱི་ལོ་རྒྱུས་མང་པོའི་ནང་གསང་ཕུ་ནེའུ་ཐོག་དགོན་ནི་བོད་ཀྱི་ཀློག་པ་པོ་ཐམས་ཅད་ཀྱི་ཆུ་མགོའི་གངས་རི་ལྟ་བུ་ཡིན་པར་གསུངས་ཤིང་། གསང་ཕུ་དགོན་དུ་དེ་ལྟ་བུའི་འཆད་ཉན་ཚུགས་པ་ནི་རྔོག་ལོ་ཆེན་པོའི་འཕྲིན་ལས་ལ་བརྟེན་ནས་བྱུང་བ་བོད་ཀྱི་མཚན་ཉིད་ལོ་རྒྱུས་སྨྲ་བ་ཀུན་གྱིས་ཁས་ལེན། ཕྱིས་འབྱུང་གི་ས་དགེ་བཀའ་རྙིང་ཀུན་གྱི་ནང་རྔོག་ལོ་ཆེན་པོ་ལ་གུས་བཀུར་མི་ཞུ་མཁན་མེད་ཅིང་། རྗེ་ཙོང་ཁ་པའི་གཞུང་དུའང་ཁོང་གི་མཚན་འབོད་སྐབས་བདག་ཉིད་ཆེན་པོ་ཞེས་ཆེ་བསྟོད་དང་བཅས་པ་ལས་ཐད་ཀར་མཚན་ནས་བཟུང་བར་མི་བྱེད་དོ། །
གཉིས་པ། རྔོག་ལོས་ཚད་མའི་སྐོར་གྱི་གཞུང་སྒྱུར་བ་དང་རྩོམ་པ།
དེ་ཡང་རྔོག་ལོས་བསྒྱུར་བའི་ཚད་གཞུང་གི་འགྱུར་བྱང་ཁག་ལས《ཚད་མའི་བཤད་པ་ཆེན་པོ་རྣམ་འགྲེལ་གྱི་རྒྱན》དང་། 《འབྲེལ་པ་གྲུབ་པ》དང《གཞན་སེལ་བ་ཞེས་བྱ་བའི་རབ་ཏུ་བྱེད་པ》དང《སྐད་ཅིག་མ་འཇིག་པ་གྲུབ་པ》བཅས་བཞིའི་འགྱུར་གྱི་རོགས་སུ་སྐལ་ལྡན་རྒྱལ་པོ་ཡོད་ཅིང་། ད་དུང《ཚད་མ་རྣམ་འགྲེལ》ལ་འགྱུར་བཅོས་ཀྱི་རོགས་ཀྱང་མཛད་ཡོད། པཎྜི་ཏ་གཞན་ལ་ཕན་པ་བཟང་པོས《ཚད་མ་རྣམ་པར་ངེས་པ》དང་། 《རིགས་པའི་ཐིགས་པ》དང《རྣམ་པར་ངེས་པའི་ཊཱི་ཀ་འཐད་ལྡན》གསུམ་བསྒྱུར་བའི་འགྱུར་གྱི་རོགས་བྱས་ཡོད། གཞན་ཁ་ཆེའི་པཎྜི་ཏ་མ་ནོ་ར་ཐ་ཞེས་པས《གཞན་སེལ་བ་གྲུབ་པ》ལ་འགྱུར་གྱི་རོགས་བྱས་ཤིང་། པཎྜི་ཏ་སུ་མ་ཏི་ཞེས་པ་བོད་དུ་ཕེབས་པ་དེས《རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པ》ལ་འགྱུར་གྱི་རོགས་དང་། ཆོས་མཆོག་གི《རིགས་པའི་ཐིགས་པའི་རྒྱ་ཆེར་འགྲེལ》ལ་རྔོག་ལོ་དང་མཉམ་དུ་འགྱུར་བཅོས་མཛད་ཡོད། རྔོག་ལོ་ཆེན་པོས་བསྒྱུར་བའི་ཚད་གཞུང་ལ་གྲོ་ལུང་པས་མཛད་པའི་རྔོག་ལོའི་རྣམ་ཐར[6]དུ་ཚད་གཞུང་བཅོ་ལྔ་ཡོད་པར་བཤད་ཅིང་། དེའི་ནང་དུ《རྣམ་འགྲེལ》ལེའུ་གསུམ་ཁ་ཆེའི་པཎྜི་ཏ་ཆེན་པོ་སྐལ་ལྡན་རྒྱལ་པོ་དང་མཉམ་དུ་འགྱུར་བཅོས་མཛད་ཅིང་། དགེ་སློང་དྷརྨ་ཨ་ལོ་ཀས་བསྟན་པ་སྔ་དར་སྐབས་སུ་བསྒྱུར་བའི་ཆོས་མཆོག་གི《རིགས་ཐིགས་ཀྱི་རྒྱ་ཆེར་འགྲེལ》ལ་རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱིརྟི(བློ་མཆོག་གྲགས་པ།)དང་མཉམ་དུ་འགྱུར་བཅོས་མཛད། གྲོ་ལུང་པས་མཛད་པའི་རྣམ་ཐར་དུ་རྔོག་ལོས《རྣམ་འགྲེལ》ལེའུ་གསུམ་ལ་འགྱུར་བཅོས་མཛད་པ་འཁོད་ཅིང་། ཁོང་གིས《ཚད་མ་རྒྱན》བོད་འགྱུར་མཛད་པ་ལ་བརྟག་ན་ལེའུ་གསུམ་དེ་ནི་རང་དོན་ལེའུ་ཕུད་པའི་ཕྱི་མ་གསུམ་ཡིན་ནམ་སྙམ། གཞན《ཚད་མ་བརྟག་པ་བར་བ》ཞེས་པ་དེ་ད་ལྟ《བསྟན་འགྱུར》དུ་མི་བཞུགས་པ་ཕུད་པའི་ལྷག་མ་གསར་འགྱུར་མཛད་པའི་གཞུང་བཅུ་གཉིས་སམ་བཅུ་གཅིག་ཡོད་དེ། ཆོས་གྲགས་ཀྱི《ཚད་མ་རྣམ་པར་ངེས་པ》དང་། 《རིགས་པའི་ཐིགས་པ》དང་། 《ཚད་མ་བརྟག་པ》ཆོས་མཆོག་གིས་མཛད་པ་ཆེ་ཆུང་གཉིས་དང་། ཆོས་མཆོག་གིས་སྦྱར་བ《རྣམ་པར་ངེས་པའི་ཊཱི་ཀ་འཐད་ལྡན》ཞེས་བྱ་བ་དང་། 《ཚད་མའི་བཤད་པ་ཆེན་པོ་རྣམ་འགྲེལ་གྱི་རྒྱན》ཤེས་རབ་འབྱུང་གནས་སྦས་པས་མཛད་པ་དང་། 《གཞན་སེལ་བ་གྲུབ་པ》བྲམ་ཟེ་ཤཾ་ཀ་རཱ་ནནྡས་མཛད་པ་དང་། ཆོས་མཆོག་གིས་སྦྱར་བ《སྐད་ཅིག་མ་འཇིག་པ་གྲུབ་པ》ཞེས་བྱ་བའི་རབ་ཏུ་བྱེད་པ་དང་། 《འབྲེལ་པ་གྲུབ་པ》ཤཾ་ཀ་རཱ་ནནྡ་མཛད་པ་དང་། ཆོས་མཆོག་གིས་མཛད་པ《གཞན་སེལ་བ་ཞེས་བྱ་བའི་རབ་ཏུ་བྱེད་པ》དང་། ཛཱ་མ་རིའི《རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པ》རྣམས་བསྒྱུར་ཡོད། གཞན་བྲམ་ཟེ་བདེ་བྱེད་དགའ་བས་མཛད་པའི《རྣམ་འགྲེལ་རང་འགྲེལ་གྱི་འགྲེལ་བཤད》སྟོད་ཙམ་པ་ཞིག་བཞུགས་པ་དེའི་འགྱུར་བྱང་འཁོད་མེད་ཀྱང་རྔོག་ལོས་བསྒྱུར་བ་གྲོ་ལུང་པས་མཛད་པའི《འཇིག་རྟེན་མིག་གཅིག་བློ་ལྡན་ཤེས་རབ་ཀྱི་རྣམ་ཐར》ཞེས་པར་གསུངས། དེས་ན་འགྱུར་མི་འདྲ་བ་བཅས་བསྡོམས་པས་ད་ཡོད་བོད་འགྱུར་ཚད་གཞུང་ཡིན་ངེས་ཀྱི་གཞུང་དྲུག་ཅུ་རེ་དྲུག་ལ་སྒྱུར་མཁན་ལོ་ཙཱ་པ་ཡང་གསར་སྒྱུར་མཛད་མཁན་ཉི་ཤུ་རྩ་གསུམ་དང་། དེའི་སྟེང་འགྱུར་བཅོས་ཁོ་ན་མཛད་མཁན་གྱི་ལོ་ཙཱ་པ་བཞི་བགྲངས་པས་ཉི་ཤུ་རྩ་བདུན་ཡོད་པ་རྣམས་ལས་ཚད་གཞུང་འགྱུར་མང་ཤོས་ཀྱང་ལོ་ཙཱ་པ་བློ་ལྡན་ཤེས་རབ་ཉིད་ཡིན།
ཁོང་གིས་བརྩམས་པའི་ཚད་གཞུང་ཡང་གྲོ་ལུང་པའི་རྔོག་ལོའི་རྣམ་ཐར་དུ། “ཚད་མ་རྣམ་པར་ངེས་པའི་ཊཱིཀ་དང་བཅས་པའི་བསྡུས་དོན་དང་རྣམ་བཤད་ཆེན་པོ་དང་། རིགས་ཐིགས་འགྲེལ་པ་དང་བཅས་པའི་བསྡུས་དོན་དང་རྣམ་བཤད་དང་། རྣམ་འགྲེལ་རྒྱན་དང་བཅས་པའི་བསྡུས་དོན་དང་། ལེའུ་དང་པོའི་སྟོད་ཅུང་ཟད་ཀྱི་རྣམ་བཤད་དང་། ཆོས་མཆོག་ཆེན་པོའི་ངག་དང་པོའི་ཚིགས་སུ་བཅད་པ་བདུན་གྱི་བཤད་པ་དང་། དེའི་གཞན་སེལ་བའི་སྐབས་ཅུང་ཟད་བཤད་པ་དང་། སློབ་དཔོན་ཆོས་མཆོག་གི་ཚད་མ་བརྟག་པ་ཆུང་བའི་བསྡུས་དོན་དང་། སེལ་བ་གྲུབ་པའི་བསྡུས་དོན་དང་སྟོད་ཀྱི་བཤད་པ་དང་། སྐད་ཅིག་མ་འཇིག་པ་གྲུབ་པའི་བསྡུས་དོན་དང་། བྲམ་ཟེ་ཆེན་པོའི་སེལ་བ་གྲུབ་པའི་བསྡུས་དོན་དང་། སྟོད་ཀྱི་རྣམ་བཤད་དང་། འབྲེལ་པ་གྲུབ་པའི་བསྡུས་དོན་དང་སྟོད་ཀྱི་རྣམ་པར་བཤད་པ་རྣམས་སོ། །”[7]ཞེས་གསུངས། བཅོམ་ལྡན་རལ་གྲིའི《བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད》དུ[8]རྔོག་ལོ་ཆེན་པོས་མཛད་པ་རྣམས་གཙིགས་ཆེན་དུ་མཛད་དེ་ལེའུ་ལོགས་སུ་བྲིས་ཡོད་ཅིང་། དེར་འཁོད་པའི་ཚད་མའི་སྐོར་ནི། 《རྣམ་ངེས》དང《ཆོས་མཆོག་ཆུང་བ》གཉིས་ཀྱི་རྣམ་བཤད་རེ་དང་དོན་བསྡུས་རེ་གཉིས་རེ་མཛད། 《རྣམ་འགྲེལ་གྱི་རྒྱན》དང་། ཆོས་མཆོག་གི《ཚད་མ་བརྟག་པ་ཆུང་བ》དང་། 《སྐད་ཅིག་མ་འཇིག་པ་གྲུབ་པ》རྣམས་ལ་དོན་བསྡུས་རེ། 《ཆོས་མཆོག་ཆེན་པོ》ལ་དབུའི་ཚིགས་བཅད་བདུན་གྱི་བཤད་པ། གཞན་སེལ་གྱི་སྐབས་ཀྱི་བཤད་པ། དོན་བསྡུས་ཏེ་གསུམ་དང་། 《རྣམ་འགྲེལ》ལེའུ་དང་པོའི་སྟོད་ཀྱི་རྣམ་བཤད། ཆོས་མཆོག་གི《སེལ་བ་གྲུབ་པ》དང་། བྲམ་ཟེའི《སེལ་བ་གྲུབ་པ》དང་། 《འབྲེལ་པ་གྲུབ་པ》གསུམ་ལ་དོན་བསྡུས་རེ་དང་སྟོད་འགྲེལ་རེ་སྟེ་གཉིས་གཉིས་ཏེ་བསྡོམས་པས་ཚད་མའི་སྐོར་གཅིག་པུ་ལ་བསྟན་བཅོས་ཚན་པ་བཅུ་བདུན་ཡོད་པར་གསུངས། འོན་ཀྱང་ད་ལྟ《ཚད་མ་རྣམ་ངེས་ཀྱི་ཊཱིཀ་ཀ》དང《རྣམ་ངེས་ཀྱི་བསྡུས་དོན》ཞིག་ལས་གཞན་བཞུགས་པ་མ་མཇལ། དེའི་ནང《རྣམ་ངེས་ཀྱི་བསྡུས་དོན》དེ་རྔོག་ལོའི་ཚད་མའི་བཞེད་པ་གནད་བསྡུས་ཀྱིས་བཀོད་པའི་གཞུང་གལ་ཆེན་ཞིག་ཏུ་སྣང་། སྤྱིར་བསྟན་པ་སྔ་དར་གྱི་སྐབས་སུ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པར་གྲགས་པའི《བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ》ཞེས་པ་གཙོ་བོ《དགོངས་འགྲེལ》ནང་གི་རིགས་པ་བཞིའི་སྐོར་མདོ་དེ་དང་མངོན་པ་དང་ཐོགས་མེད་ཀྱི་གཞུང་དག་གི་རྗེས་སུ་འབྲངས་ནས་བྲིས་པ་དང་། ཀླུའི་རྒྱལ་མཚན་གྱིས་མཛད་པར་གྲགས་པའི《འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ》ཞེས་པའི་ནང་གི་ལེའུ་བཅུ་བ་འཇམ་དཔལ་གྱི་ལེའུའི་ནང་དུ་རིགས་པ་བཞིའི་སྐོར་ཕྱོགས་གླང་ཡབ་སྲས་ཀྱི་ལུགས་དང་སྦྱར་ནས་ཅུང་རྒྱས་པར་བྲིས་པ་ཞིག་དང་། ཡང《དཀར་ཆག་འཕང་ཐང་མའི》ནང་དུ་བོད་མིས་བརྩམས་པ་ལ། “ན་ཡ་བིན་དྷུའི་བརྗེད་བྱང་། བམ་པོ །ན་ཡ་བིན་དྷུའི་སྐབས་ཀྱི་བརྗེད་བྱང་། ཤུ་ལོག”[9]ཅེས་པ་གཉིས་འཁོད་ཡོད་ཅིང་། འདིའི་ན་ཡ་བིན་དྷུ་ནི《རིགས་ཐིགས》ཀྱི་སྐད་དོད་ཡིན། ཕྱི་དར་གྱི་ཚད་མ་རྙིང་པའི་དུས་སུ་ཚད་གཞུང་གསར་སྒྱུར་གྱི་ལོ་ཙཱ་པ་མང་པོ་བྱུང་ཡང་བོད་མི་རང་གིས་ཚད་གཞུང་གསར་དུ་རྩོམ་པའི་སྐོར་མི་གསལ། དེས་ན་བོད་མི་རང་གིས་ཚད་མའི་གཞུང་ཆེན་གྱི་འགྲེལ་པ་དང་། བསྡུས་པ་མང་དུ་བརྩམས་པའི་མཛད་པ་ཐོག་མ་སྐྱོང་བ་པོ་ཡང་ལོ་ཙཱ་པ་ཁོང་ཉིད་ཡིན། རྔོག་ལོའི་ཚད་གཞུང་དག་ལས་ད་ལྟ་མཇལ་དུ་ཡོད་པའི《རྣམ་ངེས་ཀྱི་ཊཱིཀ་ཀ》ནི་ཁོང་གིས་མཛད་པའི་ཚད་གཞུང་དག་གི་ཚབ་མཚོན་ལྟ་བུ་ཡིན་ཞིང་། དེའི་ནང་དུ《རྣམ་ངེས》ཀྱི་གཞུང་ཚིག་རེ་རེ་བཞིན་འབྲི་འདེད་ཀྱིས་འགྲེལ་མེད་པར་གཞུང་གི་སྤྱི་ཡི་ཆིངས་དང་དཀའ་གནད་དག་གཏན་ལ་ཕབ་ཡོད། དེའི་ནང《རྣམ་ངེས》ཀྱི་གཞུང་དུ་འབྱུང་བའི་མདོ་སེམས་སོ་སོའི་ལུགས་ཐད་ཀར་འགྲེལ་པ་ལས་མཐའ་ཐུག་གི་དགོངས་པ་འདི་ཡིན་དེ་མིན་གྱི་བཤད་པ་གང་ཡང་མེད་པས་ཤཱཀ་མཆོག་གིས་ཐལ་རང་དང་རྣམ་རྫུན་གང་ཡང་མིན་པའི་དབུ་མའི་ལུགས་སུ་བཀྲལ་བར་འཆད་པ[10]ནི་འཐད་པ་མ་མཐོང་། དེ་ཡང་རྔོག་ལོས་ཚད་མའི་རྒྱ་གཞུང་དེ་འདྲ་མང་པོ་བོད་དུ་འགྱུར་བ་མཛད་པས་རྒྱ་གཞུང་ལ་རྒྱུས་ཡོད་ཅིག་ཡིན་པ་སྨོས་མ་དགོས་མོད། ཡ་མཚན་པ་ཞིག་ལ《རྣམ་ངེས་ཀྱི་ཊཱིཀ་ཀའི》ནང་དུ་དཀའ་གནད་དག་གཏན་ལ་འབེབ་སྐབས་རང་གི་རིགས་པས་ཞིབ་ཏུ་དཔྱད་པའི་ལུགས་ཀྱིས་གཏན་ལ་ཕབ་པ་ལས་འགྲེལ་པ་རྒྱ་གར་མ་དག་གིས་ཇི་ལྟར་གསུངས་པ་ལ་བསྟུན་མེད། ཊཱིཀ་ཀ་དེ་ཉིད་ཀྱི་མཇུག་ཏུ། “ཆེ་རྣམས་ཀྱིས་ཀྱང་གསལ་བར་མ་རྟོགས་པ། །རྟོག་ངན་ཚང་ཚིང་མ་ལུས་སྲེག་པའི་མེ། །རྣམ་ངེས་དོན་དཀའ་རིགས་པའི་ལམ་མཛེས་འདི། །དེ་ལྟར་བདག་གིས་ཕྱོགས་ཙམ་གསལ་བར་བྱས། །”[11]ཞེས་གསུངས་པ་ལྟར་ཊཱིཀ་ཀ་དེར་རྒྱ་གར་གྱི་ཚད་མའི་མཁས་པ་དག་ལས་ཤཱཀྱ་བློ་དང་། ཞི་འཚོ་ཡབ་སྲས་དང་། བྲམ་ཟེ་བདེ་བྱེད་དགའ་བ། རྒྱན་མཁན་པོ་སོགས་ཀྱི་བཞེད་ཚུལ་འགའ་བཀག་ཡོད་ཅིང་། ལྷག་ཏུ་ཆོས་མཆོག་གི་མཚན་དངོས་སུ་སྨོས་ནས་དགག་པ་མང་དུ་མཛད། རྔོག་ལོ་ཆེན་པོས་ཆོས་མཆོག་གིས་མཛད་པའི་གཞུང་ལྔ་བོད་འགྱུར་མཛད་ཅིང་གཞུང་གཅིག་ལ་འགྱུར་བཅོས་མཛད་པ་ལས་ཆོས་མཆོག་གི་གཞུང་ལ་གལ་ཆེན་དུ་འཛིན་གྱིན་པ་ཤེས་ཐུབ་ཅིང་། གཞན་ཡང་ཁོང་གིས་བསྒྱུར་བའི《འཐད་ལྡན》དང་། 《སྐད་ཅིག་མ་འཇིག་པ་གྲུབ་པའི》འགྱུར་བྱང་ལ་བལྟས་པས་ཀྱང་ཆོས་མཆོག་ལ་ཇི་ཙམ་གྱིས་གུས་བཀུར་ཞུ་བཞིན་པའི་རྣམ་པ་རྟོགས་ཐུབ། འོན་ཀྱང་ཊཱིཀ་ཀ་དེར་ཆོས་མཆོག་ལ་དམིགས་སུ་དགག་པ་མང་དུ་བྱུང་བ་ནི《རྣམ་ངེས》ཀྱི་འགྲེལ་པ་ལ་ཆོས་མཆོག་གིས་མཛད་པའི《འཐད་ལྡན》ཉིད་གྲགས་ཆེ་ཞིང་ཕུལ་དུ་བྱུང་བས་དེ་ཉིད་གཙིགས་སུ་བཟུང་སྟེ་དགག་སྒྲུབ་མཛད་པར་སྣང་། དེས་ན་གལ་ཏེ་རྔོག་ལོས《རྣམ་འགྲེལ》གྱི་ཊཱིཀ་ཀ་ཞིག་མཛད་ཡོད་ཚེ་ལྷ་ཤཱཀ་རྒྱན་གསུམ་གྱི་འགྲེལ་ཚུལ་དམིགས་སུ་བཀར་ནས་དགག་པ་མང་དུ་འབྱུང་བ་སྨོས་མེད་ཡིན། གཞན་ཡང་དེར་ཞི་བ་བཟང་པོ་ཞེས་པ《རྣམ་ངེས》འགྲེལ་མཛད་ཅིག་ལའང་དགག་པ་བྱུང་སྟེ། འགྲེལ་པ་དེ་བོད་འགྱུར་དུ་མི་བཞུགས། 《ཆོས་འབྱུང་མཁས་པའི་དགའ་སྟོན》དུ། “འོད་ལྡེས་ཁ་ཆེ་ཛྙཱ་ན་ཤྲཱི་སྤྱན་དྲངས། དེའི་སྲས་རྩེ་ལྡེས་པཎྜིཏ་ཞི་བ་བཟང་པོ་སོགས་སྤྱན་དྲངས།” [12]ཞེས་གསུངས་པའི་ཞི་བ་བཟང་པོ་འདི་ཉིད་ཡིན་ནམ་དཔྱད། གཞན་རྔོག་ལོ་ཁ་ཆེར་ཕེབས་པའི་སྔ་ཙམ་ལ་བོད་དུ་བྱོན་པའི་ཁ་ཆེའི་མཁས་པ་ཛྙ་ན་ཤྲཱི་བྷ་དྲའི《རྣམ་ངེས》ཀྱི་འགྲེལ་པ་དེ་ཁྱུང་པོ་ཆོས་བརྩོན་གྱིས་བོད་དུ་འགྱུར་ཡོད་ཀྱང་འདིའི་ནང་དུ་འགྲེལ་པ་དེའི་སྐོར་ཅི་ཡང་མི་གསལ། ཊཱིཀ་ཀ་དེར་ཁ་ཅིག་ཅེས་པ་ལས་ཁ་ཅིག་དེ་སུ་ཡིན་མིན་གྱི་མཚན་དངོས་སུ་མ་སྨོས་པ་ཡང་མང་དུ་སྣང་ཞིང་དེ་དག་གི་འདོད་ཚུལ་གྱི་འགྲོས་ལ་གཞིག་ན་ཕལ་མོ་ཆེ་རྒྱ་གར་གྱི་མུ་སྟེགས་པའི་མཁས་པ་དང་ནང་པའི་ཚད་མའི་འགྲེལ་བྱེད་དག་ཡིན་པར་ཤེས་ཐུབ།
འོན་ཀྱང་འགའ་ཞིག་ནི་རྔོག་ལོའི་སྔོན་གྱི་བོད་ཀྱི་མཁས་པའི་བཞེད་ཚུལ་ཡིན་ནམ་སྙམ་སྟེ། དེར་རྗེས་དཔག་ཤེས་པ་མིན་པར་འདོད་པ་ཞིག་རྒྱས་པར་བཀག་ལ་འགོག་པའི་རིགས་པ་ལ་བརྟག་ན་ནང་པ་ཞིག་ཏུ་སྣང་མོད། སྔོན་གྱི་རྒྱ་གར་གྱི་ནང་པའི་མཁས་པའི་ནང་དེ་ལྟར་འདོད་པ་མི་གསལ་བས་སོ། །འབྲས་སྤུངས་གནས་བཅུའི་ལྷ་ཁང་གི་ཕྱི་ར་86རྟགས་ཅན་གྱི་དཔེ་རྙིང་དབུ་མེད་བྲིས་མ་ཤོག་ལྡེབ་45་ཡོད་པའི《ཕུང་པོ་ལྔའི་འགྲེལ་བཤད》མཇུག་ཏུ་མཁས་པ་ཆེན་པོ་ཆོས་ཀྱི་བརྩོན་འགྲུས་ཀྱིས་མཛད་པ་ཞེས་འཁོད་པ་དེའི་མཛད་པ་པོ་དེ་ཁྱུང་པོ་ཆོས་ཀྱི་བརྩོན་འགྲུས་ཡིན་ཤས་ཆེ་བ་འདུག་ཅིང་། གལ་ཏེ་དེ་ལྟར་ཡིན་ན་རྔོག་ལུགས་ཀྱི་ཚད་བསྡུས་སོགས་སུ་ཐལ་འགྱུར་མང་དུ་བཀོད་པ། མཚན་མཚོན་གྱི་གཞུང་ལུགས་བྱུང་བ། གཞན་ལུགས་རྒྱ་ཆེར་འགོག་པ་སོགས་གཞུང་གི་དཔྱད་ཐབས་དང་། རིགས་པའི་འགྲོས་དང་། གཞུང་འགྲེལ་གྱི་རྩོམ་གཤིས་སོགས་ལ་ཚད་མ་རྙིང་པའི་མཁས་པ་ཁྱུང་པོ་ཆོས་བརྩོན་སོགས་ཀྱི་ཤུགས་རྐྱེན་ཡོད་པ་ཤེས་ཐུབ།
དེ་བཞིན་རྔོག་ལོའི་ཚད་གཞུང་དག་གིས་གཞུང་གི་བསྡུས་པ་འབྲི་བ། ཐལ་བ་འགོད་པ། མུ་བརྩི་བ། མཚན་མཚོན་གྱི་རིགས་ལམ། གཞན་ལུགས་དགག་ཅིང་རང་ལུགས་འཇོག་པ། ས་བཅད་འགྲེམས་ཚུལ་སོགས་ཀྱིས་ཕྱིས་ཀྱི་རྔོག་ལུགས་ཀྱི་ཚད་མ་བ་དག་ལ་ཤུགས་རྐྱེན་ཐེབས་ཡོད་ཅིང་། འཆད་ཉན་གྱི་གཞུང《རྣམ་ངེས》ལ་བྱེད་པའང་རྔོག་གི་ཤུགས་རྐྱེན་ལས་བྱུང་། དེ་དག་ལས་ཀྱང་ཤུགས་རྐྱེན་ཆེ་ཤོས་ནི་དཀའ་གནད་ལ་དཔྱོད་སྐབས་ལུང་གི་ཁུངས་གཙིགས་སུ་མི་འཛིན་པར་རིགས་པས་དཔྱད་པ་གཙོ་བོར་མཛད་པ་དེ་ཉིད་ཡིན། དེ་ལས་ལུང་ཕལ་བ་དང་རིགས་པ་གཙོ་བོར་འཛིན་ཅིང་རིགས་པས་དཔྱད་ནས་རང་ལུགས་འཇོག་སྐབས་མཁས་པའི་ལུང་དང་འགལ་བར་གྱུར་ཀྱང་དེ་ལ་འཕྱ་བ་དང་སྐྱོན་དུ་ལྟ་བ་སོགས་མེད་པར་མཁས་པའི་ཁྱད་ཆོས་སུ་བརྩི་བའི་སྲོལ་ཞིག་ཆགས་པར་གྱུར། དེ་ལྟ་དེ་ལྟར་རྔོག་ལུགས་ཀྱི་ཚད་གཞུང་དག་གི་ནང་དུ་རྒྱ་གར་གྱི་ཚད་གཞུང་དག་གི་བཤད་ཚོད་དང་མི་མཐུན་པ་ཡང་མང་དུ་བྱུང་བས། ཕྱིས་སུ་ས་ལུགས་ཀྱི་ཚད་གཞུང་དུ་རྔོག་ལུགས་ཀྱི་ཚད་མ་ལ་སྐྱོན་སྟོན་སྐབས་རྒྱ་གར་གྱི་ཚད་གཞུང་དག་གི་དགོངས་པ་མིན་ཞིང་བོད་ཀྱི་རྣམ་རྟོག་གིས་བཟོས་པ་ཡིན་པའི་ཚུལ་དེ་ཉིད་མང་དུ་བྱུང་། འོན་ཀྱང་བོད་ཀྱི་ཚད་མའི་ལོ་རྒྱུས་ནང་རྒྱ་གར་གྱི་ཚད་གཞུང་དག་གི་རྗེས་ཟློས་ཙམ་མིན་པར་བོད་ཀྱི་ཚད་མ་བ་དག་གི་ཤེས་བརྩོན་གྱིས་བསྐྱེད་པའི་འབྲས་བུ་ཞིག་འཚོལ་དགོས་ཚེ། དེ་ཡང་རྔོག་ལུགས་ཀྱི་ཚད་མའི་བསྟན་བཅོས་དག་ནས་འཚོལ་དགོས་པ་ཡིན།
གསུམ་པ། རྔོག་ལོས་བསྒྱུར་བའི་ཚད་གཞུང་དག་གི་འགྱུར་བྱང་།
འགྱུར་གྱི་མ་ཕྱིའི་གཞུང་རྩོམ་པ་པོ་དང་། བསྒྱུར་བའི་རོགས་པཎྜི་ཏ་སུ་དང་སུ་ཡོད་པ་བཅས་བདེ་བླག་ཏུ་གོ་ཕྱིར་ཁོང་གིས་བསྒྱུར་བའི་ཚད་མའི་སྐོར་གྱི་གཞུང་རྣམས་ཀྱི་འགྱུར་བྱང་ཡང་བཀོད་ན་འདི་ལྟར། 《རྣམ་ངེས》ཀྱི་འགྱུར་བྱང་དུ། “རྒྱ་གར་གྱི་ཁ་ཆེའི་པཎྜི་ཏ་གཞན་ལ་ཕན་པ་བཟང་པོ་ལ་སོགས་པ་དང༌། ལོ་ཙཱ་པ་བློ་ལྡན་ཤེས་རབ་ཀྱིས། ཁ་ཆེའི་གྲོང་ཁྱེར་དཔེ་མེད་དུ་བསྒྱུར་བའོ། །”[13]ཞེས་དང་། 《རིགས་ཐིགས》ཀྱི་འགྱུར་བྱང་དུ། “ པཎྜི་ཏ་གཞན་ལ་ཕན་པ་བཟང་པོ་ལ་སོགས་པ་དང༌། བོད་ཀྱི་ལོ་ཙཱ་པ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །”[14]ཞེས་དང་། 《རིགས་ཐིགས་ཀྱི་རྒྱ་ཆེར་འགྲེལ》གྱི་འགྱུར་བྱང་དུ། “ རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་པ་དགེ་སློང་དྷརྨ་ཨཱ་ལོ་ཀས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱི་རྟི་དང༌། བོད་ཀྱི་ལོ་ཙཱ་པ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་སླད་ཀྱི་ཡུལ་དབུས་ཀྱི་དཔེ་དང་གཏུགས་ཏེ་ལེགས་པར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །”[15]ཞེས་འཁོད་དེ་འདིའི་དྷརྨ་ཨཱ་ལོ་ཀ་ནི་བསྟན་པ་སྔ་དར་སྐབས་ཀྱི་ལོ་ཆེན་ཆོས་ཀྱི་སྣང་བ་ཞེས་པ་སྟེ། དེས་བསྒྱུར་བ་ལ་རྔོག་ལོས་འགྱུར་བཅོས་མཛད་པ་ཡིན། སུ་མ་ཏི་ཀཱི་རྟི་ནི་རྔོག་ལོ་བོད་དུ་ཕེབས་རྗེས་སུ་ཡང་བོད་དུ་བཞུགས་ཤིང་དེ་ལས་རྔོག་ལོས་ཆོས་གསན་པའི་སྐོར《དེབ་སྔོན》དུ་འཁོད། 《ཚད་མ་བརྟག་པའི》འགྱུར་བྱང་དུ། “ཚད་མ་བརྟག་པ་སློབ་དཔོན་ཆོས་མཆོག་གིས་མཛད་པ་རྫོགས་སོ།། །།དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ། །”[16]ཞེས་དང་། 《འཐད་ལྡན》གྱི་འགྱུར་བྱང་དུ། “བསྟན་བཅོས་ཆེན་པོའི་དོན་དང་ཚིག་ཏུ་བཅས། །ལེགས་རྟོགས་འགྲོ་ན་ཉི་བཞིན་གསལ་བྱེད་པ། །ཚུལ་ཁྲིམས་གཙང་མའི་དྲི་དང་ལྡན་པ་གང༌། །སློབ་དཔོན་ཆོས་མཆོག་རྟོག་གེ་ངན་འཇོམས་མཆོག ཡང་དག་དོན་གསལ་ཚད་མའི་བསྟན་བཅོས་འདི། །ལེགས་བར་བསྒྱུར་ལས་བྱུང་བའི་བསོད་ནམས་གང༌། །དེས་ནི་ལོག་ལྟའི་རྒྱུན་ཕྱོགས་སྐྱེ་བོ་རྣམས། །ཡང་དག་རིགས་པའི་ལམ་དུ་འཇུག་པར་ཤོག ཁ་ཆེའི་པཎྜི་ཏ་གཞན་ལ་ཕན་པ་བཟང་པོ་ལ་སོགས་པ་དང༌། བོད་ཀྱི་ལོ་ཙཱ་པ་བློ་ལྡན་ཤེས་རབ་ཀྱིས་གྲོང་ཁྱེར་དཔེ་མེད་དུ་བསྒྱུར་བའོ། །”[17]ཞེས་དང་། 《རྣམ་འགྲེལ་རྒྱན》གྱི་འགྱུར་བྱང་དུ།[18] “བམ་པོ་དྲུག་ཅུ་ལྷག་ཆད་མེད་པར་ཡོད་དོ། །ཁ་ཆེའི་མཁན་པོ་པཎྜི་ཏ་སྐལ་ལྡན་རྒྱལ་པོ་དང༌། ལོ་ཙཱ་པ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར། སླད་ཀྱིས་ཁ་ཆེའི་མཁན་པོ་པཎྜི་ཏ་ཀུ་མཱ་ར་ཤྲའི་དང༌། ཞུ་ཆེན་གྱི་ལོ་ཙཱ་པ་དགེ་སློང་འཕགས་པ་ཤེས་རབ་ཀྱིས་ཞུས་ཤིང་བཅོས་ཏེ་གཏན་ལ་ཕབ་པ། །”[19]ཞེས་དང་། 《གཞན་སེལ་བ་གྲུབ་པའི》འགྱུར་བྱང་དུ། “གྲོང་ཁྱེར་དཔེ་མེད་དུ་ཁ་ཆེའི་པཎྜི་ཏ་མ་ནོར་ཐ་དང༌། ལོ་ཙཱ་པ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ། །”[20]ཞེས་དང་། 《སྐད་ཅིག་མ་འཇིག་པ་གྲུབ་པའི》འགྱུར་བྱང་དུ། “རིགས་པ་པ་ཆེན་པོ་ལྟ་བ་ངན་པའི་རབ་རིབ་མ་ལུས་པ་འཇོམས་པར་མཛད་པ་སའི་སྟེང་ན་རྒྱལ་བའི་མཛད་པ་ལ་དེ་ཉིད་གཉིས་པར་གྱུར་པ། དཔལ་སློབ་དཔོན་ཆོས་ཀྱི་གྲགས་པའི་ལེགས་པར་བཤད་པ་མཆོག་གིས་ཐུགས་ཡོངས་སུ་རྒྱས་པ་ཚུལ་ཁྲིམས་རིན་པོ་ཆེ་དང༌། རྩོམ་པ་དམ་པའི་རྒྱན་དང་གོ་ཆས་རྣམ་པར་མཛེས་ཤིང་མི་བཟློགས་པའི་ཆོས་ཅན། སློབ་དཔོན་ཆོས་མཆོག་གིས་སྦྱར་བ་སྐད་ཅིག་མ་འཇིག་པ་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་སྐལ་ལྡན་རྒྱལ་པོ་དང༌། ལོ་ཙཱ་པ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ། །”[21]ཞེས་འགྱུར་བྱང་འདིར་སློབ་དཔོན་ཆོས་མཆོག་ལ་བསྔགས་པ་མང་པོ་མཛད་ཅིང་། 《འབྲེལ་པ་གྲུབ་པའི》འགྱུར་བྱང་དུ། “འབྲེལ་པ་གྲུབ་པ་སློབ་དཔོན་མཁས་པ་ཆེན་པོ་བྲམ་ཟེའི་རིགས་སུ་སྐུ་འཁྲུངས་པ་ཆོས་ཀྱི་གྲགས་པ་གཉིས་པ་ཞེས་འཇིག་རྟེན་ན་གཏམ་དུ་གྲགས་ཤིང་རྟོག་གེ་པ་ཕལ་བའི་གཞུང་འཇིག་པ་དང༌། ཐོགས་པ་མེད་པར་དོན་གྱི་དེ་ཁོ་ན་རྣམ་པར་འཇིག་པའི་བློའི་མཐུ་སྟོབས་ཀྱི་འགྲན་ཟླ་དང་བྲལ་བ། །བདེ་བར་གཤེགས་པའི་བསྟན་པ་ལ་གཅེས་སྤྲས་སུ་འཛིན་པས་ལེགས་པར་བཤད་པའི་རོ་མྱང་བ་ལ་སེམས་རྩེ་གཅིག་ཏུ་གཞོལ་བ་དགེ་བསྙེན་དམ་པ་ཤཾ་ཀ་རཱ་ན་ནྡ་མཛད་པ་རྫོགས་སོ། །པཎྜི་ཏ་སྐལ་ལྡན་རྒྱལ་པོ་དང༌། ལོ་ཙཱ་པ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ། །”[22]ཞེས་བྲམ་ཟེ་བདེ་བྱེད་དགའ་བ་ཡང་ཕུལ་དུ་བྱུང་བའི་མཁས་པ་ཡིན་པར་གསུངས་སོ། ། ཆོས་མཆོག་གིས་མཛད་པའི《གཞན་སེལ་བ》ཞེས་བྱ་བའི་འགྱུར་བྱང་དུ། “ཁ་ཆེའི་པཎྜི་ཏ་སྐལ་ལྡན་རྒྱལ་པོ་དང༌། ལོ་ཙཱ་པ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ཁ་ཆེའི་གྲོང་ཁྱེར་དཔེ་མེད་དུ་བསྒྱུར་བའོ། །”[23]ཞེས་སོ། །ཛཱ་མ་རིའི《རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པའི》འགྱུར་བྱང་དུ། “།དཔལ་ལྡན་དབང་རྒྱལ་དབང་ཕྱུག་ལྟ་བུར་འབྱོར་ལྡན་ཀུན་ལ་ཁྱབ་པ་ཡི། །གྲགས་པ་གསལ་ལྡན་ཟླ་འདྲའི་གཞི་གྱུར་མཆོག་ཏུ་ཡང་དག་ལ་གནས་པ། །རབ་དང་ཡིད་ཅན་མཁས་པ་རྣམས་ཀྱིས་རྟག་པར་ཤིན་ཏུ་བརྗོད་བྱ་གང༌། །སེམས་ཅན་དོན་ལ་མངོན་པར་དགའ་བའི་སྡོམ་བརྩོན་དམ་པ་དེ་ཡི་ངོར། །བློ་བཟང་གང་ན་བློ་བཟང་བློ་གྲོས་བཟང་པོ་དང༌། །སྒྲ་སྒྱུར་རྣམས་ཀྱི་རྒྱན་གྱུར་བློ་ལྡན་བཟང་པོ་ཡིས། །རྣམ་འགྲེལ་དམ་པའི་རྒྱན་དུ་གྱུར་པའི་ཊཱི་ཀ་འདི། །གཉེ་ཐང་བྲག་སྣ་བཀྲ་ཤིས་གཙུག་ལག་ཁང་དུ་བསྒྱུར། །ཚད་མ་རྒྱན་གྱི་ཊཱི་ཀ་པཎྜི་ཏ་སུ་མ་ཏི་དང༌། ལོ་ཙཱ་པ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ། །”[24]ཞེས་འདི་ཉིད་བོད་ཀྱི་གཉེ་ཐང་དུ་བསྒྱུར་བ་གསལ། གོང་ཞུས་འགྱུར་དེ་དག་ལས《ཚད་མ་བརྟག་པའི》འགྱུར་གྱི་རོགས་འཁོད་མེད་ཅིང་། པཎྜི་ཏ་སུ་མ་ཏི་དང་མཉམ་དུ་བསྒྱུར་བ་རྣམས་བོད་དུ་བསྒྱུར་བ་དང་གཞན་ཚང་མ་རྔོག་ལོ་བོད་དུ་ཕེབས་པའི་སྔ་ཙམ་ལ་བསྒྱུར་བ་ཡིན་ཏེ། ཁ་ཆེ་སྐལ་ལྡན་རྒྱལ་པོ་བལ་ཡུལ་བར་དུ་ཕེབས་རྗེས་བོད་དུ་ཕེབས་མ་ཐུབ་ཅིང་།གཞན་ཕན་བཟང་པོ་དང་པཎྜི་ཏ་མ་ནོར་ཐ་གཉིས་ཀ་བོད་དུ་ཕེབས་པའི་ལོ་རྒྱུས་མེད་པ་ལས་ཤེས་ནུས་སོ། །
བཞི་བ། རྔོག་ལུགས་ཀྱི་ཚད་གཞུང་དག་གི་ཁྱད་པར་གྱི་ཆོས་འགའ།
༡ འཆད་ཉན་བྱ་སའི་གཞུང་གི་ཆ་ནས་བཤད་ན།
ཇི་སྐད་དུ། “རྒྱན་དང་ཆོས་མཆོག་ལྔ་བཅུ་ལྔ། །”ཞེས་བྱུང་བ་ལྟར《ཚད་མ་རྒྱན》ལ་འཆད་ཉན་ཅུང་ཟད་རེ་བྱུང་སྣང་ཞིང་། ཕྱྭ་བས་བརྩམས་པའི《ཚད་མ་མདོའི་འགྲེལ་པ》སོགས་ཀྱང་བྱུང་མོད། འཆད་ཉན་གྱི་གཞུང་གཙོ་བོ《རྣམ་ངེས》ལ་བྱེད་པ་ཡིན་ཏེ། འགོས་ཀྱི《དེབ་སྔོན》ལས། “གསང་ཕུ་བ་རྣམས་ཀྱང་ཁོ་བོ་གཞོན་པའི་དུས་ན་རྣམ་ངེས་ཀྱི་བདག་པོ་མཛད་པ་ལས། དིང་སང་ནི་རྣམ་འགྲེལ་བར་གྱུར་ཏོ། །”[25]ཞེས་གསུངས་ཤིང་། ཤཱཀ་མཆོག་གི《རྔོག་ལོ་ཆེན་པོས་བསྟན་པ་ཇི་ལྟར་བསྐྱངས་པའི་ཚུལ་མདོ་ཙམ་དུ་བྱ་བ་ངོ་མཚར་གཏམ་གྱི་རོལ་མོ》ཞེས་པ་ལས་ཀྱང་། “དུས་ཕྱིས་གསང་ཕུ་སོགས་སུ་རྣམ་འགྲེལ་གྱི་བཤད་སྲོལ་བྱུང་བ་དེ་དག་ནི། ལོ་ཆེན་གྱི་བཤད་པའི་སྲོལ་མ་ཡིན་གྱི། ས་སྐྱའི་ནོར་བཟང་དང་། ཉ་དབོན་གྱི་བཤད་པ་ལས་འཕེལ་ལོ། །”[26]ཞེས་སོ། །འོན་ཀྱང་ཕྱིས་སུ་ས་ལུགས་དག་གིས《རིགས་གཏེར》གཙོ་བོ་དང《རྣམ་འགྲེལ》ལ་ཡང་འཆད་ཉན་བྱེད་ཅིང་། དགེ་ལུགས་པ་དག་གིས་རྒྱལ་ཚབ་ཀྱི《ཐར་ལམ་གསལ་བྱེད》དང་སྦྲགས་ནས《རྣམ་འགྲེལ》ལ་འཆད་ཉན་བྱེད་ཀྱི《རྣམ་ངེས》ལ་འཆད་ཉན་གྱི་སྲོལ་རིམ་གྱིས་ནུབ་པར་གྱུར།
༢ ཁུངས་གཏུགས་སའི་ཆ་ནས་བཤད་ན།
སྤྱིར་ཡོངས་ནས་བཤད་ན་ཕྱིས་ཀྱི་ས་ལུགས་དང་དགེ་ལུགས་པའི་ཡིག་ཆ་གྲགས་ཆེན་དག་གི་ནང་དུ་ས་པཎ་དང་རྒྱལ་ཚབ་ཆོས་རྗེའི་ཚད་གཞུང་དག་གི་དགོངས་པ་ལེན་ཚུལ་མི་འདྲ་བ་བྱུང་སྲིད་མོད། དེ་གཉིས་ཁས་མི་ལེན་མཁན་བྱུང་མེད་ཅིང་། གཅིག་གྱུར་གྱིས་ཁས་ལེན་པའི་བོད་ཀྱི་ཚད་གཞུང་གི་ཡིག་ཆ་དེ་གཞིར་བཟུང་ནས་དཔྱད་པ་གནང་ཡོད། འོན་ཀྱང་རྔོག་ལུགས་ཀྱི་ཚད་མ་བ་དག་གིས་གཅིག་གྱུར་གྱིས་ཁས་ལེན་པའི་བོད་གཞུང་ཞིག་མེད་ཅིང་ཕྱི་མ་ཕྱི་མའི་གཞུང་གི་ནང་དུ་སྔ་མའི་དགོངས་པ་འགའ་དགག་པའམ། ཡང་ན་ཁས་མི་ལེན་པ་ནི་རྒྱུན་ལྡན་ལྟ་བུར་སྣང་། རྔོག་ལོ་ཆེན་པོའི་གཞུང་ཡིན་ཡང་ཁས་ལེན་པའི་ངེས་པ་མི་སྣང་བ་དཔེར་ན་ཕྱྭ་བའི《ཚད་མ་ཡིད་ཀྱི་མུན་སེལ》དུ་བློ་ལྡན་ཤེས་རབ་ན་རེ་ཞེས་མཚན་དངོས་སུ་སྨོས་ནས་བཀག་པ་དང་། 《ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི》ནང་དུ་ཡང་རྔོག་ལོ་དང་ཕྱྭ་བ་སོགས་སྔོན་བྱོན་བོད་ཀྱི་མཁས་པའི་བཞེད་ཚུལ་མང་པོ་ཞིག་ལ་དགག་པ་མཛད་ཅིང་། འདིས་འདི་ལྟར་གསུངས་པས་དེ་ལྟར་ཡིན་ནོ་ཞེས་ཚད་མར་བཟུང་བའི་བོད་ཀྱི་མཁས་པ་གཅིག་ཀྱང་མེད་པར་སྣང་། 《ཚད་མ་སྡེ་བདུན་གྱི་དོན་ཕྱོགས་གཅིག་ཏུ་བསྡུས་པ་གཞན་གྱི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ》ཞེས་པ་འབྲས་སྤུངས་གནས་བཅུ་ལྷ་ཁང་དཔེ་རྟགས་ཕྱི་ཞ་6་རྟགས་ཅན་གྱི་དབུ་མེད་བྲིས་མ་ལྡེབ་68་ཡོད་པ། སྦྱར་བྱང་དུ། “རིགས་པ་སྨྲ་བའི་དགེ་སློང་སེང་གེ་ཡེ་ཤེས་གསང་ཕུ་ནེའུ་ཐོག་གཙུག་ལག་ཁང་དུ་ལེགས་པར་བརྩམས་ཏེ། དཔལ་ཤེལ་དཀར་གྱི་གཙུག་ལག་ཁང་དུ་ཡི་གེ་བཀོད་པའོ། །”ཞེས་འཁོད་པའི་ནང་དུ་ཡང་རྔོག་ལོ་ཙཱ་པ་དང་། ཁྱུང་རིན་ཆེན་གྲགས། ཕྱྭ་བ་ཆོས་སེང་དང་། གཙང་ནག་པ་བརྩོན་འགྲུས་སེང་གེ །འཇམ་དཔལ་རྡོ་རྗེ་སོགས་སྔོན་གྱི་རྔོག་ལུགས་ཀྱི་ཚད་མ་མཁས་པ་ཕལ་མོ་ཆེ་ལ་དགག་པ་བྱས་ཡོད། དེ་བཞིན་ཚད་གཞུང་རྒྱ་གར་མ་དག་གི་གསུང་སྲོལ་གཞིར་བཟུང་མཛད་ཀྱང་གཅིག་ཏུ་ཚད་མར་ཁས་ལེན་པ་གཅིག་ཀྱང་མེད་པ་ལྟ་བུར་སྣང་སྟེ། 《ཚད་མ་ཡིད་ཀྱི་མུན་སེལ》དུ་སློབ་དཔོན་ཆོས་གྲགས་ཀྱི་གཞུང་དུ་གཏན་ཚིགས་ཡང་དག་གི་མཚན་ཉིད་ཀྱི་ཚུལ་གསུམ་གསུངས་པ་ལ་ཡང་དགག་པ་བྱུང་བ་ལྟ་བུ་ཡིན།
༣ དཔྱོད་ཐབས་ཀྱི་ཆ་ནས་བཤད་ན།
མཚན་མཚོན་གཞི་གསུམ་གྱི་གཞུང་ལུགས། ཐལ་འགྱུར་སྐོར་གྱི་གཞུང་ལུགས་དང་། མུར་འབྲེལ་གྱི་ཐལ་འགྱུར་འགོད་པའི་སྲོལ། མུ་བཞིའི་སྒོ་ནས་དཔྱད་པ། ཆ་བའི་ལུགས་ཀྱི་རྫས་ལྡོག་ལྟ་བུ་རིགས་ལམ་འཕེལ་བའི་ཐབས་སོགས་རྒྱ་གར་གྱི་གཞུང་དུ་མི་གསལ་བའི་རིགས་མང་པོ་གསར་གཏོད་མཛད་ཅིང་། དེ་དག་ཀྱང་རྔོག་ལོས་རྨང་བཏིང་པ་ལ་ཕྱིས་ཕྱྭ་བ་སོགས་ཀྱིས་ཆ་ཇེ་ཚང་དུ་བཏང་བ་ཡིན།
༤ གཞུང་དོན་འཆད་ཚུལ་གྱི་ཆ་ནས་བཤད་ན།
གཞུང་གི་འབྲི་འདེད་ཀྱི་འགྲེལ་པ་དང་དེ་ཡང་ཚིག་གི་ཟིན་ཚོད་ཀྱི་རྒྱ་ལས་མི་འདའ་བའི་འགྲེལ་མཛད་མཁན་པོ་དག་དང་མི་འདྲ་བར་གཞུང་གི་འབྲུ་འགྲེལ་ཕལ་བ་ཙམ་དང་རིགས་པའི་དཔྱད་པ་གཙོ་བོ་དང་། དགག་བཞག་སྤོང་གསུམ་གྱི་སྒོ་ནས་དཀའ་བའི་གནད་རྣམས་རྩལ་དུ་བཏོན་ཏེ་འཆད་པ་རྔོག་ལོ་དང་ཕྱྭ་བ་དང་གཙང་ནག་པ་གསུམ་གྱི《རྣམ་ངེས་ཀྱི་ཊཱིཀྐ》ལྟ་བུ་དང་། འདི་ལྟར་ཡིན་ཏེ། དེ་ལྟར་གཞུང་ག་གེ་མོ་ལས་གསུངས་པས་སོ་ཞེས་སྨྲ་བའི་ཚུལ་དང་མི་འདྲ་བར་གཞུང་གི་ཁུངས་དྲངས་ཏེ་བཤད་པ་ཉུང་ཞིང་། རིགས་པའི་དཔྱད་པ་རྒྱ་ཆེར་མཛད་པ་དང་། ཆོས་དེའི་ངོ་བོ་ངོས་བཟུང་རྗེས་དེ་ལྟར་བློ་གང་གིས་ཚུལ་ཇི་ལྟར་ངེས་པ་རྩལ་དུ་འདོན་པ《ཚད་མ་ཡིད་ཀྱི་མུན་སེལ》ལྟ་བུ་དང་། བོད་ཀྱི་མཁས་པ་སྔ་མ་སུ་ཡང་གཅིག་ཏུ་ཚད་མར་ཁས་མི་ལེན་ཞིང་། རང་ལུགས་གཏན་ལ་འབེབས་སྐབས་ལུང་གི་དགོངས་པ་ཡིན་མིན་ལ་ལྟོས་པ་མེད་པར་གཙོ་བོ་རིགས་པས་གཏན་ལ་འབེབས་པར་མཛད་པ《ཚད་མའི་དེ་ཁོ་ན་ཉིད་བསྡུས་པ》ལྟ་བུ་དང་། གཞན་ཡང་རང་རང་གི་ལུགས་ཀྱི་བཤད་སྲོལ་རྣམས་རྒྱ་གཞུང་གི་དགོངས་པར་སྨྲ་བ་ལས་སུས་ཀྱང་འདི་ནི་ངའི་རིགས་པས་དཔྱད་ནས་སྨྲས་ཀྱི་རྒྱ་གཞུང་གི་དགོངས་པ་མིན་ནོ་ཞེས་མི་སྨྲ་བའི་ཕྱིས་ཀྱི་ཚད་མའི་མཁས་པ་དག་དང་མི་འདྲ་བར་རྒྱ་གཞུང་དང་མི་མཐུན་ཡང་རིགས་པས་འདི་ལྟར་འཐད་དོ་ཞེས་སྨྲ་བ་ཚད་མིན་གྱི་བློ་ལྔ་དང་། རྟགས་ཀྱི་མཚན་ཉིད་ཀྱི་ཚུལ་གཉིས་སུ་ངེས་པར་སྨྲ་བ་ལྟ་བུའོ། །
༥ བརྗོད་བྱའི་ཆ་ནས་བཤད་ན།
གོང་ཞུས་ལྟར་མཚན་མཚོན་སྐོར་གྱི་གཞུང་ལུགས་དང་ཐལ་འགྱུར་དང་འབྲེལ་པའི་གཞུང་ལུགས། གཞན་ཡང་འགལ་འབྲེལ་དང་། བློའི་དབྱེ་བ་དང་། ཚད་མའི་གོ་དོན་སོགས་ཞིབ་ཏུ་བཤད་ཡོད་ཅིང་། ཕྱིས་ཀྱི་ཚད་མའི་སྤྱི་དོན་དག་དང་མི་འདྲ་བར་གཞན་སེལ་གྱི་སྐོར་བཤད་པ་དཀོན་ལ་དེ་ནི་ཤཱཀྱ་མཆོག་ལྡན་གྱི《ཚད་མའི་ཆོས་འབྱུང》ལས། “གཞན་སེལ་གྱི་རྣམ་པར་བཞག་པ་ནི་ཚད་བསྡུས་ཀྱི་བཤད་པ་འདི་ཡི་ནང་ན་ཤིན་ཏུ་ཉུང་ཞིང་། མདོ་སེམས་ཀྱི་གཞུང་ནས་བཤད་པ་ལ་འདི་པ་ཐུགས་རྩིས་ཆུང་བས་བཏང་སྙོམས་སུ་བཞག་པ་ཡིན་ལ། དེའི་ཤུགས་ཀྱིས་ཕྱི་མའི་དུས་འདིར་ཡང་གཞན་སེལ་བའི་རྣམ་གཞག་ཤིན་ཏུ་དཀོན་པར་བྱུང་ངོ་། །”[27]ཞེས་གསུངས། རྒྱུ་མཚན་དེ་ཉིད་ཀྱང་ཡིན་ཤས་ཆེ་མོད་འཆད་ཉན་གྱི་གཞུང《རྣམ་ངེས》ལ་བྱེད་ཅིང་དེའི་ནང་དུ་གཞན་སེལ་གྱི་སྐོར་བཤད་པ་ཉུང་བས་ཀྱང་ཡིན་པར་སྙམ། དེ་བཞིན《རྣམ་འགྲེལ》ལེའུ་གཉིས་པར་བྱུང་བའི་ཚེ་སྔ་ཕྱི་སྒྲུབ་པའི་རིགས་པ་དང་བདེན་བཞིའི་སྐོར་སོགས་བཤད་པ་དཀོན་ལ་དེ་ཡང《རྣམ་འགྲེལ》ལ་འཆད་ཉན་མི་བྱེད་པ་ལ་ཐུག་ཅིང་། ཕྱིས་ཀྱི་རྗེ་ཙོང་ཁ་པ་ཡབ་སྲས་ཀྱི་ཚད་མའི་སྤྱི་དོན་ཁག་ཏུ་བྱུང་བའི་གཞུང་དོན་ལམ་གྱི་རིམ་པར་བསྒྲིགས་པ་སོགས་ཀྱང་མེད་པ་སྨོས་མ་དགོས་སོ། །དེ་དག་ནི་རགས་རིམ་ཙམ་ཞིག་སྟེ་ད་དུང་རྔོག་ལུགས་དང་ས་ལུགས་བར་གྱི་ཁྱད་པར་དང་། རྔོག་ལུགས་དང་དགེ་ལུགས་བར་གྱི་ཁྱད་པར་སོགས་ཞིབ་ཏུ་དཔྱད་དགོས་པ་མང་དུ་ཡོད་དོ། །
མཆན་དང་ལུང་ཁུངས།
[1]གྲོ་ལུང་པ་བློ་གྲོས་འབྱུང་གནས། 《ལོ་ཆེན་རིན་ཆེན་བཟང་པོ་དང་། ཆག་ལོ་ཙཱ་པ་ཆོས་རྗེ་དཔལ། རྔོག་ལོ་ཙཱ་པ་བློ་ལྡན་ཤེས་རབ་གསུམ་གྱི་རྣམ་ཐར།》 སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། པར་དུས་མི་གསལ། ཤ256
[2]ཉང་ཉི་མ་འོད་ཟེར། 《ཆོས་འབྱུང་མེ་ཏོག་སྙིང་པོའི་སྦྲང་རྩིའི་བཅུད།》 [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010ལོ། ཤ434
[3]འགོས་ལོ་ཙཱ་པ་གཞོན་ནུ་དཔལ། 《དེབ་ཐེར་སྔོན་པོ།》སྟོད་ཆ། [M] ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོ། ཤ40
[4]གྲོ་ལུང་པ་བློ་གྲོས་འབྱུང་གནས། 《ལོ་ཆེན་རིན་ཆེན་བཟང་པོ་དང་། ཆག་ལོ་ཙཱ་པ་ཆོས་རྗེ་དཔལ། རྔོག་ལོ་ཙཱ་པ་བློ་ལྡན་ཤེས་རབ་གསུམ་གྱི་རྣམ་ཐར།》 སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། པར་དུས་མི་གསལ། ཤ256
[5]འགོས་ལོ་ཙཱ་པ་གཞོན་ནུ་དཔལ། 《དེབ་ཐེར་སྔོན་པོ།》 [M] ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1984ལོ། ཤ393
[6]《འཇིག་རྟེན་མིག་གཅིག་བློ་ལྡན་ཤེས་རབ་ཀྱི་རྣམ་ཐར》ཞེས་པ་ལས། “དེ་ལ་རྟོག་གེའི་ཚད་མའི་གཞུང་ལས་ནི་རིགས་ཐིགས་དང་། རྣམ་ངེས་དང་། རྣམ་འགྲེལ་རྩ་བ་ལེའུ་གསུམ་དང་། སློབ་དཔོན་ཆོས་མཆོག་གི་ཊཱི་ཀ་ཆེ་ཆུང་གཉིས་དང་། ཚད་མ་བརྟག་པ་ཆེ་ཆུང་གཉིས་དང་། གཞན་སེལ་བ་གྲུབ་པ་དང་། སྐད་ཅིག་འཇིག་པ་གྲུབ་པ་དང་། རྣམ་འགྲེལ་གྱི་རྒྱན་དང་། དེའི་ཊཱི་ཀ་ཡ་མ་རིས་སྦྱར་བ་དང་། བྲམ་ཟེ་ཆེན་པོའི་རྣམ་འགྲེལ་གྱི་རྗེས་སུ་འབྲངས་པ་སྟོད་པ་དང་། ཚད་མ་བརྟག་པ་བར་མ་དང་། སེལ་བ་གྲུབ་པ་དང་། འབྲེལ་པ་གྲུབ་པ་སྟེ། སྤྱིར་བདུན་ཁྲི་ཉིས་སྟོང་ལྷག་དང་བཅས་པ་ཕལ་ཆེར་གཞི་བསྒྱུར། ཅུང་ཟད་ཞུ་ཆེན་མཛད་པས་ཤིན་ཏུ་དག་པའི་གཞུང་མིག་པས་ཀྱང་ཡིད་ཆེས་པའི་གསལ་བྱེད་དུ་གནས་སོ། །”ཞེས་གསུངས་སོ། ། གྲོ་ལུང་པ་བློ་གྲོས་འབྱུང་གནས། 《ལོ་ཆེན་རིན་ཆེན་བཟང་པོ་དང་། ཆག་ལོ་ཙཱ་པ་ཆོས་རྗེ་དཔལ། རྔོག་ལོ་ཙཱ་པ་བློ་ལྡན་ཤེས་རབ་གསུམ་གྱི་རྣམ་ཐར།》 [G] སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་། པར་དུས་མི་གསལ། ཤ267
[7]གྲོ་ལུང་པ་བློ་གྲོས་འབྱུང་གནས། 《ལོ་ཆེན་རིན་ཆེན་བཟང་པོ་དང་། ཆག་ལོ་ཙཱ་པ་ཆོས་རྗེ་དཔལ། རྔོག་ལོ་ཙཱ་པ་བློ་ལྡན་ཤེས་རབ་གསུམ་གྱི་རྣམ་ཐར།》 སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། པར་དུས་མི་གསལ། ཤ276
[8]བཅོམ་ལྡན་རིག་པའི་རལ་གྲི། 《བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད།》 དབུ་མེད་བྲིས་མ། ཤོག་ངོས་152-153
[9]དཔལ་བརྩེགས་དང་ཆོས་ཀྱི་སྙིང་པོ་སོགས། 《དཀར་ཆག་འཕང་ཐང་མ།》 [M] མི་རིགས་དཔེ་སྐྲུན་ཁང་། 2012ལོ། ཤ5
[10]ཤཱཀྱ་མཆོག་ལྡན། 《དབུ་ཚད་ཀྱི་ཆོས་འབྱུང་འགའ་བཞུགས།》 [G] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2019ལོ། ཤ31
[11]བློ་ལྡན་ཤེས་རབ། 《པོད་ཆེན་དྲུག་རྩ་འགྲེལ་ཕྱོགས་བསྒྲིགས།》 [G] ཚད་མ། པོད་12་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014ལོ། ཤ424
[12]དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན།》 སྟོད་ཆ། [M] མི་རིགས་དཔེ་སྐྲུན་ཁང་། 1986ལོ། ཤ 435
[13]ཆོས་ཀྱི་གྲགས་པ། 《ཚད་མ་རྣམ་པར་ངེས་པ།》 སྡེ་དགེའི་པར་ཁང་གི་ཤིང་པར། 《སྡེ་བསྟན》་ཚད་མ། (ཅེ) ཤ0459
[14]ཆོས་ཀྱི་གྲགས་པ།《རིགས་པའི་ཐིགས་པ།》 སྡེ་དགེའི་པར་ཁང་གི་ཤིང་པར། 《སྡེ་བསྟན》་ཚད་མ། (ཅེ) ཤ0475
[15]ཆོས་མཆོག 《རིགས་པའི་ཐིགས་པའི་རྒྱ་ཆེར་འགྲེལ་པ།》 སྡེ་དགེའི་པར་ཁང་གི་ཤིང་པར། 《སྡེ་བསྟན》་ཚད་མ། (ཝེ) ཤ0182
[16]ཆོས་མཆོག 《ཚད་མ་བརྟག་པ།》 སྡེ་དགེའི་པར་ཁང་གི་ཤིང་པར། 《སྡེ་བསྟན》་ཚད་མ། (ཞེ) ཤ0442
[17]ཆོས་མཆོག 《ཚད་མ་རྣམ་པར་ངེས་པའི་འགྲེལ་པ་འཐད་ལྡན་ཞེས་བྱ་བ།》 སྡེ་དགེའི་པར་ཁང་གི་ཤིང་པར། 《སྡེ་བསྟན》་ཚད་མ། (ཚེ) ཤ0355
[18]པེ་ཅིང་པར་མའི་འགྱུར་བྱང་དུ་འདི་ལས་རྒྱས་པ་གཞན་ཞིག་འཁོད་ཀྱང་འདིར་མ་བཀོད།
[19]ཤེས་རབ་འབྱུང་གནས་སྦས་པ། 《ཚད་མའི་བཤད་པ་ཆེན་པོ་རྣམ་འགྲེལ་གྱི་རྒྱན།》 སྡེ་དགེའི་པར་ཁང་གི་ཤིང་པར། 《སྡེ་བསྟན》་ཚད་མ། (ཐེ) ཤ0563
[20]བྲམ་ཟེ་ཤཾ་ཀ་རཱ་ནནྡ། 《གཞན་སེལ་བ་གྲུབ་པ། 》སྡེ་དགེའི་པར་ཁང་གི་ཤིང་པར། 《སྡེ་བསྟན》་ཚད་མ། (ཞེ) ཤ0603
[21]ཆོས་མཆོག 《སྐད་ཅིག་མ་འཇིག་པ་གྲུབ་པ།》 སྡེ་དགེའི་པར་ཁང་གི་ཤིང་པར། 《སྡེ་བསྟན》་ཚད་མ། (ཞེ) ཤ0517
[22]བྲམ་ཟེ་ཤཾ་ཀ་རཱ་ནནྡ། 《འབྲེལ་པ་གྲུབ་པ།》 སྡེ་དགེའི་པར་ཁང་གི་ཤིང་པར། 《སྡེ་བསྟན》་ཚད་མ། (ཞེ) ཤ0605
[23]ཆོས་མཆོག 《གཞན་སེལ་བ་ཞེས་བྱ་བའི་རབ་ཏུ་བྱེད་པ།》 སྡེ་དགེའི་པར་ཁང་གི་ཤིང་པར། 《སྡེ་བསྟན》་ཚད་མ། (ཚེ) ཤ0492
[24]ཛཱ་མ་རི། 《རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པ།》 སྡེ་དགེའི་པར་ཁང་གི་ཤིང་པར། 《སྡེ་བསྟན》་ཚད་མ། (ཚེ) ཤ0501
[25]འགོས་ལོ་ཙཱ་པ་གཞོན་ནུ་དཔལ། 《དེབ་ཐེར་སྔོན་པོ།》 སྟོད་ཆ། [M] ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོ། ཤ408
[26]ཤཱཀྱ་མཆོག་ལྡན། 《དབུ་ཚད་ཀྱི་ཆོས་འབྱུང་འགའ་བཞུགས།》 [G] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2019ལོ། ཤ194
[27]ཤཱཀྱ་མཆོག་ལྡན། 《དབུ་ཚད་ཀྱི་ཆོས་འབྱུང་འགའ་བཞུགས།》 [G]བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2019ལོ། ཤ39
ཡོང་ཁུངས།