གཟའ་བདུན་པ།

མགར·བཀྲ་ཤིས་བསམ་འཕེལ་གྱིས་བརྩམས།

གཟའ་བདུན་པ།

རྨས་མ།

དེ་རིང་ནི་རེས་གཟའ་བདུན་པ་ཡིན། ཁྱོད་ཀྱིས་ཕལ་ཆེར་ངལ་གསོ་བཏང་ཡོད་ངེས། དེ་རིང་ངས་ཀྱང་ངལ་གསོ་བཏང་ཡོད། ཁྱོད་ཀྱིས་ངལ་གསོ་དུས་འདི་ནང་ང་དང་འབྲེལ་ནས་ཕྱིར་དྲན་ཕྲན་ཙམ་བྱས་ཡོད་དམ། ངས་བསམ་ན་ཡོད་མི་སྲིད།. ཁྱོད་ཀྱིས་ང་གཡུགས་པ་ཡིན་པས་ཁྱོད་ཀྱིས་ང་དྲན་མི་སྲིད་ལ།. དེ་བས་ཀྱང་ཕངས་སེམས་ཡོད་མི་སྲིད། ང་ཡང་ཁྲེལ་མེད་ཁྱོད་འདྲ་བ་ཞིག་ལ་འཕྲད་པ་ནི་བསྐལ་བ་སྟོང་གི་ལན་ཆགས་རེད།.

ང་ནི་ཁྱོད་དང་གྱེས་པ་ནས་ཡིད་སེམས་རབ་ཏུ་སྨྲེང་ཞིང་། ཉིན་འདི་དག་ལ་བྱ་བ་ཅི་ཞིག་ལས་ཀྱང་སེམས་མི་ཁུག་མོད་པས་ན། ངས་རང་ཉིད་ལ་ལས་ཀ་མང་པོ་བཙལ་བ་ཡིན།. བྲེལ་འཚུབ་དང་འུར་ཟིང་ཁྲོད་ནས་དུས་བདའ་བར་བྱས་པ་ཡིན། ད་ནས་བཟུང་ངས་ཁྱོད་ལ་དུས་ཚོད་སྐར་ཡང་འཇོག་མི་འདོད།. དེ་ཙམ་གྱིས་ངའི་གས་ཆགས་ཤོེར་བའི་བརྩེདུང་དང་རྨས་སྐྱོན་ཤོར་བའི་སེམས་པ་ལ་རྔོ་ཅི་ཡང་མི་ཐུབ་པ་ཤེས་ཡོད་མོད་། ངས་སེམས་ནས་ཁྱོད་རང་ཤི་སོང་ལྟར་བྱེད་འདོད། རེད།. ངས་རང་ཉིད་ལ་བདེན་ཁ་ཞིག་ཅིས་ཀྱང་གནང་དགོས། ཁྱོད་རང་ང་ལ་མི་དགའ་བའི་དོན་དངོས་དེ་ངས་ཁས་ལེན་བྱེད་དགོས། ཁྱོད་ཀྱིས་ང་རང་གཡུགས་པ་དྲན་ཚེ། ངས་འུ་གཉིས་ལ་རེ་བ་གང་ཡང་འཛིན་མི་རུང་བ་ཤེས། ཁྱོད་ཀྱིས་སྐྱེས་པ་ཞིག་དང་མཉམ་པོར་སང་ཉིན་ཀྱི་ཉི་ཤར་ལ་སྒུག་སྲིད་པ་དྲན་ཚེ།.ཁྱོད་རང་ངའི་དྲན་ངོགས་ནས་བོར་ན་འདོད། ངེད་གཉིས་ལ་དབང་བའི་ཕྱིར་དྲན་དག་ཡང་སྟོན་མཇུག་གི་ལོ་མ་ལྟར་རླུང་ལ་སྐྱོམ་འདོད།

ངེད་གཉིས་འགྲོགས་དུས་ངས་ཁྱོད་ལ་རྒྱབ་འགལ་གྱི་བྱ་སྤྱོད་གང་ཡང་སྤེལ་མ་མྱོང་བས།. ད་ལྟ་ངེད་གཉིས་གྱེས་ཟིན་པ་ཡིན་ཡང་ང་ལ་བློ་འགྱོད་ཅི་ཡང་མེད།. ངེད་གཉིས་ཡོད་དུས་ང་རང་ཁྱོད་ལ་ཧ་ཅང་དགའ་མྱོང་།. ངས་ཁྱོད་ལ་ཧ་ཅང་གཅེས་མྱོང་། ཁྱོད་ཀྱི་དོན་ལ་སེམས་ཁུར་མང་པོ་བྱེད་མྱོང་།. ངེད་གཉིས་ཀྱི་མ་འོངས་པ་ལ་རེ་བ་དང་སྟོང་འདང་མང་པོ་བརྒྱབ་མྱོང་། ངས་ཁྱོད་ལ་འདྲི་འདོད་པ་ནི་ཁྱོད་རང་ང་དང་བྲལ་རྗེས་ཁྱོད་ཀྱིས་ང་རང་དྲན་པ་ཡོད་དམ།. ཁྱོད་རང་ང་ལ་སེར་སྣ་དང་ཕངས་སེམས་ཅུང་ཙམ་ཡོད་དམ། འུ་གཉིས་ཀྱི་གཏམ་རྒྱུད་དེ་དག་ལ་ཁྱོད་ཀྱིས་ཕྱིར་དྲན་བྱེད་སྲིད་དམ། དོན་དངོས་སུ་ངས་ཁྱོད་ལ་རེ་བ་ཆེ་དྲགས་པས་ཡིན་སྲིད། ངས་ཁྱོད་རང་མི་ཚེ་གཅིག་གི་དགའ་རོགས་སྐྱོ་རོགས་ལ་ངོས་བཟུང་པས་ཡིན་སྲིད།. ང་རང་ཉིད་ལ་རེ་བ་གཏིང་ནས་ཆད་མཁན་ཞིག་གིས་ཁྱོད་ལ་རེ་བ་འདི་འདྲའི་ཆེན་པོ་བཅངས་ན་མི་འགྲིག

ཟླ་རྗེས་མར་ཁྱོད་རང་ཁོར་ཡུག་གཞན་ཞིག་དང་འགྲོ་དགོས།. ངས་འདི་ལྟར་འདང་བརྒྱབ་པ་ཡིན།. ཁྱོད་ཀྱིས་ཁོར་ཡུག་གཞན་ཞིག་ནས་མི་གཞན་ཞིག་དང་དགའ་རོགས་སྒྲིག་རྒྱུ་རེེད། ཁྱོད་ཀྱིས་ངེད་གཉིས་ཀྱི་གཏམ་རྒྱུད་དག་རེ་རེ་བཞིན་བསྙེལ་རྒྱུ་རེད། ཁྱོད་ཀྱི་སྣང་ངོར་ང་ཞེས་པ་འདི་བཏང་སྙོམས་ལ་གྱུར་རྒྱུ་རེད།. ང་རང་ཁྱོད་ལ་ཧ་ཅང་དགའ་བའི་མོད་ལ།. ངས་ཁྱོད་རང་ཆུང་མ་ལ་བསུ་འདོད། ངེད་གཉིས་གཉེན་སྒྲིག་པའི་སྣང་བརྙན་དེ་ལ་ཡང་ཡང་རྟོག་བཟོ་བྱས་མྱོང་།. རེད་དེ།. ད་ལྟ་ཡོད་ཚད་འདས་ཟིན་ཅིང་།. དེ་ཚོ་ལ་ཕྱིར་ཡོང་མེད་པ་རེད།. དེ་ཡང་མཇུག་འབྲས་ཡག་ཤོས་དེ་འདི་འདྲ་ཞིག་ཡིན་ཡང་སྲིད།. ད་ནས་བཟུང་ངས་ཀྱང་ཁྱོད་ལ་རེ་བ་གཏན་ནས་མི་འཛིན།. ཁྱོད་རང་མི་གཞན་ཞིག་དང་འཚོ་བ་སྐྱིད་པོ་ཡོང་བའི་སྨོན་ལམ་འདེབས། མི་ཚེ་མ་གཞི་ནས་ཕངས་སེམས་དང་བློས་གཏོང་མང་པོའི་ཁྲོད་ནས་གདའ་དགོས་པ་ཞིག་མ་ཡིན་ནམ།.

སྟོན་མཇུག་གི་དྲན་པ།

སྔ་ལྟས་ཙམ་ཡང་མེད་པར་གློ་བུར་དུ་སྟེང་གི་མཁའ་ནས་འབྲུག་སྒྲ་དྲག་པོ་འུ་རུ་རུ་སྒྲོག་ཤིང་། གློག་དམར་གྱི་ཞགས་པ་བར་སྣང་ལ་ཚུབ་ཚུབ་འཁྱུགས། ནམ་མཁའི་ལྷ་དང་ལྷ་མོས་ང་ལ་བསམ་ཁོམ་དྲན་ཁོམ་ཙམ་ཡང་མི་སྟེར་བར་རླུང་དམར་གྱི་གསེབ་ནས་སེར་བ་ཐ་ར་ར་འབབ་བྱུང་། སེར་བ་འདི་དག་གཞོན་ནུ་མ་ཞིག་གི་དྲན་གདུང་གི་མིག་ཆུ་དག་སེམས་ཀྱིས་མ་ཐེག་པར་འགྲམ་པའི་མཁུར་ཚོས་ནས་ཁྲོམ་ཁྲོམ་དུ་བཞུར་བ་ལྟར་མཚམས་མི་འཇོག་པར་སྐར་མ་ཉི་ཤུ་ལྷག་ལ་བབས་རྗེས། ད་གཟོད་ངུ་ཁ་ལོན་ལ་ཉེ་བའི་བྱིས་པ་ཞིག་ཤུམ་ཤུམ་གྱིས་ངུ་བ་ཅི་བཞིན་ཆར་ཆུ་ཉུང་ངུ་ཞིག་ལྷོད་ཀྱིས་བབས་། རིམ་གྱིས་ནམ་མཁའི་ལྷ་དང་ལྷ་མོས་ཅི་ཞིག་ལ་འདང་ཕོག་པ་ཅི་བཞིན་ཆར་བ་གཞི་ནས་འབབ་མཚམས་བཞག་བྱུང་། རླུང་བུ་ཞིག་ལན་རེར་ལྷོད་ཀྱིས་ལྡང་ཞིང་། ཡང་ལན་རེར་ཤུགས་ཀྱིས་གཡོ། སྟོན་ཁ་ཐོན་ཡོད་པས་རྩྭ་ཕྲན་དག་སྔ་མོ་ནས་སྐྱ་ཐེར་ཐེར་བྱེད། ཆར་ཆེན་འདི་ནི་དཔྱིད་དཔལ་བུ་མོས་གྱེས་བྲལ་གྱི་ན་ཟུག་མ་བཟོད་པའི་མིག་ཆུ་ཡིན་སྲིད་ལ། ནོར་འཛིན་བདག་པོར་གནང་བའི་ཆེས་མཐའ་མའི་ལེགས་སྐྱེས་ཡིན་ཡང་སྲིད། ཁྱོད་ཀྱིས“ཐེ་ཐི་ནེའུ་ཁུ་རྟགས་ཅན་གྱི་གྲུ་གཟིངས”ཞེས་པའི་བརྩེ་དུང་གི་གློག་བརྙན་དེ་ལ་བལྟས་མྱོང་ངམ། མཇུག་མཐར་སྐྱེས་པ་དེས་རང་ཉིད་ཀྱི་ཚེ་སྲོག་གིས་ཁོ་མོ་འཆི་བ་ལས་བསྐྱབས་པ་རེད། ཚེ་སྲོག་ལས་ཀྱང་བརྩེ་དུང་གཙོར་འཛིན་ན། མིག་ཆུ་བཞུར་བ་ཙམ་ནི་བརྩེ་དུང་གི་རིན་ཐང་མིན་པ་གསལ་བོ་རྟོགས།

སྟོན་ཁ་ཐོན་ཡོད་པས་རྩྭ་ཐང་གི་མཛེས་སྡུག་གཏིང་ནས་འཕྲོག་སྟེ་རྨེག་མེད་ལ་བཏང་འདུག མིག་གི་མཐོང་ཚད་ཀུན་ཁ་དོག་བོར་བའི་སྣུམ་མཚོན་རི་མོ་ཞིག་དང་འདྲ་བར་སྐྱ་ཐེར་ཐེར་བྱེད། དབང་མེད་ངང་སེམས་པ་སྨྲེང་ཡོང་བ་ཞིག་རེད། སྟོན་ཟླ་དགུ་པ་འདིས་ངའི་ཡོད་ཚད་ཁྱེར་མྱོང་། ཟླ་དགུ་པའི་ཚེས་ཉེར་བཞི་རེད། ཉིན་མོ་འདིར་ངས་ཡོད་ཚད་ཤོར་ཏེ་སེམས་པ་སྟོང་ལྷང་ངེར་བྱེད། ངའི་དྲན་པའི་སྡོང་ལོ་རླུང་གིས་ཁུར་ཞིང་། བརྩེ་བའི་མེ་ཏོག་སད་ཀྱིས་བཅོམས། རླུང་བུ་པྲ་ཚག་དེས་གསང་སྟབས་ཀྱིས་ང་ལ་ཡང་ཡང་སྦྲན་རྗེས། ངའི་དྲན་པ་རྨས་མ་དེ་གཏིང་ནས་འདུག་མི་བཟོད་པར་འཕག་འཚག་ཡང་ཡང་རྒྱག ལོ་དེར་འུ་གཉིས་ཀྱིས་ད་དུང་སློབ་མ་ཞེས་པའི་མིང་བྱང་དེ་ཕྲག་ལ་ཁུར་ཡོད། སྣང་བ་ཡོད་དུས་དང་། ལང་ཚོ་ཡག་དུས་ཡིན། དེ་རིང་ནས་ཡར་རྩིས་ན་འུ་གཉིས་ཀས་གྱེས་བྲལ་འདི་ལ་སྨོན་ཚིག་བྲིས་ནས་ཏག་ཏག་ལོ་གསུམ་འགོར་ཞིང་། ངོ་ཤེས་ནས་ཏག་ཏག་ལོ་ལྔ་ཙམ་ཟིན་ལ་ཉེ། ཁྱོད་རང་སྐྱེས་པ་གཞན་ཞིག་དང་གཉེན་སྡེབ་ནས་དུས་ཚོད་ཡང་ཁ་ཤས་འགོར་འདུག འོན་ཀྱང་ངས་ཆེས་ཐོག་མའི་བརྩེ་དུང་ལ་ས་བོན་འདེབས་མཁན་དང་། མེ་ཏོག་གི་ཟེའུ་འབྲུ་ལེན་མཁན་གྱི་ཁྱོད་རང་ངས་གཏན་ནས་གཏིང་བརྗེད་བྱས་མྱོང་མེད། ཁྱོད་རང་སྐྱེས་པ་གཞན་ཞིག་གི་ཆུང་མ་དང་། ཁྱིམ་ཚང་གཞན་ཞིག་གི་མནའ་མ་ཡིན་མོད། ངས་ད་དུང་ཁྱོད་ལ་སྙིང་གི་ཐིག་ལེ། ཡིད་ཀྱི་འཁྲི་ཤིང་ཞེས་འབོད་འདོད། ངས་ད་དུང་ཁྱོད་ལ་སྙན་ངག་གི་མེ་ཏོག་ཕུལ་འདོད། ལས་དབང་གིས་འུ་གཉིས་ཕངས་མེད་བྱས་བྱུང་། ད་ནི་ཡོད་ཚད་ལ་བསྐྱར་ཟློས་དང་ཕྱིར་ཡོང་མེད་པ་ངས་སྔ་མོ་ནས་ཤེས་ཡོད། ཕྱིར་དྲན་གྱི་མངར་ཁས་ངའི་དྲན་པ་རྨས་མ་དེ་ལ་སྐྱོ་ཡུས་ཀྱི་ལྷན་པ་རྒྱག་ཅིང་། འཁྱག་སིབ་སིབ་ཀྱི་སེམས་པ་ལ་བསམ་ཤེས་བྱེད་དགོས་པའི་འདུ་ཤེས་སྟེར་མོད། ཉི་འོད་སྒྲུབ་པའི་སེམས་ཀྱི་གཤོང་ས་འདི་ལ་ཕྱིར་དྲན་གྱི་ཆར་ཆུ་དྲག་ཏུ་བབས་ཀྱང་མེ་ཏོག་མི་བཞད་པ་ངས་ཤེས་ཡོད།ཕྱིར་དྲན་ནི་རང་མགོ་རང་གཡོགས་ཞིག་ཡིན་མོད། ང་རང་ཚོར་བ་འདི་ལ་གཏིང་ནས་ལོབས་འདུག མཉམ་དུ་སོང་མྱོང་བའི་སློབ་གྲྭའི་སྒོ་འགྲམ་གྱི་ལམ་ཕྲན། ལྷན་དུ་བསྡད་མྱོང་བའི་སྡོང་འོག་གི་རྐུབ་སྟེགས་དང་ཐེངས་གང་མང་ལ་ཟ་མྱོང་བའི་གསུམ་ཐོག་གི་བོད་ཟས། ད་དུང་ཁྱོད་ཀྱི་ཐུར་ལ་དཔྱངས་བའི་སྐྲའི་ལན་བུ་དང་། གདོང་གི་ཆགས་ཉམས། ལུས་ཀྱི་སྒེག་ཉམས། ཤ་མཆིན་གླན་པའི་མཚན་མོ་རེ་རེ ད་དུང་མང་པོ་མང་པོ་ཞིག ཁྱོད་རང་ཕྱིར་དྲན་བྱས་ཚེ་ངའི་གཏམ་ལ་ཚར་སོང་བ་ཞིག་མི་འདུག ངས་སྐྱབས་ཆེན་གྱི་གཞས་ཚིག་ཞིག་དྲན་འོང་། མི་ཚེ་གཅིག་གི་དུས་ཚོད་མཐའ་དག་ཁྱོད་ཉིད་དྲན་པའི་སེམས་ཀྱིས་སྐྱེལ་དགོས་བྱུང་ཡང་།། ཁྱོད་ཉིད་མི་ཡུལ་ཁམས་ན་ད་དུང་བདེ་བར་ཡོད་པའི་སྐད་ཆ་དེས་ཆོག་གོ དུས་ཚོད་ནི་ཧམ་པ་ཆེ་དྲག་པས། ང་ལ་ཕྱིར་དྲན་ལས་ཅི་ཡང་བསྐྱུར་མ་བྱུང་། བརྩེ་དུང་ནི་ཁྱོད་བྲལ་རྗེས། མི་གཞན་ཞིག་ལ་གཏན་ནས་མི་ལོབས་པ་དེ་རེད།

སྨན་བུ་མོ་འགྲོ་ས་གནས་དང་། སྟག་ཤར་ར་འགྲོ་ས་ཇག་ཡིན་ཞེས་པ་ལྟར། གོ་ཐོས་སུ་ཁྱོད་རང་ཁྱིམ་ཚང་ཕྱུག་པོ་ཚང་ཞིག་ལ་མནའ་མར་སོང་འདུག་ཟེར། ལས་བྱེད་པ་ཞིག་གི་ཆུང་མ་བྱས་འདུག་ཟེར། ཁྱོད་ཀྱིས་རང་ཉིད་ཀྱི་སྐད་ཆ་དེ་དག་ལ་བདེན་ཁ་སྟེར་འདོད་པ་ཡིན་ནམ། དཔལ་འབྱོར་གྱི་རྨང་གཞི་མེད་པའི་བརྩེ་དུང་ནི་བྱེ་མ་སྤར་མོ་གང་དང་འདྲ་ཞིང་། ནམ་ཡང་བརྟན་འཇགས་ཞིག་ཡོང་ཐབས་མེད། སྐད་ཆ་དེ་གཅིག་བྱས་ན་བདེན་ཡང་སྲིད། ངས་ཚིག་སྟོང་ཁ་ནས་བཤད་དེ་ལག་སྟོང་མཆན་ལ་བཙུར་ནས་ཁྱོད་ལ་བརྩེ་དུང་གླེང་ན་དེ་ནི་ཧ་ཅང་མི་འོས་པ་ཞིག་ཡིན་ཡང་སྲིད། ངས་ཁྱོད་ལ་ཁས་ལེན་དང་དམ་བཅའ་མང་པོ་བཞག་མྱོང་མེད། འོན་ཀྱང་ང་ལ་ཡང་རང་གི་ཐད་ནས་བརྩོན་ལེན་བྱེད་འདོད་ཀྱི་བྱ་དངོས་ཞིག་ལོས་ཡོད། གང་ལྟར་ད་ནི་ཡོད་ཚད་འཕྱི་འདུག་པས་ངས་སར་འཐོར་བའི་ཕྱིར་དྲན་གྱི་ཆག་གྲུམ་དག་ཡང་ཡང་སྒྲུག་ཀྱང་། དེ་ལ་དོན་སྙིང་ཅི་ཡང་མེད་པ་གསལ་བོ་རྟོགས་ཡོད།

ཕྱིར་དྲན་དེ་དག་ཁ་མོ་ཁ་མོ་ཞིག སྐྱོ་མོ་སྐྱོ་མོ་ཞིག(བཅོས)

རླུང་བུ་ཞིག་ལྡང་བས་སྡོང་བོའི་ལོ་མ་ཞིག་བར་སྣང་ལ་ཁུར། བར་སྣང་ནས་ཁུར་ཏེ་ངའི་པང་ལ་ལྷུང་། ངས་པང་ལ་ལྷུང་བའི་ལོ་མ་དེ་ཡར་ལེན་གྲབས་བྱེད་སྐབས། ཡང་བསྐྱར་རླུང་བུ་ཞིག་ལྡང་བས་ལོ་མ་དེ་དང་དེའི་མཛེས་སྡུག་མཐའ་དག་གཏན་ཏུ་ང་ལ་མི་དབང་བར་ང་དང་བྲལ་ནས་ཡུལ་ཕྱོགས་གཞན་ཞིག་ལ་བཀྲམས། དེ་ལ་ངས་རྟག་ཏུ“ལས་དབང”གི་ཐུགས་ཕྲད་དང་གྱེས་བྲལ་གྱི་དཔེ་ཡག་ཤོས་ལ་བརྩི་བཞིན་ཡོད། མོ་ཡང་རླུང་གིས་སྐྱོམ་པའི་སྡོང་མགོའི་ལོ་མ་ཞིག་དང་འདྲ་བར། ཐག་རིང་ནས་ཐག་ཉེ་དང་། ཐག་ཉེ་ནས་ཡང་བསྐྱར་ཐག་རིང་ཐག་རིང་ཞིག་ལ་ཁུར།

དང་ཐོག་ངས་མོ་རང་ངོ་ཤེས་དུས། མོའི་སྙིང་ཉེ་བའི་ཨ་ཕ་བཀྲོངས་ནས་ཡུན་རིང་འགོར་མེད། སྐབས་ཐོག་དེར་མོའི་མགོ་ཐོག་གི་གནམ་རྡིབ་པ་དང་རྐང་འོག་གི་ས་གས་པ་ཅི་ལ་མིན། སྐྱོ་གདུང་དང་རེ་ཆད། ངུ་ངག ཕངས་སེམས་བཅས་ཀྱིས་མནར་ཞིང་། སྒོར་ཁྲི་ཁྲག་གི་དོམ་ཆད་ཡོད་པ་ལྟར་གདོང་ན་སྐད་ཅིག་གི་སྤྲོ་འཛུམ་ཙམ་ཡང་མེད་པར་སྐྱ་ཐལ་ལེར་ཡིད་སེམས་སྨྲེང་ནས་ལུས་འདུག ངས་མོ་ལ་སེམས་གསོའི་སྐད་ཆ་ཁ་ཤས་བཤད་ཀྱང་། ང་ནི་བཤད་འཇོན་པོ་ཞིག་མེད་པས་མོའི་སྐྱོ་གདུང་དང་ཁེར་རྐྱང་གི་སེམས་པ་ལ་སྐྱོ་རོགས་སྡུག་རོགས་ཤིག་བྱེད་མ་ཐུབ། བསམ་ཤེས་ཀྱི་སྐད་ཆ་མང་པོ་ཞིག་མིད་པ་བརྣངས་ཞོར་བསྙད་ཀྱང་། མོའི་སེམས་སུ་ཉར་བའི་སྲ་མཁྲེག་གི་དངོས་པོ་རྡོག་རྡོག་དེ་ཅིས་ཀྱང་འཇམ་མཉེན་ལ་གཏོང་མ་ཐུབ། སྡུག་ལ་བརྗེད་རྒྱུ་མེད་རུང་། རྙིང་རྒྱུ་ཡོད་ཅེ ས་པའི་དཔེ་ལྟར། ངེད་གཉིས་ངོ་ཤེས་ནས་ཟླ་ངོ་ཁ་ཤས་འགོར་རྗེས། མོ་ཡང་དུས་ཚོད་ཀྱི་འགྲོས་དང་བསྟུན་ནས། སྔོན་དང་བསྡུར་ན་སྐད་ཆ་མང་བ་དང་། ཀུ་རེ་ཡོང་སླ་མོ་ཞིག་ལ་ཆགས་བྱུང་། མོ་རང་དཀའ་སྡུག་གི་དུས་ཚོད་དེ་དག་དང་གཡོལ་ནས་བགྲོད་ཐུབ་ཀྱིན་ཡོད་པ་འདྲ། གདོང་གི་འཛུམ་ཡང་མངོན་གསལ་གྱིས་ཇེ་མང་ལ་སོང་འདུག་པ་ཚོར།

ཐེངས་དང་པོར་ངེད་གཉིས་ཀྱིས་ཁྲིན་ཏུའུ་ནས་དུས་བཏབ་པ་ཡིན། མོས་ཁྲིན་ཏུའུ་རུ་ལས་ཀ་གཉེར་བཞིན་ཡོད་པ་དང་། ངས་ཀྱང་ཁྲིན་ཏུའུ་ཀྱི་མཐའ་ཁ་ཐག་ཉེ་ཞིག་ན་སློབ་གྲྭ་འགྲིམ་བཞིན་ཡོད་པས། ངེད་གཉིས་ཀྱིས་གཟའ་མཇུག་ཞིག་ལ་ངོ་ཐུག་པའི་དུས་བཅད་བྱས།། ཉིན་མོ་དེར། ང་རང་ས་འོག་ལྕགས་ལམ་བརྒྱུད་དེ་ངེད་གཉིས་ཀྱིས་དུས་བཅད་བྱས་པའི་ས་གནས་ལ་ཕྱིན། ས་འོག་ལྕགས་ལམ་ནས་སྒོར་ཐོན་དུས། ང་རང་ཅུང་བྲེལ་འཚུབ་ལངས་བྱུང་། ངེད་གཉིས་ཀྱིས་ཁ་པར་ལས་བརྡ་འཕྲིན་དང་བརྙན་ཐུང་གྲངས་ལས་འདས་པ་བསྐུར་མྱོང་བ་དང་། ཡུན་རིང་ལ་ཁ་བརྡ་གློད་ནས་ཆ་ཡོད་རྒྱུས་ཡོད་ཞིག་ལ་བཏང་ཡོད་མོད། དངོས་སུ་ངེད་གཉིས་ངོ་ཐུག་པ་ཐེངས་དང་པོ་ཡིན་པས། གང་ཞིག་ནས་དོགས་མི་བདེ་བ་ཞིག་བྱུང་། གློག་སྐས་ལས་ཡར་འགོས་སྐབས། ང་རང་དངངས་འཚབ་ཀྱིས་རང་ཉིད་ཀྱི་སྙིང་ཏིག་ཏིག་ལྡང་བྱུང་བ་ཚོར་ལ། གདོང་ཡང་ཚ་ལམ་ལམ་བྱེད་། མཁའ་དབུགས་འདི་ཡང་གྲགས་འགུལ་སྤུ་ཙམ་མེད་པར་གཟབ་ནན་དང་སྒམ་བརླིང་གིས་ངའི་རྗེས་སྙེག་ནས་ཡོང་བ་དང་འདྲ། སྐར་མ་འགའ་འགོར་རྗེས་ང་རང་ས་ངོས་ལ་ཐོན་པ་དང་། གང་སར་བལྟས་ཡང་མོའི་གྲིབ་གཟུགས་ཙམ་ཡང་མཐོང་རྒྱུ་མ་ཡོད་པས། ངས་མོ་ལ་ཁ་པར་བཏང་། གློ་བུར་དུ་ངའི་རྒྱབ་ཕྱོགས་ནས་མོས“ཧ་ལོ”ཞེས་ཁ་གྲགས་བྱུང་། ལག་ལ་སིལ་ཏོག་གི་ཁུ་བའི་བཏུང་ཆུ་གཉིས་བཟུང་འདུག་པ་དང་། བྲེལ་འཚུབ་དང་བཅས་གཅིག་ཤོས་དེ་ངའི་ལག་ལ་གཏད། “ཡོང་རྒྱུ་དཀའ་བྱུང་ངམ”ཞེས་འཚམ་འདྲི་བྱས་བྱུང་། ངས་ཀྱང“མ་དཀའ”ཞེས་ལན་བྱིན་པ་དང་། “ངས་གང་སར་བལྟས་ཀྱང་། ཁྱོད་རང་མཐོང་རྒྱུ་མ་ཡོད། དེ་བས་ཁ་པར་བཏང་བ་ཡིན”ཞེས་བཤད་པ་ཡིན། མོ་རང་ངོ་ཚ་གྱིན་ཡོད་པ་འདྲ། མིག་ཟུང་ང་དང་གཡོལ་ནས་འདུག་ལ། མགོ་བོ་སྒུར་སྒུར་དང་ལུས་པོ་སྒོང་སྒོང་བྱས་ནས “ངས་ཁྱོད་སྔ་མོ་ནས་རིག་བྱུང”ཞེས་བཤད།

ཉིན་མོ་དེར་ངེད་གཉིས་ཐེངས་དང་པོར་ཐུགས་ཕྲད་བྱས་པ་ཡིན་ལ། དུས་དེ་ནས་བཟུང་། ངེད་གཉིས་ཀྱི་བར་ཐག་ཀྱང་ཇེ་ཉེ་ནས་ཇེ་ཉེ་འགྲོ་མགོ་བརྩམས། དུས་ཚོད་རིང་དུ་ཕྱིན་པས་གོམས་འདྲིས་དང་ཐུགས་ཁུར་གྱིས་སོ་ཕག་བརྩིགས་པའི་གྱང་གི་ར་བ་དེ་ཡང་བརྟོལ་ནས། ཕོ་མོ་གཉིས་ཀྱི་བརྩེ་དུང་གི་གཏམ་རྒྱུད་ཞིག་ལ་དབུ་ཁྱུད་བྲིས། ཉིན་དེར་མོས་ཞྭ་སྨུག་པོ་ཞིག་གྱོན་འདུག། ཤ་མདངས་དཀར་ཞིང་ཤ་ཅུང་རིད་པ། གདོང་ལ་ལྷོད་ཉམས་ཤིག་དོད་ཅིང་། སྐག་རྫས་དང་མཆུ་རྩི་ཚད་དང་རན་པ་ཞིག་བྱུགས་འདུག ཐེངས་དང་པོའི་ཐུགས་འཕྲད་འདི་ལས་ཀྱང་མོ་ནི་ངའི་མིག་ལ་ཧ་ཅང་འཕྲོད་པོ་བྱུང་། དབྱར་ཟླ་ལྔ་བའི་ནང་ཁྲིན་ཏུའུ་ལ་ཚད་པ་ཧ་ཅང་ཆེ་བས། མོས་ཁོག་སྟོད་ལ་མདོག་དཀར་པོ་སྐེ་ན་སྒྲོག་བུ་ཅན་གྱི་ཕུ་ཐུང་ཡུ་མེད་ཅིག་གྱོན་འདུག་པ་དང་། ལུས་སྨད་ལ་རྐང་ཐུང་ཞིག་གྱོན་འདུག་པས་དཀར་ཞིང་ཕྲ་བའི་སྒྱིད་པ་གཉིས་ཕྱིར་མངོན་འདུག རྐང་འབོབ་ཡུ་རིང་ཞིག་གི་ཐོག་ལ་ལྷམ་དཀར་པོ་ཞིག་གྱོན་འདུག ད་དུང་སྐྲ་མདོག་ཅུང་སེར་ཞད་འདྲེས་ལ། སྣུམ་ཤིག་གེར་རྒྱབ་ནས་ཐུར་དཔྱང་འདུག མོ་ནི་དབྱར་མགོ་མར་བཞད་མ་ཐག་པའི་མེ་ཏོག་ཅིག་ལྟར་མངོན་ཆུང་གིས་འཛུམ་ཙམ་འཛུམ་ཙམ་བྱེད་པ་ལས། ང་ལ་སྐད་ཆ་མང་པོ་མི་བཤད། ཉིན་མོ་དེར་ངེད་གཉིས་ཀྱིས་དམིགས་ཡུལ་གང་ཡང་མེད་པར་སྤྱི་གླིང་ཞིག་ནས་ཐང་ཆད་རག་བར་འཁྱམ་ཉུལ་བྱས་ཏེ་བསྡད་། མཚམས་ཤིག་ངས་སྤོབས་པ་ཆེན་པོས་མོའི་ལག་པ་ནས་འཇུས། དེར་མོས་ཕྱི་ནུར་དང་ངོ་རྒོལ་གང་ཡང་མ་བྱས་པས། ང་རང་དགའ་སྣང་ཆེན་པོས་མོའི་ལག་པ་ནས་དམ་པོར་འཇུས་ཏེ་འཆམ་འཆམ་བྱས། མོའི་ལག་པ་འཇམ་ཞིང་མཉེན་ལ། བསིལ་རླུང་འཇམ་པོ་ཞིག་གིས་ངའི་འགྲམ་པའི་མཁུར་ཚོས་ལ་འོ་བྱེད་པ་ནང་བཞིན། ཚོར་བ་དེ་དངོས་གནས་སྙིང་ལ་སིམ་པ་ཞིག་རེད། མོ་དང་ལག་གདང་འབྲེལ་ཏེ་ངལ་དུབ་ཀྱི་གོམ་པ་དག་མདུན་ལ་སྤོ་སྐབས། ངས་བཙལ་བཙལ་ནས་ཅི་ཞིག་རྙེད་བྱུང་བ་དང་འདྲ་ལ། སོང་སོང་ནས་གང་ཞིག་ལ་ཐོན་པ་དང་ཡང་འདྲ། ཚོར་བ་དེ་སྨྲ་བསམ་བརྗོད་འདས་ཤིག་རེད། ཉིན་མོ་དེར་ངེད་གཉིས་སྤྱི་གླིང་དེའི་ནང་ནས་ཉི་མས་ནུབ་ཕྱོགས་ཀྱི་ཁང་བརྩེགས་མཐོན་པོ་དག་ལ་གྱེས་བརྡ་བཏང་སྟེ་ཟླ་བ་མཁའ་ལ་འཕགས་རག་བར་ཡང་བསྐོར་བསྐྱར་བསྐོར་བྱས་ནས་ཉུལ་བ་ཡིན། འོན་ཀྱང་ངེད་གཉིས་ལ་སྐད་ཆ་ཤིན་ཏུ་ཉུང་། ལམ་ཐག་མང་ཆེ་ཤོས་སུ་སྨྲ་བ་མེད་པར་ངག་བསྡམས་ཏེ་གང་སར་ཉུལ་བ་ཡིན། ང་ནི་ལུས་པོ་ཅུང་རྒྱགས་པོ་ཡོད་པས་ལན་རེར་དབུགས་ཧལ་ཧལ་བྱེད་དགོས་བྱུང་ཡང་། མོའི་དཀར་ཞིང་ནེམ་ཤ་དོད་པོའི་ལག་པ་ནས་འཇུས་ཡོད་པས། སེམས་སུ་དཀའ་སྣང་གང་ཡང་མ་ཤར་བར། དེ་ལས་ལྡོག་སྟེ་དགའ་སྤྲོས་རབ་ཏུ་བརྟས། མོའི་འཛུམ་ཤེས་པའི་མིག་ཟུང་གིས་ང་ལ་བསླུ་བྲིད་ཡང་ཡང་གཏོང་ལ། ངའི་གདོང་ལ་བལྟས་ནས་འཛུམ་ཙམ་བྱས་རྗེས། ཡང་བསྐྱར་མིག་ཟུང་ང་དང་གཡོལ་ནས་འདུག་ལ། ལན་རེར་ས་ངོ་ལ་བལྟས་འདུག་པ་དང་། ལན་རེར་ལམ་འགྲམ་གྱི་བྱ་དངོས་དག་ལ་མིག་གཡེང་བྱས་འདུག ཉི་མ་ཁད་ཀྱིས་ནུབ་པ་དང་བསྟུན། མུན་ནག་གིས་གང་ཡིན་སར་འཇབ་རྒོལ་བྱས། བསིལ་སྤྱིན་བུ་མོ་ཡང་ག་ལེར་མཁའ་ལ་འཕགས ངའི་སེམས་སུ་བུ་མོ་འདི་དང་མཉམ་པོར་ཤ་མཆིན་གླན་ནས་དགོང་ཞག་གཅིག་ལ་ནམ་མཁའི་སྐར་མ་བརྩི་ཐུབ་ཚེ། འཇིག་རྟེན་འདིར་ང་ལ་དེ་ལས་ལྷག་པའི་བདེ་བ་ཞིག་མི་དགོས་ལ། འདི་ལས་ལྷག་པའི་བུ་མོ་ཞིག་གིས་ཀྱང་མི་ཆོག་པ་མེད་སྙམ།

མོའི་ཕ་ཡུལ་ནི་ཁྱུང་མཆུ་རྫོང་ཟངས་དཀར་ཡུལ་ཚོ་ནས་ཡིན། མོས་བཤད་པ་ལྟར་ན། ཁོ་ཚོའི་ཡུལ་ཚོ་འདི་ལ་ཟངས་དཀར་ཞེས་པའི་མིང་ཐོགས་དོན་ནི། དང་ཐོག་སྟོད་མངའ་རིས་ས་ཁུལ་གྱི་ཟངས་དཀར་ནས་དམག་དཔོན་ཞིག་འཁོར་དང་བཅས་པ་འདི་བྲོས་བྱོལ་བྱས་ནས་གཞིས་ཆགས་ཤིང་། དེ་བས་ཡུལ་ཚོ་འདི་ལ་ཡང་ཟངས་དཀར་ཞེས་མིང་ཐོགས་པ་ཡིན་ཟེར། སྤྱིར་ཟངས་དཀར་ཞེས་པའི་ཡུལ་ལུང་འདིའི་མིང་ཐོགས་ཚུལ་ནི་ཡོངས་གྲགས་སུ་གནའ་སྔ་མོའི་དུས་སུ་ཡུལ་ལུང་དེའི་ཆུ་ཟངས་དཀར་པོ་རྙེད་ཀྱི་ཡོད་པར་བརྟེན་ཡུལ་ལུང་འདིའི་མིང་ལ་ཟངས་དཀར་ཞེས་ཐོགས་པ་ཡིན་ཞེས་བཤད། ཟངས་དཀར་ཞེས་པའི་ཡུལ་འདི་ལ་དྭགས་དང་གུ་གེའི་རྒྱལ་ཁམས་གཉིས་ཀྱི་བར་ན་ཆགས་ཡོད་པ་དང་། ཡུལ་ལུང་གི་ལུགས་སྲོལ་ཡང་སྟོད་མངའ་རིས་ཀྱི་ཡུལ་ཁམས་གཞན་དང་འདྲ་བར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་དུ་ལྡན་ཡང་། བོད་ཡིག་སྤྱོད་པ་དང་ནང་པའི་ཆོས་ལ་དད་པ་སོགས་བོད་སྤྱི་དང་མཐུན། ལ་དྭགས་རྒྱལ་རབས་ལས། ཆུང་བ་ལྡེ་གཙུག་མགོན་ལ་ཟངས་དཀར་སྒོ་གསུམ། སྤི་ཏི། སྤི་ཅོག་དང་བཅས་པ་ལ་མངའ་མཛད་ཞེས། སྐྱིད་བདེ་ཉི་མ་མགོན་གྱི་སྲས་ཐ་ཆུང་ལྡེ་གཙུག་མགོན་ཟངས་དཀར་ཡུལ་ལ་སླེབས་པ་ནས་ཟངས་ལྷའི་རྒྱལ་རྒྱུད་དང་རྒྱལ་ཁང་ཕོ་བྲང་སོགས་མ་ཉམས་པར་བསྡད་ཡོད།

ཁས་ཉིན་བར་ང་རང་ཕ་ཡུལ་ནས་རྐང་ཐང་ལ་ཁྲོ་སྐྱབས་ཐུགས་རྗེ་ཆེན་པོར་མཇལ་བསྐོར་དུ་སོང་བ་ཡིན། ལམ་བར་ནས་ཟངས་དཀར་ཡུལ་ཚོ་བརྒྱུད་དེ་འགྲོ་དགོས་བྱུང་། ད་དུང་ཉིན་གཅིག་ལ་དེ་ནས་ཞག་སྡོད་ཀྱང་བྱས་པ་ཡིན། ཡར་སྔོན་ང་རང་ཡུལ་ཚོ་འདི་ལ་ཐོན་མྱོང་མེད། འོན་ཀྱང་ངས་སྣང་ངོར་གྲོང་བརྡལ་འདི་ནི་ཆ་ཡོད་རྒྱུས་ཡོད་ཅིག་ལ་སྣང་། ཡུལ་འདི་ལ་འབྱོར་དུས་ཡིད་སེམས་རྒྱ་མཚོའི་འཇིངས་ལ་ལྷུང་བ་ནང་བཞིན་སྨྲེང་སྨྲེང་པོར་བཏང་ལ། གྱེས་དུས་ཀྱང་རང་གི་ཕ་ཡུལ་དང་གྱེས་པ་ནང་བཞིན་སེམས་ཀྱིས་མི་བཟོད་པ་ཞིག་བྱུང་། སྐད་ཅིག་ལ་མོ་དང་འབྲེལ་བའི་འདས་མ་ད་གསུམ་གྱི་ཐ་སྙད་མང་པོ་ཞིག་གིས་མིག་དབང་གབ་ནས་མདུན་སྐྱོད་མི་ཐུབ་པར་ཐོ་ཡོར་ཞིག་ལྟར་ཧད་དེ་ལུས། མི་ནི་མ་གཞི་ནས་ཕྱིར་དྲན་བྱེད་དགའ་བོ་ཡོད་པ་ཞིག་ཡིན་ཡང་སྲིད། གང་ལྟར་ངས་ནི་མོ་དང་འབྲེལ་བའི་གཏམ་རྒྱུད་དག་ལ་རེ་རེ་བཞིན་ཕྱིར་དྲན་གྱི་སྐུད་སྣེ་བསྲིངས་ཏེ དྲན་གདུང་གི་རྨ་ཁ་ཐེབས་པའི་ལྷེབ་ལྷེབ་ངང་འགུལ་བཞིན་པའི་སེམས་པར་ལག་སྙོབ་ཐེངས་གཅིག་བྱེད་དགོས་ཐུག ལག་སྙོབ་བྱས་ཏེ་ཕྱིར་དྲན་འདིའི་ཁྲོད་ཀྱི་དགའ་བ་མཐའ་དག་ཕྱོགས་གཅིག་ལ་བསྡུས་ནས་སྙི་དྲག་པའི་སེམས་པ་ལ་ལྷོད་ཤིག་ཤིག་གིས་འོ་ལན་གཅིག་བྱས་པ་ཡིན། ཉིན་དེ་དག་ལ་མོ་རང་ཤིན་ཏུ་དྲན་ཞིང་། དགོང་མོ་རྨི་ལམ་ལ་ཡང་འཁོར་ཡོང་།

མོ་ནི་ངུ་སླ་བ་ཞིག་ཡིན། ཕྱི་ཚུལ་ནས་མོ་ནི་སྤོབས་པ་ཆེན་པོ་དང་སེམས་ཤུགས་ཆེན་པོ་ཡིན་པའི་རྫུ་བག་གི་རྣམ་འགྱུར་མངོན་ཡང་། དོན་དངོས་སུ་མོ་ནི་སེམས་ཆུང་ལུ་གུ་འདྲ་བ་ཞིག་ཡིན། དགོང་མོ་ཞིག་ལ། ངེད་གཉིས་མལ་ཁྲི་གཉིས་ཅན་གྱི་མགྲོན་ཁང་ཞིག་ནས་ཞག་སྡོད་བྱས། ནམ་གུང་ངས་མོ་ལ་ང་རང་མོ་དང་མཉམ་པོར་མལ་ཁྲི་གཅིག་ལས་ཉལ་འདོད་ཚུལ་གླེང་བ་ཡིན། དོན་དེ་ལ་མོ་རང་གཏན་ནས་འཐད་པ་མ་བྱུང་བས། གློག་ཟིམ་རྗེས། ངེད་གཉིས་ཀྱིས་ཕན་ཚུན་ལ་ཁ་གཏམ་བཅད་དེ་རང་རང་ས་ནས་ཉལ་བ་ཡིན། ངེད་གཉིས་ཀ་ཟེར་ཡང་གཙོ་བོ་ངས་མོ་ལ་ཁ་མ་བསྲེས་པར་ཉལ་བ་ཡིན། ངས་འདོད་ཐོག་ལ་མ་ཡོང་བས་ང་རང་སེམས་དེ་འདྲ་སྐྱིད་པོ་མ་བྱུང་། དེ་བས་གཉིད་ཀྱང་མ་ཁུག་པས་མལ་ལས་ལངས་ཏེ་སྒེའུ་ཁུང་གི་ཕྱི་རོལ་ལ་བལྟས་ནས་སེམས་གཡེང་བྱས་པ་ཡིན། ངེད་གཉིས་ཀྱིས་ཞག་སྡོད་བྱས་པའི་མགྲོན་ཁང་ནི་བརྩེགས་གསུམ་པའི་ཐོག་ཡིན། སྒེའུ་ཁུང་ཆེན་པོ་ཞིག་ཡོད་ལ། སྒེའུ་ཁུང་གི་ཁ་གཏད་ནི་གཞུང་ལམ་ཆེན་པོ་ཞིག་ཡིན། ང་རང་སྒེའུ་ཁུང་གི་མདུན་ནས་དྲང་བོར་འགྱིང་སྟེ། ཕྱི་རོལ་གྱི་གཞུང་ལམ་སྟེང་གི་བཞུར་གྱིན་པའི་རླངས་འཁོར་དག་ལ་བལྟས་ནས་བསྡད་པ་ཡིན། གཞུང་ལམ་སྟེང་གི་རླངས་འཁོར་དེ་དག་རྒྱ་མཚོའི་རླབས་རྒྱུན་དང་འདྲ་བར་གཏན་སྡོད་མེད་པར་བྲེལ་འཚུབ་དང་བཅས་ངའི་མིག་མདུན་ནས་སྐད་ཅིག་སྐད་ཅིག་ལ་ཡལ་འགྲོ མི་ཚེ་ཞེས་པ་འདི་ཡང་རྒྱུགས་ཀྱིན་པའི་རླངས་འཁོར་རེ་རེ་དང་འདྲ་བར་སྐྱེས་པ་ནས་འཆི་བའི་བར་སྐད་ཅིག་ལ་ཡང་གཏན་སྡོད་མེད་པར་ལོ་ཟླས་དེད་ནས་བགྲོད་དགོས་པ་ཞིག་རེད། གློ་བུར་དུ་མོ་རང་ངའི་དཔུང་བ་ལ་འཐམ་བྱུང་། “ཁྱོད་ལ་ཅི་བྱས་སོང”ཟེར། ངས་སྔར་བཞིན་ཁ་མ་གྲགས་པར་མིག་མདུན་ལ་གཡེང་ནས་བསྡད་པ་ཡིན། མོས་ངའི་དཔུང་བ་ནས་སྤྲུག་ཙམ་བྱེད་བཞིན། མགོ་བོ་སྒུར་ཏེ་ཤུམ་ཤུམ་གྱིས་ངུས་བྱུང་།

ཐེངས་ཤིག་ངེད་གཉིས་ཀྱིས་མཉམ་པོར་ཆང་འཐུང་བ་ཡིན། དམ་བུ་ཁ་ཤས་ཀྱིས་མོ་རང་ར་རོ་བཏང་བྱུང་། དེ་འཕྲོལ་འདས་ཟིན་པའི་ཨ་ཕ་གླེང་བ་དང་། མིག་ཆུ་མཚམས་མི་ཆད་པ་བཞུར། ང་ནི་ཅི་བྱེད་འདི་བྱེད་མེད་པར་ལུས། གཙང་ཤོག་བླངས་ནས་མོ་ལ་མིག་ཆུ་ཕྱིས་པ་ཡིན། མཚམས་ཤིག་སྙིགས་ཟོམ་ནང་གཙང་ཤོག་གིས་ཁ་བཀང་འདུག་པ་དང་། མོའི་མིག་མཐའ་གཉིས་ཡང་སྐྲང་སྟེ་དམར་པོར་གྱུར་འདུག བར་ཤིག་ངའི་པང་ལ་མགོ་བོ་བཞག་སྟེ་གཉིད་དུ་ཡུར། དགོང་མོ་དེར་ང་ཡང་ཆང་གིས་བཟི་ཡོད་ན་བསམ། གལ་སྲིད་ང་ཡང་ཆང་གིས་བཟི་ཡོད་ན། མོ་དང་མཉམ་པོར་སྨྲེ་ངག་གི་རྒྱུན་བསྲིངས་ནས་སྐྱོ་ཡུས་ཀྱི་མིག་ཆུ་བཞུར་ཆོག་སྙམ།

མོ་རང་རྒྱ་ཡིག་ལ་འཇོན་པོ་ཡོད། རྒྱ་ཡིག་གི་སྤྱི་སྐད་བཤད་པ་ཡང་སྒྲ་གདངས་དག་མོ་ཡོང་འདུག མོས་རྒྱ་སྐད་བཤད་ཚེ་རང་ཤུགས་ཀྱིས་རྒྱ་མི་ཞིག་ལ་འཁྲུལ་འགྲོ་བའི་ཚད་ཡིན། དེ་ཡང་མོ་རང་ལས་ཞུགས་བྱེད་སའི་གནས་སུ་རྒྱ་མི་ཏག་ཏག་ཡིན་པ་དང་། ནམ་རྒྱུན་རྒྱ་མི་ཚོ་དང་འབྲེལ་འདྲིས་བྱེད་དགོས་པས་ཡིན་ཡང་སྲིད། མོ་རང་དཔེ་ཀློག་ལ་ཡང་དགའ་བོ་ཡོད། ངེད་གཉིས་མཉམ་པོར་ཡོད་སྐབས་མོས་ང་ལ་དཔེ་དེབ་མང་པོ་ཞིག་འོས་སྦྱོར་བྱས་མྱོང་། ཁས་ཉིན་བར“ངོ་ཁེབས”ཞེས་པའི་སྒྲུང་དེབ་དེ་ཀློག་སྐབས། ངས་ཡང་དང་བསྐྱར་དུ་མོ་རང་དྲན་ཞིང་། མོ་དང་འབྲེལ་བའི་གཏམ་རྒྱུད་དག་དྲན་ངོགས་ཀྱི་འཆར་ཡོལ་ལ་གསལ་ནས་ངའི་ལུས་ངག་ཡིད་གསུམ་ལ་ཕྱིར་དྲན་གྱི་དྲན་གདུང་གིས་ཟུག་གཟེར་རྒྱག སྒྲུང་དེབ་དེ་ནི་མོས་ང་ལ་བྱིན་པ་ཡིན། ཉིན་དེར་ངས་མོ་ལ་གྱེས་བརྡ་བཏང་རྗེས། ཕྱིར་སློབ་གྲྭར་སོང་བ་ཡིན། སྡོད་ཁང་དུ་ཐོན་རྗེས་རྒྱབ་ཁུག་ནང་གི་དངོས་པོ་དག་སྔོག་སློག་བྱེད་སྐབས། དཔེ་ཆ་ཞིག་འདུག སེམས་སུ་དཔེ་དེབ་མོས་ཅ་ལག་བསྡུ་གསོག་བྱེད་སྐབས་གོ་འཛོལ་ཐེབས་ནས་ངའི་རྒྱབ་ཁུག་ནང་ལ་བཞག་པ་ཡིན་ངེས་སྙམ། མྱུར་མོར་མོ་ལ་ཁ་པར་བཏང་ནས“ཁྱོད་ཀྱི་དཔེ་དེབ་དེ་ངའི་རྒྱབ་ཁུག་ནང་ན་ལུས་འདུག”ཅེས་བཤད་པ་ཡིན། མོས་ང་ལ“དཔེ་དེབ་དེ་ངས་བསམ་གཟས་ཏེ་ཁྱོད་ཀྱི་རྒྱབ་ཁུག་ནས་བསྐྱུར་བ་ཡིན། ཁྱོད་ལ་བྱིན་པ་ཡིན”ཞེས་བཤད། སྒྲུང་དེབ་དེ་ནི་བསྒྱུར་རྩོམ་ཞིག་ཡིན་ཞིང་། རྩོམ་པ་པོ་ནི་དབྱིན་ཇིའི་མི་ཞིག་ཡིན། མིང་ལWilliam Somerset Maughamཟེར། གཟའ་འཁོར་ཁ་ཤས་གྱི་ཡར་སྔོན་གྲོགས་པོ་དང་ངེད་གཉིས་ཁྲོ་སྐྱབས་ཐུགས་རྗེ་ཆེན་པོ་མཇལ་བསྐོར་ལ་སོང་། ཁོས་ཀྱང་ལམ་བར་ནས་ང་ལ་རྩོམ་མཁན་དེ་དང་དེའི་བརྩམས་ཆོས་དག་འོས་སྦྱོར་གནང་བྱུང་། སྐབས་དེར་ངེད་གཉིས་ཁ་ཁར་སོང་ནས་ཡུན་རིང་འགོར་ཡོད་མོད། སྒྲུང་དེབ་དེ་ད་དུང་ངའི་ལག་ན་འཚམ་པོར་གནས་ཡོད་པས། ཅིས་ཀྱང་ཐེངས་གཅིག་ཀློག་དགོས་སྙམ། དེ་མིན། ཡར་སྔོན་ངེད་གཉིས་ཁྲིན་ཏུའི་ནཱལེནྡྲའི་དཔེ་ཁང་ལ་ཉུལ། མོས་ཡང་བསྐྱར་སྦ་སྲི་མེད་པར་ང་ལ་དཔེ་དེབ་མཆན་གང་གིས་མགྲོན་བྱས། མོ་རང་བོད་ཡིག་ལ་དེ་འདྲ་འཇོན་པོ་མི་འདུག བོད་ཡིག་གི་དཔེ་དེབ་ཀློག་རྒྱུ་ཡང་དེ་འདྲ་མི་དགའ། འོན་ཀྱང་མོས་ངས་བོད་ཡིག་གི་དཔེ་དེབ་ཀློག་པར་རྒྱབ་སྐྱོར་བྱེད་ཀྱིན་འདུག ངེད་གཉིས་མཉམ་པོར་ཡོད་སྐབས། དུས་ཚོད་མང་ཆེ་ཤོས་སུ་བརྩམས་སྒྲུང་རེ་ཀློག་ནས་ལྷོད་ལྷོད་ངང་ཁ་བརྡ་བྱས་ཏེ་བསྡད་པ་ཡིན། མོས་ལྷོད་ལ་བབས་པའི་འཚོ་བ་ཞིག་རོལ་ཐུབ་ན་སྙམ་གྱིན་ཡོད། སྐབས་ཐོག་དེར་ངས་ཀྱང་དེ་ལྟར་འདང་རྒྱབ་མྱོང་། མི་ཚོགས་ཀྱི་འདུ་འཛི་དང་རྒྱང་བཀྱེད་ནས་མོ་དང་མཉམ་པོར་ལྷིང་འཇགས་ཀྱི་གནས་ཤིག་ནས་ཆེས་སྤྱིར་བཏང་གི་འཚོ་བ་ཆུང་ཆུང་ཞིག་རོལ་ཐུབ་ན་བསམ། དཔེ་ཆ་ཀློག་པ་དང་། ཁོ་ཧྥེ་འཐུང་བ། མེ་ཏོག་གསོ་བ། མཚམས་མཚམས་སུ་མོ་ལ་འོ་བྱེད་པ་དང་། ལྷོད་ལྷོད་ངང་ཁ་བརྡ་བྱེད་པ་བཅས་ལ་སྟོང་འདང་བྱས་མྱོང་། ངེད་གཉིས་སུས་ཀྱང་ལས་དབང་གིས་ངེད་གཉིས་ལ་ཀུ་རེ་ཐེངས་གཅིག་བྱས་ཡོང་བ་ཡིད་ཀྱི་དགུ་ལ་ཡང་མ་ཤར་།

ངེད་གཉིས་ཤ་འདྲེས་ལྤགས་འདྲེས་བྱུང་བའི་ལོ་གཅིག་གི་རིང་། དུས་ཚོད་དང་ནོམ་པའི་ཐུབ་ཚོད་ཀྱིས་ས་ཆ་གང་སར་ཡུལ་བསྐོར་དང་མཇལ་བསྐོར་ལ་ཕྱིན་པ་ཡིན། སྤྱི་ལེ་དྲུག་བརྒྱ་ལྷག་གི་ལམ་ཐག་ཉིན་གང་བོར་རེས་འཁོར་ལ་བསྡད་ནས་གཞོག་པ་ཡོད་ལ། ལྕགས་ལམ་མེ་འཁོར་ལ་བསྡད་ནས་ཤོག་བུ་ལྡེབ་ལྡེབ་བྱས་པ་ཡང་ཡོད། ལམ་བར་ནས་འཁོར་དུག་གི་མནར་ཏེ་མགོ་བོ་མགོ་བོར་གླན་ནས་གཉིད་པ་ཡང་ཡོད་ལ། ཡང་ལག་པས་ལག་པ་འཇུས་ནས། ཕན་ཚུན་ལ་འཐམ་འཁྱུད་བྱས་ཏེ་མཆུ་སྦྱོར་བྱས་པ་ཡང་མང་། ལས་དབང་གིས་ང་ཚོ་བསྐྱུར་ཏེ་སྡོང་མགོའི་ལོ་མ་བཞིན་གང་ཡིན་སར་འཐོར་དགོས་བྱུང་ཚེ། ངས་བསམ་ན། འཁྱག་གི་བསྡམས་པའི་དགུ་གསུམ་པ་ལའང། དྲོད་ཀྱི་མེ་སྟག་འཕྲོས་པ་ལྟར་། ང་ལ་ཕྱིར་དྲན་འདི་དག་ལས་མི་ཆོག་པ་མེད་སྙམ།

ངེད་གཉིས་མཉམ་པོར་ཡོད་སྐབས། རྒྱ་ཁོག་ཟོས་པ་ཅུང་མང་། དེ་ནི་ཁ་ཚ་ནས་དབུགས་ཧལ་ཧལ་དང་མིག་ཆུ་ཡང་བཞུར་ལ་ཁད་བྱས་ཡོང་བའི་ཟས་རིགས་ཤིག་རེད། ངས་དེ་ལ་གཏན་ནས་ཁ་ཐེབས་ཀྱིན་མི་འདུག དགའ་བོ་ཡང་དེ་འདྲ་མི་འདུག

འོན་ཀྱང་མོ་རང་རྒྱ་ཁོག་ཟ་རྒྱུ་ཧ་ཅང་དགའ། དེ་བས་ངེད་གཉིས་དུས་བཅད་བྱེད་ཐེངས་རེར་ངས་མོ་རང་ཁྲིད་ནས་རྒྱ་ཁོག་ཟོས་པ་ཡིན། མོས་ང་རང་རྒྱ་ཁོག་ཟ་རྒྱུ་དེ་འདྲ་དགའ་བོ་མེད་པ་ཤེས་རྗེས། མོ་ཡང་འགྲོ་འདོད་མེད་ཞེས་བརྗོད་མོད། ངས་ཨུ་ཚུགས་བྱས་ནས་མོ་རང་ཁྲིད་པ་ཡིན། ང་རང་མོ་ལ་དགའ་བས་ངས་ནུས་ཚོད་ཀྱིས་མོ་ལ་གཅེས་འདོད་པ་དང་། མོ་ལ་བསམ་ཤེས་བྱེད་ཐུབ་ན་སྙམ། ཁས་ཉིན་ལོ་སར་ནང་སྲིང་མོས་རང་འདེམས་རྒྱ་ཁོག་གི་ཚོད་མ་དང་རྒྱུ་ཆ་སྒྲིག་སྐབས། ངས་མོ་རང་དྲན་ཞིང་། མོ་དང་མཉམ་པོར་རྒྱ་ཁོག་ཟོས་པའི་ལོ་ཟླ་དག་དྲན་ཡོང་།

སློབ་མཐར་ཕྱིན་ནས་ང་རང་ཕ་ཡུལ་ལ་ལོག་རྗེས། ངས་ཧུར་ཐག་གིས་དཔེ་ཆ་ཀློག་སྟེ་གཞུང་ཞབས་ཀྱི་ལས་ཀ་ཞིག་རག་རྒྱུ་བརྩོན་ལེན་བྱས། སློབ་མཐར་ཕྱིན་རྗེས་ང་རང་བྱེའུ་ཞིག་སྡོང་མགོ་ནས་མར་ལྷུང་བ་བཞིན་གར་འགྲོ་འདིར་འདུག་མེད་པར་ལུས། སྡེ་མི་ཚོའི་ཁ་ནང་གི་སློབ་ཆེན་པའི་ཐོབ་ཐང་དང་། ཁྱིམ་མི་ཚོའི་སེམས་ནང་གི་ལས་བྱེད་པའི་གོ་སའི་ང་ལ་གནོན་ཤུགས་ཚ་ཡེར་བ་ཞིག་བྱིན། ཨ་མ་གཅིག་པོས་ང་ལ་ཡང་དང་བསྐྱར་དུ“འབྲོག་པ་བྱས་ཀྱང་སྐྱོན་མི་འདུག གཞན་གྱིས་ཅི་བཤད་ཡང་ཅི་བཤད། རྒྱུགས་མི་འཕྲོད་མཁན་ཁྱོད་གཅིག་པོ་མ་རེད”ཅེས་གུ་ཡངས་གནང་། འོན་ཀྱང་ང་རང་གཏན་ནས་འབྲོག་པ་བྱེད་མི་འདོད། མོ་རང་ལས་བྱེད་པ་ཞིག་ཡིན་པས། ངས་ཀྱང་མོའི་གོམ་རྗེས་སྙེག་སྟེ་མོ་དང་མཉམ་པོར་འཚོ་བ་རོལ་ན་འདོད། ཡང་ན་ངས་མོ་རང་འབོལ་གདན་ཅན་གྱི་རྐུབ་སྟེགས་ལས་བྱུས་ཏེ་སུག་བཞིའི་སྤུ་ནག་གི་རྗེས་ལ་གཏོང་བ་སེམས་ཀྱིས་མི་བཟོད། བར་ཤིག ངེད་གཉིས་མཉམ་པོར་མེད་པ་དང་། འཚོ་བ་ལ་བར་ཆད་ཆེ་བ། མོ་རང་ང་ལ་ཡིད་ཆེས་མེད་པ་བཅས་དོན་ཁ་ཤས་ཀྱིས་ངེད་གཉིས་བར་ལ་ཡང་དང་བསྐྱར་དུ་འགལ་བ་ཐོན། མི་སེམས་ནི་སྙི་དྲག་པས སྐད་ཆ་ཚིག་གཅིག་གིས་ཀྱང་གནོད་པ་བླ་ལྷག་ཐེབས་འགྲོ་བ་མ་ཟད། མཛེས་སྡུག་གི་བྱ་དངོས་དེ་ཚོ་ཡང་སྐད་ཅིག་ཉིད་རྨེག་མེད་ལ་བཏང་འགྲོ

དུས་ཚོད་ནི་རྟ་སྲབ་མེད་ཅིག་དང་མཚུངས་པར་ཁད་ཁད་ཀྱིས་འདས་འགྲོ ང་རང་མཐར་ཕྱིན་ནས་ལོ་ངོ་གཉིས་ཙམ་འགོར་ཡང་། གཞུང་ཞབས་ཀྱི་ལས་ཀ་སོགས་གང་ཡང་མ་རག་པར་ཕ་ཡུལ་ནས་ལུག་འཚོས་ཏེ་འདུག་དགོས་ཐུག མོས་སྔར་བཞིན་རྒྱ་ནག་གྲོང་ཁྱེར་ཁྲིན་ཏུའུ་ནས་གཞུང་ཞབས་ཀྱི་ལས་ཀ་གཉེར་ཏེ་བསྡད། ངས་ཡང་ཡང་རྒྱུགས་སྤྲད་ཀྱང་ཡང་ཡང་ཡིད་ཆད་དང་སྐྱོ་གདུང་གིས་ཁྱེར། ཕ་མ་གཉིས་ཀས་དུས་རྟག་ཏུ་ང་ལ་སྐུལ་ལྕག་གཏོང་བ་དང་སེམས་ཤུགས་བསྩལ། ངས་ཀྱང་ང་རང་མོ་ལ་འགྲོགས་འདོད་ཆེ་བ་དང་། ཕ་མ་གཉིས་ཀྱི་རེ་བ་སྐོང་འདོད་པ། སློབ་མཐར་ཕྱིན་པའི་འབྲས་རྟགས་ཤིག་ལེན་འདོད་པ་བཅས་ཀྱིས་སྒུལ་ཏེ་རང་གི་རང་ལ་སྙིང་ཕུར་བརྡབས་པ་དང་སེམས་ཤུགས་བསྐྱེད། འོན་ཀྱང་གཞུང་ཞབས་ལས་ཀ་ནི་ནམ་མཁའི་སྐར་མ་བཞིན་ཐོགས་དཀའ་བ་ཞིག་ལ་སྣང་བས། ང་ནི་ཡང་ཡང་ཡིག་ཚད་མ་ལོན་པར་ལུས། བར་ཤིག་ཉེ་འཁོར་གྱི་མི་དག་ང་ལ་ཁོ་ཆད་པ་དང་། མོ་ཡང་ང་ལ་ཁོ་ཆད་ནས། “འུ་གཉིས་ལ་ལས་དབང་མི་འདུག ང་རང་ཁྱོད་དང་འགྲོགས་ནས་ཕྱུགས་འཚོས་ཏེ་འཚོ་བ་རོལ་མི་དཔེ། ”ཞེས་བཤད། མཚམས་འདིར་ངས་གྲོགས་པོ་ཤིག་གི་སྐྱོ་ཡུས་དང་རེ་ཆད་ཀྱི་ཁེངས་བའི་སྐད་ཆ་ཁ་ཤས་བཤད་པ་དྲན་བྱུང་། འབྲོག་ཁུལ་གྱི་བུ་མོ་ཚོས་འབྲོག་ལས་དཀའ་ཚེགས་ཆེ་བར་སྐྲག་ནས། གྲོང་ཁྱེར་ནང་ཧུར་ཐག་གིས་གནས་བཅའ་བཞིན་ཡོད། ཞོར་ལས་ཀྱིས་ཁ་གསོ་རྒྱབ་ཁེབས་བྱེད་དགོས་ཐུག་ཀྱང་། ཕྱིར་ཡོང་ནས་ཕྱུགས་འཚོ་བ་ནི་འུ་ཐུག་པའི་བྱ་སྤྱོད་ཅིག་ལ་བརྩི་བཞིན་ཡོད། དེ་བས་འབྲོག་ཁུལ་གྱི་སྐྱེས་པ་མང་པོ་ཞིག་གིས་ཆུང་མ་མི་རྙེད་པར་ལུས་ཡོད་ཟེར། དངོས་གནས་དེ་འདྲ་རང་རེད། བུ་མོ་ཚོས་ཀྱང་རང་ཉིད་སྐྱིད་ས་བདེ་ས་ཞིག་འཚོལ་ཆེད་ལོས་ཡིན། བསམ་ཤེས་ཀྱིས་མོའི་བྱེད་སྟངས་འདི་དང་སྐད་ཆ་དེ་དག་ལ་ངས་ལེ་བདའ་གང་ཡང་བྱེད་མ་མྱོང་ལ། བྱེད་ཀྱང་མི་སྲིད། གལ་སྲིད་མོ་རང་གསེར་རྡོག་རྡོག་ཅིག་ཡིན་ཚེ། རང་ཉིད་ལ་ནུས་པ་ཆུང་བས་གསེར་རྡོག་རྡོག་དེ་བཙོ་སྦྱང་བྱེད་མ་ཐུབ་པས་ཡིན་སྙམ། མོས་ང་ལ་གོ་སྐབས་མང་པོ་བྱིན་པ་རེད། དེ་ངས་ཤེས་ཡོད། བུ་མོ་སུ་ཞིག་གི་ལང་ཚོ་ནི་རིན་མེད་ལ་བཞུར་གྱིན་པའི་ཆུ་དང་གཙང་བོ་རེད། ངས་མོའི་ལང་ཚོ་ལ་ཁག་ཐེག་ཅིག་བྱེད་མ་ཐུབ་ཚེ། བརྩེ་དུང་ཞེས་རྫིག་པོ་བཤད་ས་མེད། རྒྱུ་དངོས་ཀྱིས་ཁག་ཐེག་མེད་པའི་བརྩེ་དུང་ནི་བྱེ་མ་སྤར་མོ་གང་དང་འདྲ་བར་གང་ཡིན་སར་བཞུར་འགྲོ་བ་ཞིག་ཡིན་ངེས། དེ་ངས་ཀྱང་ཤེས་ཡོད། རང་ཉིད་ལ་ནུས་པ་ཆུང་བ་དང་ལོ་ཟླ་ལ་བརྩེ་བ་མེད་པས། ང་ལ་ཕྱིར་དྲན་ལས་ཅི་ཡང་མ་བསྐྱུར། འོན་ཀྱང་ང་ལ་ཕྱིར་དྲན་འདི་ལས་མི་ཆོག་པ་ཡང་མེད་སྙམ། ཀུན་སྤྱོད་གཙང་ཞིང་། གཞུང་ཞབས་ཀྱི་ལས་ཀ་ཡང་གཉེར་བཞིན་ཡོད་པའི་སྐྱེས་པ་ཞིག་གིས་མོ་ལ་གཅེས་གཅེས་གནང་སྟེ་མོ་རང་གི་འཚོ་བ་སྐྱིད་པོ་བྱུང་ཐུབ་ཚེ། ང་ནི་ལམ་འགྲམ་གྱི་སྡོང་བོ་ཞིག་གི་གྲིབ་བསིལ་བཞིན་བགྲོད་ཀྱིན་པའི་མོ་ལ་དུས་བརྟན་དུ་ངའི་གྲིབ་གཟུགས་ཕོག་མི་ཐུབ་ཀྱང་། སྐད་ཅིག་གི་འདུ་འཛོམས་འདི་དང་བསིལ་སྦྱིན་འདི་ཡང་མི་ཚེ་ཞེས་པའི་ལམ་ཀ་འདིའི་ཁྲོད་ནས་གླེང་རི་བ་ཞིག་ག་ལ་མིན།

ད་ལྟ་ཁྱོད་ནི་ངའི་དྲན་པའི་ཁྲོད་རབ་རིབ་དང་མག་མོག་ལ་གྱུར་ཏེ་བཏང་སྙོམས་སུ་ཆགས་འོས་མོད། ཕྱིར་དྲན་གྱི་ནམ་མཁའ་ལ་འཕུར་བསྐྱོད་ཀྱི་གཤོག་པ་རྡེབ་ཚེ། སྙིང་ནི་གཅུ་གཟེར་གཅུས་པ་ལྟར་ན་ཞིང་ཆུ་ཁོལ་གདུས་པ་ལྟར་ལྷོག་ལྷོག་འཕྱོ། ངས་ད་དུང་ངེད་གཉིས་ཀྱིས་འདྲ་པར་ཞིག་ཉར་ཚགས་བྱས་ཡོད། འདྲ་པར་དེ་ནི་ངེད་གཉིས་རོལ་རྩེད་ར་བ་ཞིག་ལ་སོང་ནས་མཉམ་པར་རྒྱབ་པ་ཡིན། འདྲ་པར་འདིའི་ཐོག་ངེད་གཉིས་ཀྱིས་ཕྱི་ཐག་གི་ལག་གདང་སྦྲེལ་ཡོད། པར་འདི་རྒྱབ་དུས་ངེད་གཉིས་ཀྱི་བརྩེ་དུང་གི་མེ་ཏོག་ད་དུང་རྙིད་མེད། པར་འདི་ངས་སེམས་ཆུང་ངང་གཙང་ཤོག་དཀར་པོ་ཞིག་གི་ཁུད་ལ་སྟིམ་ནས་དེབ་འདང་ཆེན་ཞིག་གི་བར་ལ་བཞག་ཡོད། པར་འདི་མཐོང་དུས། ངས་ཉིན་དེར་ངེད་གཉིས་ཐག་རིང་གི་གླིང་ཀ་ཞིག་ལ་ཕྱིན་ནས། རོལ་རྩེད་རྩེ་བ་དྲན་ཡོང་། ཁྲུན་ཏུའུ་ནས་སྤྱི་ལེ་བདུན་བཅུ་ཙམ་སོང་རྗེས། ཏཱ་ཡེ་རྫོང་ཞེས་པ་ཞིག་ལ་ཐོན། རྫོང་དེ་ནས་ད་དུང་སྤྱི་ལེ་དྲུག་བཅུ་ཙམ་སོང་རྗེས། གཞི་ནས་གྲོལ་བརྡལ་ཞིག་ལ་སླེབས་འགྲོ། དེ་ནི་ལྷིང་འཇགས་ཀྱི་གྲོང་བརྡལ་ཞིག་རེད། གཡས་གཡོན་ཀུན་ལ་ནགས་ཚལ་ཚང་ཚིང་འཁྲིགས་ཡོད། ཕྱི་དྲོ་དེར་ངེད་གཉིས་ཀྱིས་མཛའ་གཅུགས་ཀྱི་ལག་པ་དམ་ལ་འབྲེལ་ནས་སྲང་ལམ་དེ་ནས་ཡར་འགྲོ་མར་འགྲོ་བྱས། སྲང་ལམ་གྱི་ཚོང་ཁང་དག་ཆུང་ཞིང་དོགས། ལོ་ཆུང་དག་གྲོང་བརྡལ་དང་གྱེས་ནས་ཕྱི་ལ་དངུས་གསོག་དུ་ཕྱིན་པ་འདྲ། གྲོང་བརྡལ་གྱི་སྲང་ལམ་དག་ན་ལོ་ན་བགྲེས་པོ་ཡིན་པའི་རྒན་རྒོན་རེ་གཉིས་ཤིག་མ་གཏོགས་མཐོང་རྒྱུ་མི་འདུག ཀེང་རུས་ལྟ་བུའི་སྲང་ལམ་ཁེར་ཧྲེང་ངང་ལུས་འདུག མོས་བཤད་པ་ལྟར་ན། དངུལ་མང་པོ་བསགས་ནས། ལོ་ན་བགྲེས་པོ་ཐོན་ཚེ། ལྷིང་འཇགས་ཀྱི་གནས་འདི་འདྲ་ཞིག་ནས་ཁང་བ་ཉོས་ཏེ་ཚེ་མཇུག་བསྐྱལ་འདོད་ཅེས་བཤད། ངས་ཀྱང་དེ་ལྟར་འདོད་ཅེས་བཤད་པ་ཡིན། ང་རང་མོ་དང་ཉེ་བར་བཅར་ནས་མོ་དང་མཉམ་པོར་འདུག་ཐུབ་ཚེ། ངས་འཚོ་བ་ག་འདྲ་ཞིག་རོལ་ཡང་ཆོག་པ་རེད། ང་རང་མོ་ལ་དགའ་བས་མོའི་འདོད་པ་མཐའ་དག་ནི་ངའི་འདོད་པ་ཡིན་ལ། མོའི་དགའ་བ་མཐའ་དག་ཀྱང་ངའི་དགའ་བ་ཡིན། ལྷིང་འཐགས་ཀྱི་གྲོང་བརྡལ་འདི་ནི་ཧ་ཅང་ཆུང་ཞིང་། གྲོང་བརྡལ་དེ་ནས་ཕར་ཅུང་ཙམ་ཕྱིན་རྗེས་རོལ་རྩེད་ཀྱི་གླིང་ཀ་དེ་ལ་ཐོན། གླིང་ཀ་དེ་ནི་ཧ་ཅང་ཆེ། གླིང་ཀའི་སྒོ་འགྲམ་སུ་གླ་གཏོང་རླངས་འཁོར་འགས་མགྲོན་པོ་ལ་སྒུག་འདུག རྫ་ངོས་ཧྲིལ་པོར་རྩེད་རིགས་སྣ་ཚོགས་འཛུགས་བསྐྲུན་བྱས་ནས་གླིང་ཀ་ཆེན་པོ་ཞིག་བཟོས་ཡོད་ལ། ཉིན་གང་བོར་རྩེད་མོར་གཡེེང་ཆོག ལྷག་པར་རྫ་ངོས་བརྒྱུད་ནས་འགྲོ་དགོས་པས་ངེད་གཉིས་ཀྱིས་དབུགས་ཧལ་ཧལ་བྱེད་ཞོར་ངལ་གསོ་དང་ཁ་བརྡ་བྱས་ནས་སོང་བ་ཡིན། གྲོང་བརྡལ་དེ་ལ་ཐོན་དུས་ས་རུབ་འདུག་པས། ངེད་གཉིས་གྲོང་བརྡལ་དེ་ནས་ཞགས་སྡོད་བྱས་པ་ཡིན། ཕྱི་ཉིན་ཉིན་གང་པོར་དེ་ལྟར་གླིང་ཀ་དེ་ནས་ཡར་རྒྱུགས་མར་རྒྱུགས་བྱས། ཕྱི་དྲོ་རྒྱང་མིག་ཆད་ནས་མིག་ལམ་རབ་རིབ་ལ་བཏང་བའི་མཚམས་ཤིག་ལ་ངེད་གཉིས་ཀྱིས་གླ་གཏོང་རླངས་འཁོར་ཞིག་གླས་ནས་ཕྱིར་ཏཱ་ཡེ་རྫོང་ལ་སོང་ནས་ཞགས་སྡོད་བྱས། ཉིན་དེ་དག་ནང་ང་རང་མོ་དང་མཉམ་པོར་ཡོད་པས། སེམས་ཧ་ཅང་སྐྱིད་ལ། དགའ་སྤྲོས་རབ་ཏུ་བརྟས། མོས་ཉིན་དེ་དག་གི་ནང་ངེད་གཉིས་མཉམ་པོར་ཡོད་པའི་ཕྱིར་དྲན་དག་དྲན་ངོས་ནས་བོར་ཡོད་མེད་མི་ཤེས་མོད། ང་ལ་མཚོན་ན། མཉམ་པར་དེ་ལ་ལྟ་ཐེངས་རེར། ཧ་ཅང་སྐྱིད་སྣང་དོད་པའི་གཏམ་རྒྱུད་དག་ལ་བསྙེལ་གསོ་བྱས་ཆོག་ལ། དགྱེས་པའི་འཛུམ་མདངས་ལྷུག་པོར་བཞད་ཆོག གལ་སྲིད། ངེད་གཉིས་ལ་གཏན་དུ་ཐུགས་འཕྲད་ཀྱི་གོ་སྐབས་ཤིག་མ་བྱུང་ཚེ། ངས་མཉམ་པར་འདི་ལ་ཉར་ཚགས་རྒྱག་དགོས་ཤིང་། མེ་ཏོག་གི་དྲི་བསུང་ལྟར་ཕྱོགས་བཞི་འཐུལ་བའི་གཏམ་རྒྱུད་དག་ལ་ཕྱིར་དྲན་བྱེད་དགོས། མི་ཚེ་ནི་ཐུང་དྲག་པས། བློ་རྩེ་གཅིག་སྒྲིམ་གྱིས་བུ་མོ་ཞིག་ལ་དགའ་ཆོག་པའི་དུས་ཚོད་ལས་མེད་ཚེ། ངས་ཕྱིར་དྲན་གྱི་གཏམ་རྒྱུད་རུམ་གང་དང་མཉམ་པར་ཤ་ཚ་མོ་དེ་གཉིས་ཆེས་དྭངས་གཙང་གི་བརྩེ་དུང་ཞིག་གི་མཚོན་བྱེད་ལ་བདམས་དགོས། བརྩེ་དུང་ནི་བདེན་པ་དང་བྲལ་ཞིང་། རྒྱུ་ནོམ་དང་དབང་གྲགས་ཀྱིས་དབང་སྡུད་བྱེད་བཞིན་པའི་དུས་རབས་འདིའི་ནང་། ང་ལ་ངེད་གཉིས་ཀྱི་འདས་སོང་གི་གཏམ་རྒྱུད་ཤ་ཚ་མོ་འདི་དག་དང་། མཉམ་པར་སྙིང་རྗེ་མོ་འདི་ལས་མི་ཆོག་པ་གང་ཡང་མེད་སྙམ།

གལ་སྲིད་ལས་དབང་གིས་ངེད་གཉིས་གྱེས་ཏེ་ངེད་གཉིས་ལ་ཐུགས་འཕྲད་དང་ལྷན་འཛོམས་ཀྱི་གོ་སྐབས་ཤིག་གཏན་དུ་མ་བྱུང་ཚེ། ངས་མཉམ་པར་སྙིང་རྗེ་མོ་དེ་ལ་པར་སྒྲོམ་མཛེས་པོ་ཞིག་བཟོ། ངས་ཕྱིར་དྲན་གྱི་གཏམ་རྒྱུད་དག་སྙན་ངག་གི་མཚོ་ཆེན་ལ་བྲན། ངས་ཁྱོད་ལ་སྙན་ངག་སྒྱེ་གང་གི་མཆོད་པ་འབུལ།

རྨི་ལམ་ནང་གི་མི།

མི་ཞིག་དྲན་དྲགས་ན་ཕལ་ཆེར་མི་དེ་རྨི་ལམ་ལ་འཁོར་སྲིད།

ཉེ་ལམ་ང་རང་གཡུ་འབྲུག་ཚན་སྡེབ་ཀྱི་གླུ་དབྱངས་ཞིག་ལ་ཉན་རྒྱུར་དགའ་བོ་བྱུང་ཡོད། “ངས་ནམ་ཡང་ཁྱོད་ལ་རང་གི་གློ་ཁུག་སྟོང་བ་བསྟན་ནས་ང་རང་སྤྲང་པོ་ཡིན་མི་ཟེར། ངས་ནམ་ཡང་ཁྱོད་རང་གཏིང་བརྗེད་དུ་གྱུར་རྗེས་ཁྱོད་ལ་དགའ་མྱོང་ཞེས་མི་བཤད”ཞེས་ད་དུང་ཚིག་འབྲི་གཅིག་གཉིས་ཞིག་དབྱངས་ཀྱི་རམ་འདེགས་འོག་ཅུང་འཕྲོད་པོ་ཞིག་ལེན་ཀྱང་ཐུབ་ཀྱིན་ཡོད། ནམ་རྒྱུན་གླུ་དབྱངས་འདི་ལ་རྣ་བ་གླགས་ཏེ་ཞིབ་ཏུ་ཉན་ཚེ། གཞས་ཚིག་རེ་རེའི་བར་གསང་ནས་ངས་འདས་དོན་མང་པོ་ཞིག་ཆུ་བཞུར་ལྟར་དྲན་ཡོང་། མ་གཞི་ངེད་གཉིས་སྔ་མོ་ནས་རང་རང་སར་མཆིས་ཟིན་པས། དགའ་སྐྱོ་འདྲེས་མའི་འདས་དོན་འདི་དག་ཡང་ལོ་ཟླའི་འགྲོས་དང་བསྟུན་ནས་ང་དང་རྒྱང་དུ་གྱེས་ན་འོས། མོའི་སེམས་ཁོང་སུ་ང་ལ་དབང་བའི་མེ་ཏོག་སྟེ་སྔ་མོ་ནས་རྙིད་ཟིན་ན། ངས་ཡང་བློ་འགྱོད་དང་ཕངས་སེམས་གང་ཡང་མེད་པར་མོ་རང་གཏིང་བརྗེད་དུ་གྱུར་ན་འགྲིག གང་ལྟར་ངས་ནམ་ཡང་རང་ཉིད་ལ་དྲན་སྐུལ་བྱེད་བཞིན་ཡོད། ངེད་གཉིས་བར་ན་ཅི་ཡང་ལུས་མེད་པའི་ངས་ནམ་ཡང་རང་ཉིད་ལ་གསལ་འདེབས་བྱས་ཏེ་མོའི་ཕྱོགས་ལ་སྟོང་བསམ་བཅངས་མི་འོས་ལ། སེམས་ཀྱི་གཏིང་ནས་མོ་རང་བརྗེད་པར་བྱེད་པ་རང་གི་རང་ལ་དྲན་གསོ་བྱེད་བཞིན་ཡོད།

མདང་ནུབ་གཏིང་བརྗེད་དུ་གྱུར་ཟིན་པའི་མོ་རང་ངའི་རྨི་ལམ་ལ་ཐེངས་གཅིག་འཁོར་བས། དེ་རིང་གི་ང་ཅུང་ཉོབ་ཉོབ་ལ་བཏང་འདུག འདས་ཟིན་པ་མང་པོ་ཞིག་ལ་ངང་ངམ་ཤུགས་ཀྱིས་ཕྱིར་དྲན་གྱི་སྒོ་མོ་ཕྱེ་བཞིན་འདུག དང་ཐོག་མོ་དང་འཕྲད་པའི་བར་སྐབས་ནས་མོ་རང་སྐྱེས་པ་གཞན་ཞིག་དང་གཉེན་སྒྲིག་པའི་བར་གྱི་འདས་དོན་མང་པོ་ཞིག་རང་ཤུགས་ཀྱིས་མིག་ལམ་ལ་གློག་བརྙན་བཞིན་འཆར་འོང་། དེ་དང་མཉམ་དུ་འབྲོག་སྐྱ་བོས་བྲིས་པའི་“གློའུ་མོ”དྲན་འོང་། “རྨ་ཁྲག་གི་བཞུར་སྒྲའི”སྣང་བརྙན་དག་ཡང་ཡིད་ལ་འཁོར་འོང་། དེ་མིན་ད་ལོ་གསར་དུ་འཁྲབ་སྟོན་བྱུང་བའི་ཏཱ་ནི་སྟོད་དེ་ཟླ་བཟང་སྒྲོན་མ་དང་ཉི་མ་ཚེ་རིང་གཉིས་ཀྱི་གློག་བརྙན་ཞིག་ཡང་དྲན་ཡོང་། བརྩེ་དུང་གིས་སེམས་ལ་བཞག་པའི་རྨ་ཤུལ་དང་ན་ཟུག་ནི་ཡི་གེར་ཤོང་བ་དང་སྐད་ཆས་མཚོན་ཐུབ་པ་ཞིག་ཡེ་ནས་མིན་པས་ན་གོད་ཆག་སྣ་ཚོགས་ཀྱིས་རྨེག་མེད་བྱས་པའི་བརྩེ་དུང་གི་ཕམ་ཁ་འདི་དག་ལས་དབང་ཞེས་པའི་ཡོད་ཚད་ཤོང་ཐུབ་པའི་ཐ་སྙད་སྐྱུར་བོ་ཞིག་ལ་འཕྲོད་པོར་སྦྱར་ནས་འབྲི་བར་བྱའོ།

ད་ནི་མོ་དང་གྱེས་ཏེ་ལོ་འཁོར་ཧྲིལ་བོ་གཉིས་ལྷག་ལོན་འདུག གཏིང་བརྗེད་དུ་བྱས་ཟིན་སྙམ་མོད། མདང་དགོང་རྨི་ལམ་ལ་མོ་རང་ཐེངས་གཅིག་འཁོར་བས། ངས་ད་གཟོད་རང་ཉིད་ད་དུང་ཕམ་ཁ་འདི་ལས་ཡོངས་སུ་གྱེས་ཐུབ་མེད་པ་རྟོགས། ང་རང་ད་དུང་བུད་མེད་འདི་ལ་ཞེན་ཆགས་ཀྱིན་ཡོད་པ་ཡིན་ནམ། “བུད་མེད”ནི་གཉེན་སྒྲིག་ཟིན་པའི་སྐྱེས་མའི་མིང་ལ་ཟེར། རེད། མོ་རང་གཉེན་སྒྲིག་ནས་དུས་ཡུན་རིང་པོ་འགོར་ཡོད། ངས་ད་དུང་མོ་རང་སེམས་ལ་ཉར་ནས་གཏིང་བརྗེད་བྱེད་ཐུབ་ཀྱིན་མི་འདུག ངས་ད་དུང་ཁོ་མོའི་ཕྱོགས་ལ་ཅི་ཞིག་ཐོབ་འདོད་ཀྱི་སྟོང་བསམ་བཅངས་ནས་བསྡད་ཡོད། དེ་བས་ངས་རང་གི་རང་ལ་འགྲམ་ལྕག་ཚ་ཐག་ཆོད་པ་ཞིག་བྱིན་ནས། གཞན་གྱི་བུད་མེད་ལ་ཧམ་སེམས་བཅངས་མི་རུང་བ་གསལ་འདེབས་བྱས་ན་འདོད། མོ་ནི་སྐད་ཅིག་གི་འཇའ་མཚོན་ལྟར། ངའི་འཇིག་རྟེན་ལ་མཛེས་སྡུག་གི་འཁོར་ཡུག་ཞིག་བྱིན་ཏེ་སྐད་ཅིག་སྐད་ཅིག་ལ་ཡལ་སོང་། དྲི་མ་ཙམ་ཡང་མེད་པར་གར་སོང་ཆ་མེད་ལ་གྱུར་སོང་། འཇའ་ཚོན་འདི་མི་ཡུལ་ལ་མཆིས་པའི་དུས་ཡུན་ནི་སྐད་ཅིག་ཙམ་ཡིན་མོད། འོན་ཀྱང་མི་རྣམས་ཀྱི་སྣང་ངོར་འཇའ་ཚོན་གྱི་མཛེས་སྡུག་ཡུན་རིང་ལ་གནས་སྲིད། ཁྱོད་ནི་འཇའ་ཚོན་ཞིག་དང་ཤིན་ཏུ་འདྲ་བས་ངའི་སེམས་སུ་ཁྱོད་ནི་ནམ་ཡང་ཆེས་མཛེས་སྡུག་ལྡན་པའི་མི་དེ་ཡིན་སྲིད། “རྨ་ཁྲག་གི་བཞུར་སྒྲ”ནི་ངེད་གཉིས་ཀྱིས་མཉམ་དུ་ཀློག་མྱོང་བའི་དཔེ་དེབ་དང་པོ་ཡིན། དཔེ་ཆ་འདི་ནི་མོ་རང་ཤིན་ཏུ་བཀླགས་པར་སྤྲོ་བའི་དཔེ་ཆ་ཞིག་ཡིན། དཔེ་ཆ་འདི་ཀློག་དུས་མོས་ཤུགས་རིང་གཏོང་བཞིན“རྨ་ཁྲག་སྙིང་རྗེ། བུ་མོ་འདི་ཅི་འདྲའི་ཁྲེལ་མེད་ཞིག་རེད་ཨང་།”ཞེས་བུ་མོ་དེ་ལ་ལས་བདའ་བྱེད་སྲིད། དེ་དུས་མོ་རང་བསམ་ཤེས་བསམ་ཤེས་སུ་སྣང་། ད་ལྟ་མོ་རང་སྐྱེས་པ་གཞན་ཞིག་དང་གཉེན་སྒྲིག་ཟིན། ང་དང་ཁ་ཐག་རིང་དུ་གྱེས་ཏེ་ཡུན་རིང་འགོར་ཡོད་མོད། ངས་མོ་ལ་ལས་བདའ་གཏན་ནས་བྱེད་ཀྱིན་མེད། དེ་བས་ཀྱང་མོ་ལ་ཁྲེལ་མེད་ཞེས་སྡང་སེམས་ཟིན་གྱིན་མེད། ལས་དབང་གིས་ངེད་གཉིས་ཁ་ཁ་སོ་སོར་བཏང་སོང་ཞེས་ལས་དབང་ལ་སྙོན་འཛུགས་ནས་སྨྲེང་སྐྱོ་གདུང་གསུམ་གྱི་དྲན་ངོས་ནས་མོ་རང་གཏིང་བརྗེད་དུ་གྱུར་ཐུབ་པར་བརྩོན་བཞིན་ཡོད། ངས“ཡི་ཤེས་སྒྲོལ་མ་དང་དོན་འགྲུབ་རྒྱལ་ལོའི”བརྩེ་དུང་གི་ལས་འཕྲོའི་ལ་གཞས་དག་ལ་ཉན་གྱིན། ལས་དབང་ཞེས་པ་འདི་ནི་ཅི་འདྲའི་བསམ་ནག་ཞིག་རེད་འང་སྙམ་ཡོང་། ལྷག་དུ་མོ་རང་དྲན་ཡོང་། མོ་ནི་ཡི་ཤེས་སྒྲོལ་མ་ལྟར་མོས་ཡང་བརྩེ་དུང་གི་རང་དབང་བོར་སོང་བས། མོ་ནི་ང་ལས་ཀྱང་ཤིན་ཏུ་སྡུག་པོ་བྱུང་ཡོད་དམ་སྙམ་ཡོང་། མོ་རང་ཁོ་དང་གཉེན་སྒྲིག་ཡོད་མོད། མོ་དང་ངའི་བར་ན་ཅི་ཞིག་ཆད་ལྷག་གི་ལུས་ཡོད་པ་ལྟར་སྣང་ལ། མོས་ལྐོག་དུ་ང་ལ་འབྲེལ་བྱེད་ཡོང་། ད་དུང་ང་ལ་དགའ་རབས་དུངས་རབས་མང་པོ་ཞིག་བཤད་ཡོང་། ད་ལྟའི་ཁོ་ནི་རང་ལ་གཅེས་པོ་མེད་རབས་དང་། ཨ་རག་མང་པོ་འཐུང་ཞིང་། ཁྱིམ་དུ་ལོག་པ་འཕྱི་འདུག་ཞེས་ཁོ་ལ་འཁང་ར་བྱེད་ཞིང་། དེ་དང་མཉམ་དུ་ང་དང་ཁོ་གཉིས་བསྡུར་ཐབས་མེད་ཞེས་ང་ལ་བསྟོད་པ་ཞིག་ཀྱང་བྱས་ཡོང་། དེ་དུས་ངས་འདང་རྒྱག་སྤུ་ཙམ་ཡང་མེད་པར“དེ་ན་ཁྱོད་རང་ཁོ་དང་གཉེན་ཐོར་བྱས་དང་། ངས་ཁྱོད་རང་ལེན་ཆོག”ཞེས་བཤད་པ་ཡིན། ད་དུང་ངས་ཁྱོད་རང་གཅེས་ནོ་ཁོ་ཐག་ཡིན་ཞེས་དམ་ཚིག་གི་ཐོག་ལ་མནའ་ཚིག་དང་བཅས་ཁས་ལེན་བྱས་པ་ཡིན། རྒྱ་མིའི་བཤད་སྲོལ་ལ“ལྷ་ཁང་བཅུ་བཤིག་དགོས་ཡང་། གཉེན་སྒྲིག་གཅིག་ཀྱང་མི་བརླག”ཞེས་བཤད་ཡོད། ད་ལྟ་འདང་ཞིག་རྒྱབ་ཚེ། སྐབས་ཐོག་དེར་ངས་ཕལ་ཆེར་ནག་ཉེས་བཟོ་གྲབས་བྱས་ཡོད་པ་འདྲ། དེ་རྗེས་སུ་ངས་མོའི་སྐད་འཕྲིན་གྱི་རྒྱབ་ལོག་སུ་ཁོ་གཉིས་ཀྱི་མཉམ་པར་སྙིང་རྗེ་བོ་ཞིག་བསྐུར་ཟིན་པ་མཐོང་། ལུས་ཀྱི་ཆ་བྱད་དང་། གདོང་གི་འཛུམ། ལྷག་པར་དུ་ཁོའི་ལག་པ་མོའི་ཕྲག་པ་འཇུ་བའི་རྣམ་པ། ཕྱོགས་གང་ནས་བལྟས་ཀྱང་ཧ་ཅང་སྐྱིད་ཉམས་དོད་པོ་ཞིག་དུ་ཆགས་ཤིང་། ཁོ་གཉིས་གཅིག་གི་མ་ཟོས་ན་གཅིག་གི་མི་འཐུང་ཞེས་པའི་བཟའ་ཟླ་འདང་ཆེན་གཉིས་སུ་ཆགས་ཟིན་པའི་བཟོ་ལྟ་མངོན། ངའི་སེམས་སུ་ཕལ་ཆེར་མོས་ང་རང་གཏིང་བརྗེད་བྱས་ཟིན་འདུག་སྙམ། མོ་རང་ཧ་ཅང་སྐྱིད་པོ་བྱུང་ཡོད་ཚེ་ང་རང་གཅིག་པོར་དྲན་གདུང་གི་མྱ་ངན་ཐང་འདི་ནས་གཅིག་པོར་འཚོ་དགོས་ཀྱང་ཅི་སྐྱོན་སྙམ། བརྩེ་འདང་ནི་གོམས་གཤིས་ཀྱིས་དབང་གི་ཆགས་ཤིང་། ཁོ་གཉིས་མཉམ་འགྲོ་མཉམ་འདུག་གི་དུས་ཡུན་རིང་བའི་ཕལ་ཆེར་བརྩེ་འདང་ཆགས་པ་ཡིན་ཡང་སྲིད། ཡང་ན་ལས་དབང་ལ་མགོ་སྒུར་ནས་ངོ་ཐད་ཀྱི་མི་འདི་དང་ལེན་བྱས་ཏེ་ཚེ་གང་གི་སྐྱིད་སྡུག་བཅོལ་བ་ཡིན་ཡང་སྲིད། གང་ལྟར་མོ་རང་ང་དང་གཏན་དུ་གྱེས་ཟིན་པ་ལྟར་སྣང་། བརྩེ་དུང་ནི་མོ་དང་བྲལ་རྗེས། མི་གཞན་ཞིག་ལ་གཏན་ནས་མི་ལོབས་པ་དེ་རེད། ངས་མོའི་སྐད་འཕྲིན་དང་འབྲེལ་ལམ་ཡོད་ཚད་སུབ་པ་ཡིན། མོ་རང་སྐྱིད་པོ་བྱུང་ཡོད་ཚེ། ངས་མོ་ལ་བར་ཆད་བྱེད་རྩིས་མེད། མོའི་དྲན་ངོས་སུ་ང་ལ་དབང་བ་མཐའ་དག་བོར་ཟིན་ན། ང་རང་བུད་འགྲོའོ། ཉིན་འགའ་སྔོན་མོས་ངའི་ཁ་པར་ཨང་གྲངས་ཐོག“དྲ་ལམ་ན་ཡོད་དམ”ཞེས་བརྡ་འཕྲིན་བསྐུར་འདུག འོན་ཀྱང་ངས་ལན་ཅི་ཡང་མ་བཏབ། ངས་མོ་ལ་ཅི་ཡང་བཤད་ན་མི་འདོད། བུད་མེད་འདི་ངའི་འཇིག་རྟེན་ནས་ཤི་ཟིན་པའི་ང་རང་ཕངས་སེམས་དང་ཕྱིར་དྲན་ཙམ་སྐྱེས་དགོས་མོད། ངས་མོའི་ཆེད་དུ་རང་ཉིད་གཏན་ནས་བོར་མི་སྲིད། ཡིན་ཡང་མདང་དགོང་ངས་མོ་རང་རྨི་ལམ་ལ་རྨིས་པའི་ང་རང་བློང་བློང་པོར་བཏང་བྱུང་།

ངས་མོ་རང་གཏིང་བརྗེད་དུ་གྱུར་རྗེས་མོ་ལ་དགའ་མྱོང་ཞེས་མི་བཤད།

ཡིད་སེམས་ཧ་ཅང་སྐྱོ་སོང་།

རྨས་མ།

ཡིད་སེམས་རབ་ཏུ་སྨྲེང་དུས། སུ་ལ་ཡང་ཁ་གྲགས་མི་འདོད་པར་རང་གཅིག་པོའི་ས་ནས་ཁ་ཁུ་སིམ་པོར་འདུག་འདོད་པ་ཞིག་རེད། དགོང་མོ་དེར་ངས་སྐད་འཕྲིན་ལས་མོའི་ཨ་ལན་ལ་ཡུན་རིང་ངང་སྒུག་བྱས། དགོང་མོ་དེའི་དུས་ཚོད་ཀྱི་རྐང་བ་ལ་སྒྲོག་རྒྱབ་པ་ནང་བཞིན་དལ་གྱིས་འགྲོ ང་རང་གཉིད་མི་ཁུག་པར་མལ་སའི་ནང་ནས་ལུས་ལ་ཟུག་རྔུ་ལངས་པ་ལྟར་གཡས་གཅུས་གཡོན་གཅུ་བྱས་ནས་ཡུན་རིང་ལ་བསྡད། ཉིན་འདི་དག་ལ་མོ་རང་རྦད་དེ་འགྱུར་འདུག གཤིས་ཀ་གྱོང་བོ་དང་། ང་ལ་ངང་རྒྱུད་རིང་པོ་མེད་པ། ངའི་སྐད་ཆ་ལ་དོ་སྣང་ཕྲན་ཙམ་ཡང་བྱེད་མཁན་ཞིག་ལ་གྱུར་འདུག དེ་ནི་རྒྱུ་དང་རྐྱེན་གང་ཞིག་གིས་བཟོས་པ་ལ་ངས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་། བློ་རྩེ་ཉི་ཤུ་རྩ་ལྔ་བཀོད། ངས་ཅི་ལྟར་འདང་རྒྱབ་ཀྱང་། ངས་ངེད་གཉིས་ཁ་ཁར་གྱེས་དགོས་པའི་ནག་ཉེས་ཚབས་ཆེན་ཞིག་བཟོས་མྱོང་མེད་པ་འདྲ། ཉིན་འགའི་སྔོན་ངེད་གཉིས་མཉམ་པོ་ཡོད་དུས། ངས་མོ་ལ་ངའི་ཁ་པར་གྱི་གསང་གྲངས་བཤད་པ་ཡིན། དེ་ནི་ངས་མོ་ལ་ཡིད་ཆེས་གཏིང་ཟབ་བྱས་པའི་མཚོན་རྟགས་ཤིག་ཡིན་མོད། གསང་གྲངས་བཤད་རྗེས། མོའི་འདོད་ཐོག་ལ་རྟ་རྒྱུག་པ་ལྟར་ངའི་སྐད་འཕྲིན་གྱི་མི་རེ་རེ་ལ་ཞིབ་བཤེར་བྱས། དེ་ལས་ངས་ཡར་སྔོན་བུ་མོ་ཞིག་ལ་སྐད་འཕྲིན་འབྲེལ་བ་དང་། སྐད་འཕྲིན་འབྲེལ་རྗེས་ཁ་བརྡ་ཅུང་ཙམ་བྱས་པ་མཐོང་ཡོད། མོས་དེ་ལ་ཁག་དཀྲི་བྱས་ཏེ་ང་གཡུག་འདོད་པ་ཡིན་ནམ་སྙམ། བུ་མོ་དེ་ངས་གཏན་ནས་མཐོང་མྱོང་མེད། མིང་ཙམ་དང་ཕ་ཡུལ་ཙམ་ལས། གཞན་སྐད་ཆ་ཚབས་ཆེན་གྱི་རིགས་གང་ཡང་བཤད་མ་མྱོང་། སྐད་འཕྲིན་འབྲེལ་བ་འདི་ཡང་ང་ལ་མཚོན་ན། འགྱོད་པ་དྲག་པོ་སྐྱེས་ཡོང་བའི་དོན་ཞིག་ཡིན། མོ་དང་ངེད་གཉིས་ཀྱི་བར་ན་བཞུར་བ་ནི་འོ་མ་ལྟ་བུའི་བརྩེ་དུང་གི་ཆུ་བོ་ཡིན། རྣམ་དག་དང་དྭངས་གཙང་ཡིན། འཆར་ཡན་དང་ཕྱི་ཐག་ལ་བཅོལ་བ་ཞིག་ཡིན། ཁ་ནང་གི་སོ་འཐོར་རག་བར། མགོའི་སྐྲ་དཀར་རག་བར་སྐྱིད་ཀྱི་རྟ་ཕོ་མཉམ་གཞོན་དང་སྡུག་གི་ཁུར་བོ་མཉམ་ཁུར་ལ་འདང་བརྒྱབ་ཡོད། འདི་ལྟར་བསམ་དུས་ང་རང་ལྷག་པར་འགྱོད་ཡོང་།

མོ་དང་མཉམ་པོར་ཡོད་དུས་སེམས་ལྷོད་ལ་བབས་ནས་བསྡད་ཆོག་པ་ཞིག་ཡིན། ངའི་ལོ་ཚོད་འདི་ནི་ནམ་ཟླ་དགུན་ཟླ་ཚེས་ཤིང་། ཕྲག་སྟེང་གི་ཁུར་བོས་ཤུགས་ཀྱིས་མནན་ཡོང་བའི་ལོ་ཚོད་ཅིག་ཡིན་མོད། མོ་དང་མཉམ་པོར་ཡོད་དུས། ལུས་ཀྱི་ངལ་དུབ་དྭངས་ཤིང་། ངོ་གདོང་འཛུམ་དང་སེམས་པ་དྲོད་ཀྱིས་ཁེངས་ཆོག་པ་ཞིག་ཡིན། ངས་མོ་རང་འདོད་འཇོའི་ལྷ་མོ་ལ་སྒོམ་འདོད། ཁྱོད་རང་ཏག་ཏག་བུ་མོ་ཞིག་ལ་དགའ་དུས། ཁྱོད་ཀྱིས་དེ་དང་མཉམ་པོར་འདོད་པ་ཁོ་ན་ཙམ་ལ་ལོངས་སྤྱོད་བྱེད་པ་ཞིག་མ་རེད། མོ་དང་མཉམ་པོར་འདུག་འདོད་པ། འོ་བྱེད་འདོད་པ། མགོ་བོ་དང་མགོ་བོ་གླན་ནས་འདུག་འདོད་པ། ཁེ་ཕན་དང་ཡོང་སྒོ་སོགས་གང་ལ་ཡང་མི་ལྟ་བར་མོ་ལ་ཞབས་ཞུ་བྱེད་པ། ཁྱོད་རང་མོའི་ཐོག་ལ་སེར་སྣ་ཞེས་པ་ཞིག་ཡོད་མི་སྲིད། མོས་ཁྱོད་ལ་དོན་ཅི་ཞིག་བཤད་ཀྱང་དང་ཐོག་མོའི་ཕྱོགས་ནས་སྐད་ཆ་བཤད་པ་དང་། མོ་ལ་སེམས་ཁུར་དང་སེམས་གསོ་བྱེད། མོ་དགའ་སའི་མི་ལ་ཁྱོད་དགའ་ཞིང་། མོ་སུན་སའི་མི་ལ་ཁྱོད་ཀྱང་སུན། བརྩེ་དུང་ནི་ཆ་རྐྱེན་གང་ཡང་མེད་པར་མི་ཞིག་ལ་མཐོང་ཆེན་བྱས་ཏེ་གཙིགས་སུ་འཛིན་དགོས་པ་ཞིག་རེད། ཁྱོད་རང་མ་འོངས་པའི་སྐྱ་ཡ་ལ་འཆར་གཞི་དང་རེ་བ་ག་འདྲ་ཡོད་ཀྱང་། མི་དེ་དེ་དག་གི་བཀག་རྒྱ་ལས་བརྒལ་ཞིང་། དེ་དག་ལ་རྡོག་བརྫིས་ནས་བཏང་ནས་ཡོང་ཡང་ཁྱོད་རང་སྔར་བཞིན་མི་དེ་ལ་དགའ་ཞིང་དུང་འགྲོ་བ་ཞིག་རེད།

མི་ཞིག་ལ་དགའ་དུས། ཁྱོད་ཀྱིས་རང་ཉིད་ཀྱི་མི་འདོད་པའི་བྱ་ལས་ཏག་ཏག་སྤེལ་འགྲོ་བ་ཞིག་རེད། ཕྱི་ཉིན། མོས་སྔར་བཞིན་ང་ལ་ཨ་ལན་མ་སྤྲད་པས་ངས་ཡང་དང་བསྐྱར་དུ་མོ་ལ་བརྡ་འཕྲིན་བསྐུར། མཇུག་མཐར་མོས་རང་ཉིད་ང་དང་གྱེས་ན་འདོད་ཚུལ་གླེང་། ང་དང་འབྲེལ་བའི་སྐུད་ལམ་ཡོད་ཚད་བཅད། ངས་མོ་ལ་དགའ་རབས་དུང་ཚུལ་གླེང་། ལོ་དུ་མའི་བརྩེ་དུང་གི་མེ་ཏོག་ཐང་ལ་མི་གཡུག་པའི་རེ་བ་བྱས། ཡོད་ཚད་ངལ་བ་འབྲས་མེད་དུ་སོང་བའི་ཕྱི་དྲོ་དེར། ངའི་མཐོང་ལམ་མུན་ནག་གིས་སྒྲིབ་ཅིང་། འོད་དང་རླུང་བུ་གང་ཡང་མི་རྒྱུ། ང་རང་ཁྱོད་ལ་དགའ་ཞེས་མུན་ནག་གི་འཇིངས་ནས་ཉི་ཟླ་སྐར་གསུམ་དཔང་ལ་བཞག ངའི་རྣ་ལམ་ལ“ཁྱོད་ཀྱིས་ལས་བྱེད་ལོན་དུས། ང་ཕལ་ཆེར་རྒས་འདུག”ཅེས་པའི་སྐད་ཆ་དེ་བྲག་ཅ་བཞིན་ཡང་ཡང་ལྡིང་འཁོར་རྒྱག

གལ་སྲིད། ཁྱོད་རང་བུ་མོ་ཞིག་ལ་དགའ་དྲག་དུས། ཁྱོད་ཀྱིས་བུ་མོ་དེ་དང་མཉམ་པོར་འཚོ་བ་རོལ་འདོད། བྱིས་པ་སྐྱེས་འདོད། ཁྱོད་ཀྱིས་མོའི་རོལ་འདོད་པའི་འཚོ་བ་དེ་དམིགས་ཡུལ་ལ་འཛིན་སྲིད། འཇིག་རྟེན་གྱི་སྐྱེས་པ་ཡོད་དོ་ཅོག་གིས་དེ་འདྲ་འདོད་མི་འདོད་ངས་ཁ་ཚོན་གཅོད་དཀའ་མོད། མ་མཐའ་ཡང་ང་ནི་དེ་འདྲ་ཞིག་ཡིན། ང་རང་མོ་དང་གཉེན་སྒྲིག་བྱེད་ཐུབ་ན་སྙམ། མོ་ལ་གཉེན་སྒྲིག་བྱེད་ཅེས་ཀྱང་ཐེངས་མང་པོར་ལབ་མྱོང་ཡོད་མོད། ངེད་གཉིས་ལ་ཁང་བ་མེད། རླངས་འཁོར་མེད། ཁྱོད་ལ་བརྟན་འཇགས་ཀྱི་བྱ་བ་མེད་ཅེས་མང་པོ་ཞིག་སྒྲུབ་བྱེད་ལ་བཀོད་ཡོང་།

བུ་མོ་དེ་ཚོ་ལ་གཏན་ནས་བློ་གཏད་བྱེད་ཡུལ་ཞིག་མི་འདུག མོ་ནི་བུ་མོ་ཁྲེལ་མེད་ཅིག་རེད། ཕྱི་ཐག་མེད་པར་ཁྲེལ་མེད་བྱེད་མཁན་ཞིག་རེད། ངའི་ཆེས་ཐོག་མའི་བརྩེ་དུང་གི་ཁུ་བ་འཕྱོ་ས་མོ་རང་མིན་ཡང་། ངའི་ཆེས་དྭངས་གཙང་དང་ཕྱི་ཐག་སྟེར་ས་མོ་ཡིན། ད་རག་བར་ངས་མོ་མ་གཏོགས་བུ་མོ་ཞིག་ལ་གཉེན་སྒྲིག་པའི་བསམ་པ་ཡོད་མ་མྱོང་ལ། གཉེན་སྒྲིག་ཅེས་པའི་མིང་ཚིག་འདི་གླེང་ཡང་མ་མྱོང་། མདང་ནུབ་ངསMaughamགྱི《མི་གཤིས་ཀྱི་ལྕགས་སྒྲོག》ཅེས་པའི་ནང་གི་བུད་མེད་མེར་ཏེ་ལེ་ཏེ་དང་འབྲེལ་བའི་གཏམ་རྒྱུད་དག་མཐོང་སྐབས། བུ་མོ་དེ་ཚོས་བརྩེ་དུང་ནི་ཅི་ཞིག་ལ་ངོས་འཛིན་གྱིན་ཡོད་པ་ལ་མནོ་བསམ་བཏང་། མོས་ཀྱང་མེར་ཏེ་ལེ་ཏེ་དང་འདྲ་བར་བརྩེ་དུང་ནི་ལས་ཀ་ཡག་པོ་ཡོད་མེད་དང་། སྒོར་མོ་མང་པོ་གསོག་མིན་ལ་བལྟས་ནས་དེའི་རྨང་གཞིའི་ཐོག་གླེང་བཞིན་ཡོད་པ་ཡིན་ནམ་སྙམ། ང་ནི་མེར་ཏེ་ལེ་ཏེའི་མིག་མདུན་གྱི་ཧྥེ་ལི་དང་ཡང་ན་ཧྥེ་ལིའི་མིག་མདུན་གྱི་ནོ་ལ་ཞེས་པའི་བུད་མེད་དེའི་སྣང་བརྙན་ཡིན་ནམ་སྙམ། རང་ཉིད་ལ་བརྩེ་བ་མི་སྟེར་བའི་མི་ཞིག་ལ་དགའ་བ་ནི་ཅི་འདྲ་སྐྱོ་སྣང་ལྡན་པ་ཞིག་རེད། འུ་ཐུག་བྱ་སྤྱོད་ཅིག་རེད། དེ་ལྟར་བསམ་དུས། ང་རང་གཏིང་ནས་རང་ཉིད་ལ་ཁོ་ཆད་ཡོང་། འབྱར་བག་ཅན་གྱི་ཐང་ཆུའི་ནང་ལག་རྐང་ཟུག་པའི་གྲོག་མ་ཞིག་ལྟར། མོའི་སྔུན་ནས་ངའི་ཡོད་ཚད་ས་ལ་བརྡབ། ང་ནི་ནག་ཉེས་མེད་པ་ཀྱང་ལྕགས་སྒྲོག་རྒྱབ་ཡོད་པ་ཞིག་ཡིན།

མོ་ནི་ངའི་སེམས་ཀྱི་དགག་རྡོ་རེད། གང་ལ་སོང་ཡང་དྲན་ཡོང་བའི་མཛེས་རིས་ཤིག་རེད། ངེད་གཉིས་ཀྱི་གཏམ་རྒྱུད་ཀྱི་མཇུག་ཁྲིན་ཏུའུ་གྲོང་ཁྱེར་ནས་རྫོགས། ད་ལྟ་ཁྲིན་ཏུའུ་གྲོང་ཁྱེར་གྱི་མི་ཚོགས་ཁྲོད་ན་ཁྱོད་དང་འདྲ་བའི་རྒྱབ་གཟུགས་ཧ་ཅང་མང་མོད། ཁྱོད་ཉིད་གཏན་དུ་ང་དང་གྱེས་སོང་། ཁྱོད་རང་གྱེས་པ་ལ་ཕྱི་འགྱོད་དང་ཕངས་སེམས་མེད་པར་སྨོན།

ངས་ཆུང་མ་དང་འཚོ་བ།

གལ་སྲིད་ཁྱོད་རང་ངའི་དྲན་ངོགས་སུ་བཏང་སྙོམས་ལ་གྱུར་ཚེ། ངས་ཁྱོད་ཀྱི་མིང་ནས་མི་འབོད་ལ། ཁྱོད་ཀྱི་ཆེད་དུ་སྙན་ངག་ཀྱང་མི་འབྲི་ལ།

རི་བོ་དེའི་ཕག་ན་རྩྭ་ཐང་ཁོད་ཡངས་མོ་ཞིག་ཡོད། དེ་ནི་ངའི་ཕ་ཡུལ་ཡིན། དེ་ན་ངའི་ཡུལ་མི་སྤུན་ཟླ་དང་། འབྱམས་ཀླས་པའི་ལྷིང་འཇགས་ཡོད། ཕ་ཡུལ་ཞེས་པའི་ཡིག་འབྲུ་གཉིས་ཀྱིས་ངའི་ན་ཟུག་དང་ཁེར་རྐྱང་། སུན་སྣང་བཅས་ལ་བསམ་ཤེས་དང་དང་ལེན་བྱེད་ངེས་ཡིན།

ང་རང་འུར་ཟིང་གི་མི་ཚོགས་ཁྲོད་འཁྱམ་འཁྱམ་མོད། སེམས་རྣལ་ལ་ཕབ་ནས་འདུག་ཆོག་པའི་གནས་མལ་ཞིག་ལ་གཏན་ནས་མ་ཐུག སྔར་བཞིན་ཕ་ཡུལ་གྱི་རྩྭ་ཐང་འདིར་ལོག་འདོད། རྩྭ་ཐང་ལ་ལོག་རྗེས། རི་མགོ་ནས་གུར་ཞིག་ཕུབ་འདོད། དབྱར་ཟླ་དྲུག་པའི་བསིལ་རླུང་གིས་ངའི་གདོང་ལ་བྱིལ་བྱིལ་བཏང་ན་འདོད། སྐྲ་འདབས་རླུང་གིས་བསྐྱོད་ཅིང་། རྟ་གཡུང་མོ་ཞིག་ལ་ཞོན་ནས་ཀི་འབོད་བྱེད་འདོད། འབྲོག་པའི་ཆེས་དྭངས་གཙང་གི་རང་གཤིས་ཕྱི་ལ་མངོན་ཞིང་ཕྱུགས་དཀར་ནག་འཚོས་ཏེ་འབྲོག་གི་བཙན་ས་སྲུང་འདོད། དབྱར་དྲུག་པའི་ཆར་ཆུས་ལུས་སེམས་གཉིས་ལ་བྱབས་ཁྲུས་ཐེངས་གཅིག་བྱས་རྗེས། ན་ཟུག་དང་སྐྱོ་ཡུས་ཀྱི་ཁུར་བོ་དག་སྟོན་གྱི་ཁུར་མོང་ནང་བཞིན་རླུང་ལ་བཀྲམས་འདོད།

ངའི་ཆུང་མ་བོད་མོ་ཞིག་ངེས་པར་ཡིན་དགོས། ཕ་སྐད་མ་ཡིག་ལ་དུང་བ་བླ་ལྷག་ཡོད་པའི་བོད་མོ་ཞིག་ཡིན་ངེས། མོ་ཡང་ང་དང་འདྲ་བར་འབྲོག་པའི་ལྷོད་འཇགས་ཀྱི་འཚོ་བ་ལ་མཁྲེང་མཁན་ཞིག་ཡིན་དགོས། མོ་རང་ད་དུང་སྙན་ངག་དང་དཔེ་ཀློག་ལ་དགའ་མཁན་ཞིག་ཡིན་ན་ཆོག སྤང་སྒང་ཞིག་ནས་གུར་ཕུབ ཁྱིམ་ལས་ཙག་ཙིག་དག་ཚར་རྗེས། ངེད་གཉིས་ཀྱིས་ཅིས་ཀྱང་རང་གཉིས་ལ་དབང་བའི་དུས་ཚོད་ཅིག་བསྐྲུན་དགོས། དཔེ་ཀློག་དང་སྙན་ངག་ནི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ལ་བསྒྱུར་དགོས། ངེད་གཉིས་ལ་ཀློག་པ་པོ་མེད་ཀྱང་ཆོག མོའི་ཀློག་པ་པོ་ང་ཡིན་ཆོག་ལ། ངའི་ཀློག་པ་པོ་ཡང་མོ་ཆོག གལ་སྲིད་འཚོ་བའི་ངེད་གཉིས་ལ་འཕྲོག་བཅོམ་དང་རྒྱབ་འགལ་བྱས་སོང་ཚེ། ངེད་གཉིས་ཀྱིས་ཕན་ཚུན་ལ་སེམས་ཤུགས་བསྩལ་བ་ལས། ཕན་ཚུན་ལ་གཏན་ནས་ལས་འདེད་དང་། ཁག་དཀྲི་བསྙོན་འཛིགས་སོགས་མི་བྱེད། ངེད་གཉིས་ཀྱིས་སྙན་ངག་ཚན་པ་གཉིས་འབྲི་སྟེ་སྙིང་སྟོབས་ཆེན་པོའི་འཚོ་བ་ལ་གདོང་གཏད་རྒྱུ་ཡིན། འཚོ་བའི་འབྱོར་ཕྱུག་ནི་ཅི་འདྲ་ཡིན་ཡང་། ངེད་གཉིས་ཀྱིས་ཕན་ཚུན་གྱི་ལག་པ་གཏན་ནས་གློད་རྒྱུ་མིན། རེད། ངེད་གཉིས་ཀྱིས་བྱིས་པ་ཞིག་སྐྱོང་དགོས། བུ་དང་བུ་མོ་གང་ཡིན་ཡང་ཆོག དེ་ལ་ཕ་སྐད་མ་ཡིག་གོམས་པར་བྱེད་ངེས་ཡིན། མི་རིགས་ཀྱི་འདུ་ཤེས་དང་། ཁྲག་རྒྱུད་ལ་དགའ་ཞེན་ཡོད་པའི་མི་ཞིག་ལ་སྐྱེ་སྲིང་བྱེད་རྒྱུ་ཡིན། རི་དགུན་སར་སྤོ་རྗེས། ངེད་གཉིས་ཀྱི་སྤང་མཐོན་པོ་ཞིག་གི་ཐོག་ལ། དཔེ་ཁང་ཆུང་ཆུང་ཞིག་བརྩིགས་དགོས། ཉི་འོད་དང་ཡུལ་ལྗོངས་མཐོང་ས་ཞིག་ནས་བརྩིགས་དགོས། དབྱར་དང་བསྡུར་ན་དགུན་ཁ་ནི་འབྲོག་པ་ཚོ་ཆེས་ཁོམ་དུས་ཡིན། རྩྭ་ཆུའི་འདང་ཚེ། སེམས་ལྷོད་ལྷོད་བྱས་ནས་འདུག་ཆོག་པ་ཞིག་ཡིན། ངེད་གཉིས་ཀྱིས་དཔེ་ཁང་ནང་ནས་དཔེ་ཀློག་ཡིད་ཚིམ་པ་རེ་བྱེད་ཆོག ངས་ཀྱང་བྱིས་རྫི་བྱེད་ཞོར་སྒྲུང་གཏམ་གཅིག་གཉིས་ཤིག་ཀློག་ཀྱང་ཆོག སྙན་ངག་གཅིག་གཉིས་ཤིག་བྲིས་ནས་མོ་དང་བྱིས་པ་གཅིག་ལ་གྱེར་ཀློག་བྱེད། འབྲོག་པ་ནི་མི་ཚོགས་ཀྱི་འུར་ཟིང་དང་གྱེས་ཤིང་། མགོ་ཁྲིད་དང་ལས་གྲོགས་ཚོར་གུས་གུས་ཞུམ་ཞུམ་བྱེད་མི་དགོས་པ་ཞིག་ཡིན། ཕྲག་སྟེང་ན་རང་ཤུགས་ཀྱིས་ང་རྒྱལ་ཞིག་མཆིས།

འབྲོག་པའི་འཚོ་བ་ནི་སྙན་ངག་ལྟ་བུ་ཡིན། སྙན་ངག་ནི་མཛེས་སྡུག་གི་མིང་གཞན་ཞིག་ཡིན། སྙན་ངག་ནི་སྣོད་ཆེན་པོ་ཞིག་སྟེ། ཁྱོད་ཀྱི་སྐྱོ་ཡུས་དང་ཁེར་རྐྱང་། སུན་སྣང་སོགས་མ་ལུས་པར་ཤོང་ཐུབ།

ཟླ་བཞི་བ། དུས་ཚུགས་ཤིག་གི་གྱེས་མཚམས།

སྤྱིར་དུས་ཚོད་ནི་རྟ་ཕོ་སྲབ་མེད་ཅིག་ལ་གཤོག་པ་ཐོགས་པ་ནང་བཞིན་འགྲོ་བདེ་འདུག་བདེ་ཞིག་ཡིན་མོད། དགུན་ཟླ་གསུམ་གྱི་དུས་ཚོད་འདི་ནི་རྐང་བ་ལ་སྒྲོག་རྒྱབ་པའི་མཇལ་བ་ཞིག་ཨ་ཐང་ཆད་ནས་ལ་མགོར་འགོས་པ་ནང་བཞིན་རེད། དགུན་ཟླ་གསུམ་གྱི་རིང་། གྲང་ངད་རྒོད་པའི་འཁྱག་རླུང་གིས་བཙན་འཛུལ་འོག ཉམ་ཆུང་གི་ཚེ་སྲོག་གྲངས་མེད་ཞིག་གིས་སྨྲ་བ་བཅད་དེ་དབུགས་ཁེགས་ནས་བསྡད། སྒྲོག་རྒྱབ་པ་ལྟ་བུའི་དུས་ཚོད་འདིར་འཆི་བདག་གཤིན་རྗེ་ལས་མཁན་ལྟ་བུའི་འཛུམ་མདངས་བོར་ཞིང་བརྩེ་བ་ཟད་པའི་འཁྱག་སིབ་སིབ་ཀྱི་རླུང་བུ་ཞིག་གིས་ཡོངས་སུ་དབང་སྡུད་གནང་ཞིང་། བཙན་གྱིས་ངག་ལྐུགས་པར་བཏང་ཞིང་ལུས་རིད་པར་བཏང་བའི་ཉམ་ཆུང་གི་ཚེ་སྲོག་གྲངས་མེད་ཤིག་གིས་གསོན་འདོད་པའི་རེ་འབོད་དང་དཀའ་སྡུག་གི་ལོ་ཟླ་ལ་གདོང་གཏད་རྒྱུ་ནི་དེ་འདྲའི་སླ་མོ་ཞིག་ག་ལ་ཡིན། དགུ་དང་པོར་ས་གས། དགུ་གཉིས་པར་རྡོ་གས། དགུ་གསུམ་པར་ལྕགས་ཀྱི་ཐུ་ལུམ་གས། དགུ་བཞི་བར་གླང་རྒན་ཁང་སྦུག་ནས་ཉལ་ན་གྲང་འདར་རྒྱག དགུ་ལྔ་བར་ཆུ་ནག་མས་ལམ་དོད། དགུ་དྲུག་པར་དྲོན་མེ་སྟག་ཙམ་ཞིག་རྒྱ་མཚོའི་གཏིང་ལ་ལྷུང་། དགུ་བདུན་པར་རྐང་ཐང་རྐང་གི་ལྷམ་ཕུད། དགུ་བརྒྱད་པར་སྐྱ་མིའི་དབུ་ཡི་ཞྭ་ཕུད། དགུ་དགུ་བ་ཆར་བསིལ་མ་ཙམ་ཞིག་བབས་ན་སྔོ་ལྗང་སྨྱུག་ཙམ་ཞིག་ས་ཁར་འབུས། དགུ་ལྔ་བཞི་བཅུ་ཞེ་ལྔ་ལ་དྲོད་ཆུང་འབབ་ཞིང་། དགུ་དགུ་བརྒྱད་ཅུ་གྱ་གཅིག་རྫོགས་ན་ད་གཟོད་དྲོད་ཆེན་འབབ།

དུས་ཚོད་ཀྱི་སྐུད་སྣེ་རིང་དུ་མཆིས་ཤིང་། ཉག་ཕྲ་བའི་ཉམ་ཆུང་གི་ཚེ་སྲོག་དག་གིས་སྙིང་རུས་བསྐྱེད་ཅིང་། སེམས་ཤུགས་ཆེན་པོས་འཆི་བདག་གི་ཞགས་པའི་སྣེ་ནས་ཡང་ཡང་འཕག་འཚག་བྱས་མཐར། དཀའ་སྡུག་གི་ལོ་ཟླ་དག་ཕར་ལ་སྐྱེལ། ཟླ་བཞི་བས་དཔྱིད་དཔལ་བུ་མོ་རྒྱང་རིང་ནས་བསུས་ཤིང་། མོའི་འབྱོར་སྒེག་དང་ལང་ཚོས་ཟླ་བཞི་བའི་ཆགས་པའི་སྤུ་ལོང་གཡོ། གསོན་འདོད་པའི་ཚེ་སྲོག་ལ་རྣམ་ཤེས་སྤྲད། ཟླ་འདིར་ས་གཞི་ལ་དྲོད་གཤེར་རྒྱས་ཤིང་། ཉི་འོད་ལ་དྲོད་འཇམ་ལྡན། ག་ལེར་རྒྱུ་ཡོང་བའི་རླུང་བུ་ཡང་བྱམས་བརྩེ་དང་ཞི་འཇམ་གྱིས་ཁེངས། ཟླ་འདིར་སྔར་བཞིན་བསྟུད་མར་ཉིན་འགའ་ལ་ཁ་བ་ལྷབ་ལྷུབ་ཏུ་འབབ། དེ་ནི་དགུན་དཀྱིལ་གྱི་རྣམ་པ་དེ་དང་འདྲ་བར་ས་གཞི་དཀར་བོང་བོང་བྱེད། འོན་ཀྱང་ཨ་མས་དེ་ལ་ཁ་བ་ཟེར་གྱིན་མི་འདུག ཁུ་འཕང་རེད་ཟེར། འུན་ཧུན། ང་རང་ཅུང་ཡ་མཚན་སོང་། ཨ་མས་བསྙད་པ་ལྟར་ན། སྟོན་ཁུ་འཕང་ཁ་བའི་སྣ་འདྲེན་ཡིན། དཔྱིད་ཁུ་འཕང་ཁ་བའི་རྗེས་གཅོད་ཡིན། སོས་ཀ་ཐོན་བྱུང་བས་དྲོད་འབབ་མགོ་བརྩམས། ད་དགུན་ཚར་སོང་བ་རེད་བཅས་བཤད། བལྟས་ཚོད་ཀྱིས་ཁུ་འཕང་དང་ཁ་བ་གཉིས་ལ་མི་འདྲ་ས་ཅི་ཡང་མེད་མོད། འོན་ཀྱང་ཁོ་གཉིས་ཀྱིས་དུས་ཚིགས་མི་འདྲ་བ་གཉིས་ཀྱི་རྟགས་མཚོན་བཞིན་ཡོད་པ་འདྲ། ལྷག་པར་ཁུ་འཕང་ནི་དགུན་དཔྱིད་གཉིས་ཀྱི་ས་མཚམས་ན་ལྷབ་ལྷུབ་ཏུ་གཡོ་བའི་དར་ལྕོག་ལྟར་བསྒྲེངས་ཡོད། ངས་ཁུ་འཕང་དང་འབྲེལ་བའི་སྐད་ཆ་མང་ཙམ་བསྙད་ན་འདོད་བྱུང་། དཔྱིད་ཁུ་འཕང་གིས་ཡུ་མོའི་མཚེས་མི་ནུབ། སྟོན་ཁུ་འཕང་གིས་ཤྭ་བོའི་རྭ་མི་རིག་ཟེར་སྲོལ་ཡང་ཡོད། བོད་གནའ་རབས་ཀྱི་བརྡ་རྙིང་པར་ཁ་བ་ལ་ཁུ་འཕང་ཞེས་བརྗོད་སྲོལ་ཡོད། འོན་ཀྱང་ཁ་བ་དང་ཁུ་འཕང་གཉིས་ལ་ཅུང་ཙམ་མི་འདྲ་བའི་ཆ་ཡང་འདུག་པ་འདྲ། མ་མཐའ་ཡང་དུས་ཀྱི་འགྱུར་བ་མི་འདྲ་བ་ཞིག་སྟོན་བཞིན་ཡོད་པ་འདྲ། ཁུ་འཕངས་ཀྱི་རྒྱ་ཡིག་གི་མིང་ཚིག་ལ雨夹雪ལྟ་བུ་ཟེར་གྱིན་འདུག ངས་དེ་གངས་མ་ཆར་ལ་བསྒྱུར་བ་ཡིན། ཡང་ཧོར་གླིང་གཡུལ་འགྱེད་ནང“ཆར་དུང་གི་ཁུ་འཕངས་འདྲ་བ་ཞིག་ཐར་ཐོར་གྱིས་བབས”ཞེས་བཤད་ཡོད། ངས་སེམས་སུ་ཁུ་འཕངས་ནི་ཆར་བའི་རིགས་ཤིག་ལ་འཁུམས། སར་བབས་ནས་ཡིན་རིང་མི་འགོར་བར་ཆར་བར་གྱུར་འགྲོ་བ་ཞིག་རེད། ཟླ་འདིར་ཁུ་འཕང་བབས་ནས་ཡུན་རིང་མ་འགོར་བར་ཟླ་དཀྱིལ་ཙམ་ལ་གཞི་ནས་ཆར་བ་འབབ་མགོ་བརྩམས་བྱུང་། ངས་ཨ་མ་ལ་ཁ་བ་དང་ཁུ་འཕང་གཉིས་ལ་མི་འདྲ་བ་གང་ཡོད་ཞེས་གཏིང་འདྲི་བྱས་པ་ཡིན། མོས་ང་ལ་ཁུ་འཕང་ནི་རིལ་རིལ་ཞིག་ཡིན་ཞེས་བཤད། དེ་ཡང་དག་ཡིག་ཁག་ན“དུང་གི་ཁུ་འཕངས་ཐ་ར་ར་ཞེས་པ་ལྟ་བུ”བཤད་ཡོད། སེར་བ་ཐ་ར་ར་ཞེས་བཤད་སྟངས་ལ་བལྟས་ན། ཁུ་འཕང་ཡང་སེར་བ་ལྟ་བུའི་རིལ་རིལ་ཞིག་ཡིན་དགོས་ཤིང་། བོངས་ཚད་དེ་ལས་ཧ་ཅང་ཆུང་བ་ཞིག་ཡིན་འོས། ངས་དེ་ལྟར་ཁུ་འཕང་གིས་དབྱིབས་དང་རྣམ་པ་ལ་དབྱེ་ཞིབ་བྱེད་ཁུལ་བྱས་པ་ཡིན།

ཟླ་འདིར། སོས་ཀའི་དྲོད་རླུང་བར་སྣང་ལ་རྒྱུ་ཞིང་། ཉི་མས་བྱམས་བརྩེ་ས་གཞི་ལ་རྒྱས། དྲོ་ཡང་མི་དྲོ་ལ། འཁྱག་ཀྱང་མི་འཁྱག་པར། དྲོ་འཁྱག་ཚད་དང་རན་པ་ཞིག་ནས་ལུས་སེམས་གཉིས་ལ་བདེ་སྣང་དཔག་ཏུ་མེད་པ་ཞིག་གནང་ཡོང་། ཚེ་སྲོག་མང་པོ་ཞིག་དགུན་ཟླ་རིང་མོ་ལས་བཙོན་གྲོལ་ཐོབ། ཆུ་ནང་ན་ཉ་མོ་འཁྱུག སྦལ་བས་རྐང་ལག་རྐྱོང་། ངང་བ་འདམ་ལ་འཁོར། བྱི་བ་ཁུང་བུའི་སྒོ་ན་སྒྱིད་ལུག་གི་བགྲོད། འབུ་རིགས་མང་པོ་ཞིག་གིས་གཤོག་ཟུང་བརྐྱངས་ནས་སླེབས། རྩྭ་ལྗང་གི་ས་བོན་དག་གིས་ས་ཆེན་གྱི་བང་རིམ་བརྟོལ་ནས་སྲུབས་ཀ་དང་གྲིབ་བསིལ། བརླན་བཤེར་འཛོམས་ས་དག་ནས་མངོན་ཆུང་དང་ཁུ་སིམ་ངང་འབུས།