བོད་ཀྱི་ཚོང་པ།

ལྟག་ཨོ་རྒྱན་ཆོས་འཕེལ།(ཁྲིན་ཏུའུ།)

ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བི་ཤྲ་མ་ཎ་ཡེ། མ་ཧཱ་རཱ་ཛཱ་ཡ། ཏརྱ་ཐཱ། ཟི་མི་སི་མི། སུ་མུ་སུ་མུ། ཙན་ཏ་ཙན་ཏ། ས་ར་ས་ར། ཀ་ར་ཀ་ར། ཀི་ལི་ཀི་ལི། ཀུ་རུ་ཀུ་རུ། མུ་རུ་མུ་རུ། ཙུ་རུ་ཙུ་རུ། སད་དྷྱ་ཨ་ད་མ་ནཾ། ཉིད་དྷྱ་ན་ཨ་ད་དྷ་ན། ཙན་དྷ་དྷུ་སྭཱ་ཧཱ། ན་མོ་བི་ཤྲ་མ་ཎ་ཡེ་སྭཱ་ཧཱ། ན་མོ་ར་ཏ་བ་ར་བུ་ཡེ་སྭཱ་ཧཱ། ནོར་དང་བསོད་ནམས་འཕེལ་བར་བྱེད་པའི་གཟུངས་འདིས་སྔོན་བསུ་བྱེད་དེ་༼བོད་ཀྱི་ཚོང་པ་༽ཞེས་པའི་གཏམ་ལ་འཇུག་པར་བྱའོ།། 

སྐྱེ་བ་སྔོན་གྱི་དུས་སུ་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་དེ་ཚོང་དཔོན་ཆེན་མོ་ཤེས་རབ་བཟང་པོ་ཞེས་བྱ་བའི་ལུས་བླངས་ཏེ། སངས་རྒྱས་འོད་སྲུང་གི་མདུན་དུ་མཆོད་པ་རྒྱ་ཆེན་པོ་བཤམས་ཏེ་སེམས་བསྐྱེད། སངས་རྒྱས་འོད་སྲུང་གིས་མ་འོངས་ཚེ་ལོ་བརྒྱ་པའི་དུས་སུ། བུ་ཁྱོད་ཤཱཀྱ་ཐུབ་པ་ཞེས་པའི་མིང་དུ་སངས་རྒྱས་ཏེ་འཇིག་རྟེན་དུ་བྱོན་ཞེས་ལུང་བསྟན་ནོ།། 《སྐྱེས་པའི་རབས་ཀྱི་རྒྱུད་》ལས།“འཇིག་རྟེན་ལ་ཕན་པའི་དོན་བྱེད་པའི་ཕྱིར་སྦྱིན་པ་པོའི་གཙོ་བོ་ཚོང་དཔོན་ཞིག་ཏུ་གྱུར་ཏོ།།”ཞེས། དེ་བཞིན་དུ། 《ཚོམས་》ལས། “ཐོ་རངས་ཀྱི་དུས་སུ་བཅོམ་ལྡན་འདས་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཞིང་བྱོན་ཏེ། འདི་ནི་མཉན་ཡོད་དུ་ཚོང་དཔོན་ཆེན་པོར་འགྱུར་ཞིང་ཡུན་རིང་པོར་བདེ་བ་ཉམས་སུ་མྱོང་ནས་ངའི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་རོ་ཞེས་ལུང་བསྟན་ཏེ།”ཞེས་སོ།།《རྟོགས་པ་བརྗོད་པ་བརྒྱ་པ་》ལས། “སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། ..ཕྱུག་པོ་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ..རྣམས་ཀྱིས་བཀུར་སྟི་བྱས།” ཞེས་དང་། དགེ་བསྙེན་དྲི་མེད་གྲགས་པ་ནི་སྟོན་པ་བཅོམ་ལྡན་འདས་ཞལ་བཞུགས་པའི་དུས་ཀྱི་ཕྱུག་ཆེན་ཚོང་དཔོན་ཞིག་སྟེ། ཕྱི་ཡི་རྣམ་པར་འབྱོར་ལྡན་ཚོང་དཔོན་ཞིག་གི་ཆ་ལུགས་འཛིན་ནའང་། ནང་གི་ཤེས་རབ་ནི་རྗེ་བཙུན་འཇམ་དཔལ་དབྱངས་དང་མཉམ་པའི་བྱང་ཆུབ་སེམས་དཔའ་དངོས་ཤིག་གོ། བཅོམ་ལྡན་འདས་ལ་མཉན་ཡོད་ཀྱི་རྒྱལ་བྱེད་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རྭ་བ་བཞེངས་མཁན་དེའང་ཚོང་དཔོན་ཆེན་པོ་མགོན་མེད་ཟས་སྦྱིན་ཡིན། ཤིན་ཏུ་རྩ་ཆེན་གྱི་“མདོ་”མང་པོ་ཞིག་ཀུན་དགའ་ར་བ་འདི་ནས་གསུངས། དེ་བཞིན་ཚོང་དཔོན་མང་པོ་སངས་རྒྱས་ཀྱི་སློབ་མར་གྱུར་ཏེ་ཕྱོགས་སུ་བསྟན་པ་སྤེལ་བ་ལ་ཤུགས་བརྒྱབ་ཡོད། 《མཛངས་བླུན་ཞེས་བྱ་བའི་མདོ་》ཡི་ལེའུ་མང་ཤོས་སུ་“ཚོང་བ་”དང་། “ཚོང་པ་”དང་། “ཚོང་བདག་”དང་། “ཚོང་དཔོན་ཆེན་པོ་”དང་། “ཚོང་པ་ལྔ་བརྒྱ་”ཞེས། ཚོང་པས་གཏམ་བཤད་པ། ཚོང་བ་ལ་འདྲི་བ། ཚོང་པས་མཆོད་པ་འབུལ་བ། ཚོང་དཔོན་རྒྱ་མཚོ་ཆེན་པོ་ལ་འཇུག་པ་སོགས་གང་མང་ཞིག་ཚོང་བ་དང་འབྲེལ་བ་ཟབ་པས། དེས་ན། མཛངས་བླུན་གྱི་མདོའི་ཕྱེད་ཀ་ཚོང་པ་དང་འབྲེལ་བའི་ལེའུ་ཁོ་ན་ཡིན་ཞེས་བརྗོད་ཆོག་གོ།

བོད་ཡིག་གི་༼ཚོང་༽ནི་ཚུར་ཉོ་ཕར་བཙོང་གི་ལས་ཤིག་སྟེ། དོན་དུ་དངོས་རྫས་བརྗེ་རེས་ཀྱི་བར་དུ་ཁེ་སྤོགས་ལེན་པ་དེ་ཡིན། འདི་ལྡེའུ་འགྲེལ་བྱེད་ན་༼ཚོང་༽ནི་ཡི་གེ་༼ཚོ་༽དང་༼ང་༽གཉིས་ལས་གྲུབ་པས། ༼ཚོ་༽ནི་འབངས་དང་། དམངས་དང་། སྡེ་ཁག་དང་། སྤྱི་དང་། ཐུན་མོང་ལའོ།། ༼ང་༽ནི་སྒེར་དང་། རང་དང་། བྱེ་བྲག་དང་། སོ་སོ་ལ་གོ་བའོ།། དེར་བརྟེན།༼ཚོང་༽ནི་སྤྱི་དང་སྒེར་གཉིས་ཀའི་དོན་བྱེད་པའི་ལས་ཤིག་སྟེ། ཁྱད་པར་དུ་༼ཚོང་༽ཡིག་ལུགས་ལྡོག་ཏུ་བསྒྱུར་ན་༼ང་ཚོ་༽ཞེས། ཐུན་མོང་གི་དོན་ཏེ། དེ་བཞིན་ལྡེའུ་འགྲེལ་ལས་ཤེས་ཐུབ་པ་ནི། “ཚོང་”ནི་ཐོག་མར་སྤྱི་ཡི་དོན་ཡིན་པ། སྤྱི་དོན་ལས་རང་དོན་མཉམ་དུ་འདུས་ཡོད་པ་དེ་ཡིན། འདི་ནས་ཡང་དུ་ངེས་ཐུབ་པ་ཞིག་ནི་ཕལ་ཆེར་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་སྐབས་སུ་༼ཚོང་༽ཞེས་བྱ་བ་ནི་མི་སྒེར་གང་རུང་ཞིག་གིས་ཚོ་པའི་ཚབ་ཏུ་སྤུས་བསྒྱུར་བྱེད་པ་ལའོ།། རིམ་པར་སྲིད་ཀྱི་འཕོ་འགྱུར་ནས་སྤུས་བརྗེ་མང་ཆེ་བ་མི་སྒེར་སོ་སོའི་བྱ་བ་ཞིག་ཏུ་གྱུར་ཏོ།

གནའ་དུས་ཀྱི་ཚོང་ལས་ནི་ཤིན་ཏུ་རླབས་ཆེ་བའི་ལས་ཤིག་སྟེ། འདི་རང་དོན་གྱི་ཁེ་སྤོགས་ཁོ་ན་ཙམ་མ་ཡིན་པ། འབངས་ཡོངས་ཀྱི་ཆེད་དུ་ཡིན་པས་ན། ཚོང་དང་ཚོང་ལས་ནི་གཟི་བརྗིད་དང་། བསོད་ནམས་དབང་ཐང་ཅན་གྱི་ལས་ཤིག་ཀྱང་ཡིན་ཞེས་སོ།། དེ་བཞིན་དུ། ཐོག་མའི་དུས་ཀྱི་གངས་ཅན་པའི་ཚོང་པ་རྣམས་ཀྱིས་འདི་དང་འདི་ལྟ་བུའི་བསམ་བློ་ཞིག་འཛིན་ནས་ཚོང་དང་ཚོང་ལས་ལ་འཇུག་ཅིང་། ནམ་ཞིག་སྤྱི་ཚོགས་ཀྱི་འགྱུར་བ་དང་བསྟུན་གཙོ་བོར་འབངས་ཀྱི་དོན་དུ་ཡིན་པའི་ཚོང་ལས་ཀྱི་འགན་འཁྲི་དེ་ནི་“ཡར་དཀོན་མཆོག་ལ་མཆོད་འབུལ། མར་སྤྲང་པོ་ལ་སྦྱིན་པ།”ཞེས་པའི་ཚོང་མཁན་གྱིས་སྒྲུབ་དགོས་པ་དང་སྒྲུབ་འོས་པའི་དོན་དུ་གྱུར། འདི་ནི་སྔོན་གྱི་“ཁྲོམ་ཆེན་རྡོ་རིང་”དུ་བཀོད་པ་ལྟར་“..དཀོན་མཅོག་མཆོད་འཁོར་རྣམས་བཞེངས། ཕོངས་པ་ལ་སྦྱིན་གཏོང་བགྱི།”ཟེར་བ་དང་གཅིག་གོ། སྔར་རི་བོ་གངས་ཅན་ནས་ཕྱོགས་ཀྱི་རྒྱལ་ཁམས་རྒྱ་མཚོ་ཆེན་པོ་ལ་ཐུག་གི་བར་དུ། ཚོང་འབྲེལ་ལ་གླ་རྩིའི་ལམ་དང་། དར་རྩིའི་ལམ་དང་། གུར་གུམ་ལམ་དང༌། གསེར་ལམ་དང་། ཇ་ལམ་དང་། ཀམ་ལམ་དང་། གཡག་རྔའི་ལམ་དང་། ལུག་ལམ་དང་། གཡུ་ལམ་སོགས་ནི་ཚོང་པ་རྣམས་ཀྱིས་བཏོད་པའི་༼ཚོང་ལམ་༽ཤ་སྟག་སྟེ། ལམ་ཀ་དེ་དག་བརྒྱུད་དེ་མི་རིགས་མི་འདྲ་བ་དང་། སྐད་རིགས་མི་འདྲ་བ་དང་། རྒྱལ་ཁབ་མི་འདྲ་བ་རྣམས་ཀྱི་དངོས་རྫས་དང་བསམ་བློ་བརྗེ་རེས་བྱེད་པ། དེ་བལྟོས་ས་ཡི་ཁྱོན་ཡོངས་ཀྱི་མི་རྣམས་ཀྱི་འདོད་དོན་ཡིད་བཞིན་དུ་གྲུབ་པའོ།། སྔར་བོད་ཀྱི་ཁ་དཔེ་རུ། “ཁྱོད་ཚོང་པ་བརྒྱ་འགྲོ་སྟོང་འགྲོ་རེད། ཚོང་མི་འགྲོ་ས་དེ་གཅིག་ཀྱང་མེད།”ཅེས། ཚོང་པ་རྣམས་ཀྱིས་དྲིལ་སྨུག་ཆུང་དེད། རྟ་འདོ་བ་དེད། མཛོ་ག་བ་དེད་དེ་ལུང་པ་མང་པོའི་ཅ་དངོས་འདྲ་མིན་སྣ་ཚོགས་རྒྱབ་དུ་བཀལ་ནས་འཛམ་གླིང་ཡོངས་སུ་གོམ་པ་སྤོ་བས། ས་རྒྱུས་དང༌། ཆུ་རྒྱུས་དང༌། ལམ་རྒྱུས་དང༌། མི་རྒྱུས་དང་། ཚོང་རྒྱུས་དང༌། ཁྱི་རྒྱུས་སོགས་ལ་དབང་ཐོབ་པ། དེའི་ཕྱིར་ཚོང་པ་ལ་ “ལམ་པ་”དང་“དེད་དཔོན་”ཞེས་ཀྱང་འབོད། ཡུལ་དང་ཡུལ་གྱི་མི་རྣམས་ནས་ཀྱང་ཚོང་པ་དག་གི་ཁ་ནས་འཛམ་གླིང་རྒྱས་བཤད་དང་ཤིན་ཏུ་ངོ་མཚར་བའི་ཕྱི་ལོགས་ཀྱི་གཏམ་རྣམས་ཐོས་པ་ཡིན། ཡང་ཚད་གཞི་འདི་ལས་མཐོ་ཙམ་བགྱིས་ན་“ཚོང་པ་”ནི་ནོར་བུ་ལེན་མཁན་ལ་གོ་ཞིང་། “ནོར་བདག་”ཀྱང་ཟེར། ཚོང་བྱེད་པར་“ནོར་བསྒྲུབ་པ་”ཞེས། ཡིད་བཞིན་གྱི་ནོར་བུ་ལེན་པ་དེས་“ཚོང་ས་”འཛིན་པ་ཞེས་སོ།། 《མྱང་ཆོས་འབྱུང་》ལས། “ཚོང་འདུས་ཀྱི་འདོད་ཡོན་ཆེ་བས་ཡོ་བྱད་མ་ཚང་བ་མེད་པས་ཡུལ་གྱི་ཆེ་བའོ།།”ཞེས་གསུངས་པ་བཞིན་དུ། ཚོང་དཔོན་རྣམས་ཀྱིས་ཚོང་རྒྱག་སའི་ས་ཆ་དང་ཚོང་དུས་ཀྱི་གནས་ནི་ནོར་ལྷས་སྲུང་ཡོད་པས། ཕྱྭ་གཡང་དང་བསོད་ནམས་རང་ཤུགས་སུ་འཁོར་བས། དེ་འདྲའི་ཕུན་ཚོགས་དང་བཀྲ་ཤིས་རྟེན་འབྲེལ་གྱི་ནུས་པ་ཆེན་པོ་ཡོད་ཕྱིར། ས་ཆ་མང་པོ་ཞིག་གི་ས་སྐྱོང་ནས་རང་ཡུལ་དུ་ཚོང་འདུས་ཆེན་པོ་འདུས་དྲན་པ། 《མྱང་ཆོས་འབྱུང་》ལས། “ཚོང་འདུས་ཆེན་པོ་ནི་སྔར་རྒྱང་རོ་ས་མ་ན་ཡོད། དེ་རྗེས་གནས་སྙིང་དུ་འདུས་པ་ཡིན། ད་ལྟ་ནི་མྱང་སྟོད་དང་བར་གཉིས་ཀྱི་ཚོང་འདུས་དཔལ་འཁོར་ཆོས་སྡེར་འདུས་པ་སྣང་། …མདའ་གབ་ཕྱ་དཀར་ལ་གཏད་པ་འདི་ལ་ཚོང་འདུས་ཆེན་པོ་གཅིག་སྔར་ཐུ་གུ་ན་ཡོད། ཕྱིས་འདུས་བྱུང་དུ་འདུས། …སྐུ་རི་ཡན་གྱི་བོད་འབྲོག་འཚོགས་པས་ཤས་ཕྱེད་ཚོང་དུ་བྱེད་པ་དེ་ན་ཡོད། ….མདའ་ཆུ་སྒོའི་གཞུང་ལ་གཏད་པ་འདི་ལ་ཚོང་འདུས་ཆེན་པོ་གཅིག་ཡོད་པ། སྔར་ཚོང་འདུས་གུར་མོ་ན་ཡོད། ཕྱིས་ཞྭ་ལུ་རུ་འདུས། ད་ལྟ་བསམ་རྩེར་ཚོང་འདུས་པ་འདི་ག་ཡིན། …བཅུག་ས་ཡུ་བ་གདོང་ཡར་སྟབས་ཀྱི་འབྲོག་པས་མདའི་ཞིང་པས་གྱ་མ་ཐེག་སྟེ་ཤ་གཟུག་ཚོང་དུ་བྱེད་པ་དེ་ན་ཡོད།”ཅེས་སོ།།

ཚོང་པ་དང་དེའི་ལས་ཀྱི་དོན་འགྲུབ་པ་ནི་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་ཀྱིས་ཚོང་དཔོན་གྱི་བུ་ནོར་བཟངས་ལ་བརྡ་དཀྲོལ་རྗེས། ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་བརྡའི་དོན་དང་རྟོགས་པ་ཁོང་དུ་ཆུད་ནས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ། དེ་རྗེས་འཕགས་པ་སྤྱན་རས་གཟིགས་ལ་ཕྱག་བཙལ་ཏེ་བདག་གིས་དོན་ཆེན་པོ་གྲུབ་བོ་རྙེད་དོ་ཞེས་པ་དང་། གཞན་དུ་ན་ཚོང་དཔོན་གྱི་བུ་མོ་བལྟ་ན་སྡུག་པ་དེས་བྱང་ཆུབ་སེམས་ དཔའ་རྟག་ཏུ་ངུ་ཡི་སྦྱིན་བདག་མཛད་དེ་བླ་མ་ཆོས་འཕགས་མཇལ་ཏེ་ཐར་ལམ་རྙེད་པ་བཅས་དང་། ཡང་ན། ཐོན་མི་སཾ་བྷོ་ཊས་ཞང་ཞུང་ནས་ཡོང་བའི་ཚོང་པ་ཞིག་གི་ངག་ནས་ཡི་གེ་དྲུག་གསར་དུ་རྙེད་པ་དང་། དུས་རབས་བཅུ་པའི་ནང་ལོ་སྟོན་རྡོ་རྗེ་དབང་ཕྱུག་ཚོང་པ་དག་དང་མཉམ་དུ་དབུས་གཙང་ལ་ཕེབས་ཤིང་། ཚོང་ལེགས་ལ་ཆོས་ཀྱང་དར་བ་ནུས་པའི་རྟེན་འབྲེལ་བཅས་“ཚོང་འདུས་འགུར་མོ་”ཆགས་པ་དང་བོད་ལ་ཚོང་འདུས་ཚོང་ལས་ཤིན་ཏུ་དར། བོད་ཀྱི་དཔལ་འབྱོར་བསོད་ནམས་གོང་དུ་འཕེལ་ཞེས། སྔུན་འཛམ་གླིང་གེ་སར་རྒྱལ་པོས་ཚོང་དཔོན་ཉི་མ་ལེགས་ཆེན་དང་། ཟླ་བ་ལེགས་ཆེན་དང་། སྐར་མ་ལེགས་ཆེན་གསུམ་ལ་སྤྲུལ་ནས་ཧོར་གྱི་ས་བཅུད་བཅོམ་པར་བྱེད་པའི་གཏམ་དང་། གླིང་གི་ཚོང་དཔོན་ཆེན་པོ་སྒ་སྐྱ་ལོ་སྟོན་པ་རྒྱལ་མཚན་ནས་རྒྱུ་འབྱོར་ཕུན་སུམ་ཚོགས་པའི་རོགས་སུ་གླིང་གེ་སར་ནོར་བུ་དགྲ་འདུལ་གསེར་གྱི་ཁྲི་ལ་བཀོད་པ་དང་། ཚོང་དཔོན་ནོར་བུ་བཟང་པོས་འབྲོག་རི་བོ་དགའ་ལྡན་དགོན་ནས་གཙོས་པའི་བོད་ཀྱི་དགོན་སྡེ་ཁག་ལ་འབུལ་བ་རྒྱ་ཆེན་པོ་བཤམས་ཏེ་སྦྱིན་བདག་མཛད་པ་དང་། སྔོན་དུས་བོད་ཀྱི་སྐྱེས་བུ་དམ་པ་རྣམས་གདན་ས་ཁག་ཏུ་སློབ་གཉེར་དང་གནས་བསྐོར་ལ་ཕེབས་དུས་ལམ་དུ་ཕལ་ཆེར་ཚོང་པ་དག་ལ་བརྟེན་དགོས་པ་ཡིན་ཞིང་། ཚོང་པ་རྣམས་ཀྱིས་གྲྭ་པ་རྣམས་ལམ་དུ་ཁྲིད་ཅིང་རོགས་དན་མཛད་པ་བཅས་སོ།།

གཞན་དུ་“ཚོང་པ་”ཞེ་ན། རྫུན་དང་གཡོ་སྒྱུ་ཁྲམ་གསུམ་ཅན། ཁེ་སྤོགས་ཁོ་ན་སྒྲུབ་པའི་མི་མགོ་སྐོར་མཁན་ཞིག་ཏུ་སེམས་པའང་ཡོད་ལ། དེ་བལྟོས་ཚོང་དང་ཚོང་པ་ལ་དམའ་འབེབས་དང་འཕྱ་སྨོད་ཀྱི་ཚིག་ཏུ་“དང་པོ་རྒྱ་ཆེན་བསམ་ནས་ཚོང་ཞིག་རྒྱག། བར་དུ་ཁེ་ཕམ་གཉིས་ཀྱི་རྩིས་ཤིག་བཟོ།། ཐ་མ་ཉིན་མཚན་ཀུན་ཏུ་གཉིད་མི་བྲོ།།”ཞེས་པ་དང་། ཡང་ན། གཏམ་དཔེ་རུ། “ཚོང་པས་དྲང་པོ་མི་བཤད།། རྐུན་མ་ལམ་ནང་མི་འགྲོ།།”ལྟ་བུ་དང་། དེ་མིན་《བཀའ་ཆེམས་ཀ་ཁོལ་མ་》ལས། “མའི་རིགས་སུ་གྱུར་བ་ནི་དད་པ་ཆུང་བ། ...ཞེ་སྡང་ཆེ་བ། ..ཤ་དམར་པོ་ཟ་བ། ཁྲག་དྲོན་མོ་འཐུང་བ་ལ་དགའ་བ། ཚོང་དང་ཁེ་ སྤོགས་ཀྱི་སྦྱོར་བ་ལ་སེམས་པ།..”བཅས་སོ།། གྲྭ་དགེ་སློང་ཞིག་གི་ངོས་ནས་བཤད་ན་ཚོང་དང་ཚོང་ལས་བཀག་འོས། 《དགག་དབྱེའི་མདོ་》ལས། “ཚོང་པའི་སྦྱོར་བ་ལ་དགའ་བ་ལ་དགག་དབྱེ་ཡོད་པ་མ་ཡིན་ནོ།།”ཞེས་དང་། 《སྙིང་རྗེ་ཆེན་པོ་ལ་འཇུག་པའི་མདོ་》ལས། “གྲོང་དང་གྲོང་རྡལ་ཡུལ་འཁོར་དག་ཏུ་འཁྱམ།། དེ་དག་བཟའ་དང་བཏུང་ལ་རྟག་ཏུ་བརྩོན།། གར་དང་གླུ་དང་དེ་བཞིན་རོལ་མོ་དང་།། ཉོ་དང་ཚོང་ལ་རྟག་ཏུ་སྤྲོ་བར་འགྱུར།། …སྲང་དང་འཇལ་བའི་ཟོལ་ལ་རྟག་ཏུ་བརྩོན།། ཉོན་མོངས་སྡིག་པའི་ལས་དེ་དག་བྱས་ནས།། ལས་ཉམས་ནས་ནི་ངན་སོང་འགྲོ་བར་འགྱུར།།”ཞེས། 《སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་》ལས།“འཇིག་རྟེན་པའི་གཏམ་ལ་མི་བལྟ་བར་བྱ།། ཉོ་ཚོང་གི་ཐ་སྙད་ལས་ལྡོག་པར་བྱ།།”ཞེས་སོ།། ཡིན་ནའང་། སྤྱི་ཚོགས་ཐོག་གི་འཇིག་རྟེན་པ་མང་ཆེ་བས་ཚོང་པ་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་པ་ནི་དགོས་མེད་ཀྱི་ལས་ཤིག་མཐོང་། དེ་ནི་ཚོང་པས་ཚོང་གི་ཡོན་ཏན་ཕྱོགས་སུ་སྒྲོག་མ་ཐུབ་པ་དང༌། ཡང་ན། མི་རྣམས་ཀྱིས་ཚོང་པའི་རྒྱུ་འབྱོར་དང་ཆེ་བ་མཐོང་བ་དང་དེ་ལ་ཕྲག་དོག་སྐྱེ་ཞིང་། ཚོང་པའི་སྐྱིད་སྡུག་དང་། བརྩོན་འགྲུས་དང་། ལྷག་བསམ་མི་དྲན་པར། ནམ་ཡང་ཚོང་པ་ནི་ཁེ་སྤོགས་འབོར་ཆེན་ཟ་མཁན་དང་མགོ་བསྐོར་མཁན་ཞིག་ཏུ་སེམས། དེ་བཞིན། ཁོ་ཚོང་པ་རེད་ཟེར་དུས་ནས་གཡོ་ཅན་ཞིག་ཡིན་འདུག་སྙམ་པ། དེ་འདྲའི་ལྟ་བ་ནི་ཤིན་ཏུ་མི་འགྲིག་པ་ཞིག་ཏུ་མཐོང་། ཁྱད་པར་དུ། སྔོན་ཐོན་གྱི་སྤྱི་ཚོགས་ཡ་རབས་ཅན་ཞིག་ཏུ་“ཚོང་པ་”ཡི་ཐོབ་ཐང་ཆེ་ཞིང༌། ཚོང་གཏམ་དང་བདེན་གཏམ་དོ་མཉམ། ཚོང་ལས་དང་དགེ་ལས་ཆ་མཉམ། ཚོང་པའི་བྱེད་སྟངས་ཡང་དག་དང་བསྟུན་ནས་དཔལ་འབྱོར་ལ་གུད་ཁ་མི་འབྱུང་བར། ཡོངས་ཀྱི་འཚོ་བ་བརྟན་པོ་དང་བདེ་འཇགས་སྐྱོང་བ་བཅས་སོ།། ཡིན་ནའང་། སྙིགས་མའི་དུས་ཀྱི་ཚོང་པ་རྣམས་ནས་ཚོང་ཐོག་མར་རྒྱག་པའི་ཉིན་ནས་ཁེ་སྤོགས་ཟ་རྒྱུ་ཁོ་ན་ལས། གཞན་ཕན་གྱི་ལྷག་བསམ་མེད་པ། སྤྱི་སེམས་ཀྱི་དྲན་པ་རྒུད་པ། ལས་རྒྱུ་འབྲས་རྩམ་པ་ཟ་ཟ། བདེན་གཡོ་མེད་ཆང་རག་འཐུང་འཐུང་། ཁེ་ཟ་རྒྱུ་རྐྱང་རྐྱང་ལ་འཐོམ་སྟེ་ཐ་ན་རང་གི་རིགས་དང་ཕ་མ་ཡང་མི་ལ་བཙོང་བ། དེ་ནི་ཚོང་གི་བསྟན་པ་འཇིག་རྟེན་རེས་གཅིག་ནུབ་སྟེ། མི་རྣམས་དུས་ངན་འདོད་སྲེད་ཀྱི་མེ་ཕུང་ནང་འཚིག་པའོ།།

བོད་ལ་ཚོང་ཐོག་མར་དར་བ་ནི་《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས། “འདི་དུས་ཁྲི་ངོར་སྣང་བཙུན་མོང་གི་བུས།། བྲེ་ཕུལ་སྲང་བཅོས་འབྲུ་མར་ཚད་ཀྱིས་བཅལ།། དགའ་གཉིས་ཚོང་བྱས་མཐུན་གཉིས་ལ་ལུང་བསྡེབས།། དེ་གོང་བོད་ན་ཚོང་དང་བྲེ་སྲང་མེད།། དེ་ཕྱིར་མཛངས་མི་བདུན་གྱི་གསུམ་པར་གྲགས།།”ཞེས། སྟག་རི་གཉན་གཟིགས་སྐབས་སུ་ཚོང་ལས་ཐོག་མར་དར་ཟེར། གཞན་《རྒྱ་བོད་ཡིག་ཚང་ཆེན་མོ་》ལས། “ཁྲི་ལྡེ་གཙུག་བརྟན་རྒྱལ་པོའི་སྐུ་རིང་ལ།། ལྔ་རུ་མཛངས་པ་ཁྲི་བཟང་ཡབ་དོན་བྱུང་།། དེ་ཡི་ཐབས་དང་ལས་ཀ་ཅི་བྱས་ན།། བྲེ་དང་སྲང་གི་འདུ་བགོད་རྩིས་སུ་བཟུང་།། ཡུལ་དུ་ཁྱོར་གྱི་ཟ་མ་ཟུང་དུ་འཛིན།། དགའ་གཉིས་ཚོང་བྱེད་མཐུན་གཉིས་ལས་ལ་སྤྱོད།། དེ་གོང་བོད་ན་བྲེ་སྲང་ཉོ་ཚོང་མེད།།”ཅེས། བཙན་པོ་མེས་ཨག་ཚོམ་གྱི་སྐུ་དུས་སུ་ཚོང་ལས་ཐོག་མར་དར་ཟེར། འདི་གཉིས་ཀྱི་དགོངས་གཞི་“དེ་གོང་བོད་ན་”ཞེས་པའི་“བོད་”ནི་ཡར་ལུང་གི་གནས་ཙམ་ལ་གོ་བ་ལས། གངས་ལྗོངས་ཀྱི་ས་ཁུལ་གཞན་དག་ལ་གཏན་ནས་གོ་མི་རུང་། ཅི་ཡིན་ཞེ་ན། བོད་ཡུལ་སྟོད་སྨད་ཁག་ཏུ་དེ་དང་དེའི་ཡ་སྔོན་ནས་ཚོང་ལས་དར་ཞིང་། ཁྱད་པར་དུ་འབྲོག་པ་དང་ཞིང་པའི་སྤུས་བསྒྱུར་གྱི་“མཐུན་གཉིས་ལ་ལུང་བསྡེབས་”ནི་དེ་ལས་ཀྱང་སྔ་བ་ཡིན། དཔེར་ན། ཆེས་སྔ་མོའི་དུས་ནས་དར་བའི་“ཚྭ་ནས་དུས་ཚོང་”ལྟ་བུ། གཞན་དུ། “དེ་གོང་བོད་ན་ཚོང་དང་བྲེ་སྲང་མེད་”ཟེར་བ་ནི་བོད་ཡུལ་དུ་“ཚོང་ཁྲལ་”ཐོག་མར་བྱུང་བ་ལ་གོ་ཆོག་ཅིང་། ཚོང་ཡོད་ཀྱང་ཚོང་ཁྲལ་བསྡུ་སྲོལ་མེད་པ་ལའང་འཇུག་སྙམ། སྔོན་ཙི་ནའི་ལོ་རྒྱུས་ལས།“ཐང་གུར་རྒྱལ་རབས་ཀྱི་སྐབས་སུ་ཇ་དར་”ཞེས་པའང་ཇ་ཞིང་བཙུགས་པའི་ཇ་ཁྲལ་བསྡུ་བར་གོ་བ་ལས། ཇ་ནི་དེའི་སྔོན་གྱི་སྔོན་ནས་དར་ཡོད་པ་ཡིན་ནོ།། བཙན་པོའི་སྐབས་ཀྱི་ཡིག་རྙིང་ལས། “ན་གྱི་རྗེ་ཞིང་འབྲིང་ཞིང་ལས་ཚོངསུ་བསྐྱུར་བའི་ནང་ལས་བཟང་ངན་ཤ་..རླང་ཁྲོམ་རྩིན་གྱི་སུག་རྒྱས་བཏབ་པ།”ཞེས་དང་། 《ལྡེའུ་ཆོས་འབྱུང་》ལས། “འབངས་ཚོང་པ་ལྔ་ལ་བརྒྱ་བྱིའུ་(རྒྱ་བྱེ་ཚོང་)(ཇ་)འཚོང་། འ་ཞ་འོད་པ་(གྲི་ཚོང་) འཚོང་། གྲུ་གུ་གཡུ་འཚོང་། འདན་མ་དར་ཚོང་། གླན་ཚྭ་འཚོང་པའོ།།”ཞེས། ཚོང་པ་ལྔ་ཞེས་པའི་རྣམ་གྲངས་བཀོད་དེ། མཁན་དྲུག་གི་ནང་དུའང་“ཚོང་མཁན་”བཀོད་ཡོད་དོ།། 《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས། “...ག་རོད་སྒ་མཁན་སོགས་མཁན་དྲུག་དང་། རྒྱ་ཇ་ཚོང་པ་ལ་སོགས་ཚོང་པ་ལྔ།”ཞེས་དང་། 《མི་ཆོས་གཙང་མ་བཅུ་དྲུག་》ལས། “བྲེ་སྲང་ལ་གཡོ་ཟོལ་མི་བྱ་བ།”ཞེས་སོ།། གཞན་ཡང་།《གཡུ་འབྲུག་སྒྲོག་པའི་ཞལ་ལྕེ་བཅོ་ལྔ་》ལས། “དཔུས་(སྤུས་) འདོད་ཚོང་གི་ཞལ་ལྕེ་”དང་“ལྷག་ཆད་རྩིས་ཀྱི་ཞལ་ལྕེ་”ཞེས་པའང་ཡོད་དོ།། འདི་“ཡང་དག་པའི་ཚོང་”ནི་ས་སྟེང་གི་གཅེས་ནོར་ཏེ། མིའི་རིགས་ཀྱི་དཔལ་ཡོན་དང་། དཔལ་འབྱོར་མི་ཉམས་གོང་འཕེལ་ཡོང་བའི་རྩ་བ་ཆེན་པོ་གཅིག་ནི་“ཚོང་ལས་”ལ་བརྟེན་ནས་ཡོད། འདས་ཟིན་པའི་ལོ་རྒྱུས་རིང་མོའི་ནང་ཚོང་པ་དང་ཚོང་ལས་ཀྱིས་སྤྱི་ཚོགས་འཕེལ་རིམ་ལ་ཤུགས་རྐྱེན་ཤིན་ཏུ་ཆེན་པོ་སྤྲད་ཡོད། སྐབས་རེར་རྒྱལ་རབས་ཀྱི་ཁ་ཕྱོགས་ཀྱང་བསྒྱུར་ཡོད། ཡིན་ནའང་། བོད་ཀྱི་ཆོས་འབྱུང་ཁག་ཏུ་ཚོང་པའི་སྐོར་སྐད་ཆ་བཤད་མཁན་ཕལ་ཆེར་མེད་པས། འདི་ཕྱོགས་གཅིག་ནས་བོད་ཀྱི་ལོ་རྒྱུས་ནི་ཁ་མི་ཚང་བ་ཞིག་ཡིན་པ་གསལ་པོ་རེད། གཞན་ཡང་། བོད་རིགས་ཀྱི་ཚོང་རྒྱག་ལུགས་ལ་༼ཚོང་གི་རིགས་གཞུང་༽རྒྱ་ཆེན་པོ་ཞིག་ཡོད། རེད་དེ། སྔོན་གྱི་ཡིག་ཚགས་ཁག་ཏུ་ཚོང་ལས་བཤད་པ་སོགས་མེད་པའི་ཚུལ་དུ་རེད། འདི་ངེས་དགོས་པ་ཞིག་ལ། བོད་མིའི་ཚོང་ལས་སྒྲུབ་ཐབས་ནི་བོད་རང་གི་ཤེས་རབ་ཀྱི་རྩལ་དང་། སྤྱི་ཚོགས་ཀྱི་ཉམས་མྱོང་ལས་བྱུང་། སྒྲུབ་ཐབས་དེའི་ཁྲོད་དུ་མི་རིགས་ཤིག་གི་སྲིད་པ་ཆགས་པའི་སྒྲུང་གི་ནང་དོན་དང་། མི་རིགས་ཤིག་གི་རྒྱུ་དག་དང་། སློབ་གསོ་དང་། བསམ་བློའི་ཆུ་ཚད་དང་། སྙིང་སྟོབས་སོགས་མངོན་པས། དེས་ན། ཚོང་དང་ཚོང་ལས་ནི་ཅི་འདྲའི་འགངས་ཆེན་གྱི་ལས་ཤིག་མིན།

གངས་ཅན་ཡུལ་གྱི་ཚོང་པ་ལ་“ཚོང་ལྷ་”ཡོད་དེ། ཚོང་ལྷ་འདི་མང་ཆེ་བ་གནོད་སྦྱིན་ཛམ་བྷ་ལ་ཞེས་ནོར་ལྷ་དང་། རྒྱལ་པོ་ཆེན་པོ་བསོད་ནམས་སྟོབས་དང་། གནོད་སྦྱིན་གང་བ་བཟང་པོ་དང་། ཡང་ན། ཚོང་དཔོན་ཆེན་པོ་ནོར་བུ་བཟང་པོ་རྣམས་ཡིན། ཁྱད་པར་དུ། སྔར་བོད་ཀྱི་ཚོང་ཁྲོམ་འདུས་མདོ་ཆེན་པོ་ཁག་ཏུ་“ཚོང་ལྷ་ཁང་”རེ་མཆིས། ལྷ་ཁང་ཁག་ཏུ་ཚོང་དཔོན་ནོར་བུ་བཟང་པོའི་ཡིན་པར་གྲགས་པའི་གསེར་སྒ་དང་། སྦ་ལྕག་དང་། ཐབ་ཀ་དང་། མདའ་གཞུ་སོགས་གསོལ་ཡོད་ཅེས། ཚོང་པ་རྣམས་གནས་དེ་དག་ཏུ་བསླེབས་པ་དང་། ཐོག་མར། ཆང་སོགས་འབུལ་བ་སྣ་ཚོགས་འཁྱེར་ནས་ཚོང་ལྷ་ལ་མཆོད་སྲོལ་ཡོད། ཡིན་ནའང་། ཆེས་གདོད་མའི་གངས་ཅན་པའི་“ཚོང་ལྷ་”ནི་ཚོང་པ་རྣམས་ཀྱིས་ཁ་ནས་རྟག་ཏུ་འབོད་པའི་“ཁེ་”ཟེར་བ་དེ་ཡིན་དགོས། ཤོད་སྲོལ་དུ་“ཚོང་ཁེ་པས་སྐྱོབས་”ཟེར་ལུགས་སུ་བརྟག་ན། “ཁེ་”ཞེས་པ་ནི་ཚོང་པ་དང་ཚོང་ལས་ལ་ཕན་དང་འབྲས་བུ་སྟེར་བའི་“ལྷ་”ཞིག་ཡིན་དགོས་སྙམ། དེར་བརྟེན། “ཁེ་”ཞེས་པ་ནི་ཚོང་ལྷ། བཙན་པོའི་སྐབས་ཀྱི་“ཁེ་བརྒྱད་”ཟེར་བ་དེའང་ཕྱོགས་སུ་གནས་པའི་“ཚོང་ལྷ་བརྒྱད་”ཅེས་པར་གོ་ཆོག་སྟེ། འདི་ལྷ་ཡི་གནས་སུ་བགྱིས་ན་་“གནོད་སྦྱིན་རྟ་བདག་བརྒྱད་”ལྟ་བུ། མི་ཡི་གནས་སུ་བགྱིས་ན། ཤར་ཕྱོགས་དར་ཟབ་ཀྱི་སྒོ་དང་། ལྷོ་ཕྱོགས་འབྲས་དང་ཁྲེའི་སྒོ། ནུབ་ཕྱོགས་རས་དང་རྒྱ་སྐག བྱང་ཕྱོགས་ཚྭ་དང་མཛོ་ཡི་སྒོ་ཞེས། འདི་རེ་རེར་ཡན་ལག་ཆུང་བ་རེ་ཁྱོན་གྱི་སྒོ་ལྷ་(ནོར་ལྷ་) བརྒྱད་དོ།།

འདི་ཡང་གངས་ཅན་ཡུལ་གྱི་ཚོང་གི་རྒྱལ་པོ་དང་ལོངས་སྤྱོད་ཀྱི་བདག་པོ་ཆེན་པོ་ནི་མྱང་ཡུལ་དུ་བཞུགས་པའི་གནོད་སྦྱིན་རྣམས་ཀྱི་རྒྱལ་པོ་གང་བ་བཟང་པོ་སྟེ། རྒྱལ་པོ་འདིའི་མཐུ་སྟོབས་ལས་སྲས་སུ་གནོད་སྦྱིན་ནོར་བུ་བཟང་པོ་འཁྲུངས་ཤིང་། རིན་ཆེན་གཏེར་གྱི་སྒོ་མོ་ཆེ་གངས་ཅན་ཡུལ་དུ་བཙུགས་པ། སྤྲུལ་པའི་སྐུ་སྣ་ཚོགས་ཀྱི་མཛད་པས་འགྲོ་བའི་དབུལ་ཕོངས་སེལ་བ། གནས་དང་གནས་སུ་བྱིན་རླབས་ཕོག་ཅིང་། ཕྱྭ་དང་གཡང་ཆགས་པར་བྱས་སོ།། 《མྱང་ཆོས་འབྱུང་》ལས། “གང་བ་བཟང་པོས་ཀྱང་ཧ་འོའི་གངས་མདུན་སར་མཛད་པ་གཉིས་ཀྱིས་འདིར་བོད་ཁམས་ཐམས་ཅད་ལོངས་སྤྱོད་འབྱུང་བ་ལ་ཡིད་བཞིན་གྱི་ནོར་བུ་རྒྱལ་མཚན་གྱི་རྩེ་ལ་བཀོད་པ་དང་མཚུངས་པས་ཁྱད་པར་དུ་འཕགས་པ་ཡིན་ནོ།།”ཞེས། སྔོན་དུས་གནོད་སྦྱིན་ནོར་གྱི་བདག་པོ་རྣམས་གནས་དེར་བཞུགས་ཏེ་འགྲོ་དོན་བསྐྱངས་པས། ཕྱོགས་ཀྱི་རྒྱལ་ཁམས་ཐམས་ཅད་ལ་ཚོང་འབྲེལ་བཏགས་པས་འདོད་ཡོན་ལོངས་སྤྱོད་འཛད་མེད་དུ་བྱུང་བ། རྗེས་སོར་གནོད་སྦྱིན་གྱི་བདག་པོ་རྣམས་ལྷ་ལ་བཀུར་ཏེ། གངས་རིའི་གཟུགས་སུ་བསྒྱུར། ཡིན་ནའང་། གངས་རིའི་མདའ་ནས་མདའ་ལ་ཚོང་འདུས་ཆེན་པོ་དག་འདུས་ཤིང་། མི་རྣམས་ཐམས་ཅད་འཚོགས། ནོར་རྣམས་ཐམས་ཅད་བསྡུས་ཏེ་ཚོང་དུ་བྱེད་པའོ།།

བོད་ཁ་བ་གངས་ཅན་པའི་ཚོང་པ་ཚད་ལྡན་ཞིག་གི་ཚད་གཞི་དང་། ངེས་པར་དུ་འཛོམས་དགོས་པའི་ཡོན་ཏན་ནི། དུས་རབས་སོ་སོའི་ནང་དངོས་སུ་ཕེབས་མྱོང་ཡོད་པའི་ཚོང་དཔོན་ནོར་བུ་བཟང་པོའི་མི་ཚེའི་བརྒྱུད་རིམ་དང་། ཉམས་མྱོང་དང་། གྲུབ་འབྲས་སོགས་གཞི་བཞག་ཐོག་ནས་གཏན་ལ་འབེབས་ཡོད། དཔེར་ན། ༡ ཚོང་དཔོན་ནོར་བཟང་ལྟར་གྱི་ཚོང་གཙང་མ་བརྒྱབ་དགོས། གོ་ལག་ཆ་དང་། དུག་རྫས་དང་། གཞན་ལ་གནོད་པ་སྟེར་བའི་ཚོང་ངན་གྱི་རིགས་དག་སྤང་དགོས། ༢ ཚོང་དཔོན་ནོར་བཟང་ལྟར་གྱི་དྲང་བདེན་ཟོལ་མེད་བྱ་དགོས། ལས་རྒྱུ་འབྲས་མི་སྲུང་བ་དང་། རྒྱ་ལོག་བྲེ་ལོག་འཛུགས་པ། གན་རྒྱ་གཏོར་བ། ཁ་བདེན་ཚིག་ལ་མི་གནས་པ། མནའ་ཟ་བ་སོགས་སྤང་དགོས། ༣ ཚོང་དཔོན་ནོར་བཟང་ལྟར་གྱི་སེམས་ཤུགས་བསྐྱེད་དགོས། བློ་བརྟན་པར་དགོས། འགྱུར་སླ་བ་མ་ཡིན་པར་དགོས། གཅིན་གཏོང་དགུ་དྲན་ནམ་ཡང་བྱ་མི་རུང་། དེ་བཞིན་ཚོང་ལས་ལ་སེམས་ཆུང་བ་དང་། ཕམ་ཁ་རེ་གཉིས་ལ་ཡིད་ཆད་མི་རུང་བ། བོད་ཀྱི་གཏམ་དཔེ་རུ། “ཚོང་ཕམ་ན་རེས་གཅིག་རེས་གཉིས་རེད།། གཉེན་ཕམ་ན་ཚེ་གཅིག་ལུས་གཅིག་རེད།།”ཅེས། ཚོང་ཐེངས་དགུ་ལ་ཧ་ལོག་ནའང་ཐེངས་དགུ་ལ་ཡར་ལངས་ཐུབ་པའི་སེམས་སྟོབས་ཡོད་དགོས། ༤ ཚོང་དཔོན་ནོར་བཟང་ལྟར་གྱི་མི་ཞུམ་པའི་དཔའ་སྟོབས་དགོས། ལམ་གྱི་རྐུན་ཇག་དང༌། གཅན་གཟན་དང་། འཇིག་པ་ཀུན་ལ་མི་འཚེར་བ། དཀའ་ངལ་ཐམས་ཅད་དང་དུ་ལེན་ཐུབ་པ་དགོས། ༥ ཚོང་དཔོན་ནོར་བཟང་ལྟར་གྱི་རྣམ་དཔྱོད་རྩལ་ལྡན་དགོས། ལེགས་ཉེས་ཀྱི་དབྱེ་འབྱེད་ཤེས་པ། བཟང་ལ་བཟང་དང་ངན་ལ་ངན་ཡོད་པ། ཕྱོགས་ཀྱི་མི་རིགས་མི་འདྲ་བ་དང་སྐད་རིགས་མི་འདྲ་བའི་ཚོགས་ལ་ཚོང་འབྲེལ་བརྟན་པོ་འཛུགས་ཤེས་པ། ལུང་པ་སོ་སོའི་ལུགས་ཀྱི་ཁྱད་ཆོས་དང་ཚོང་རྫས་ལ་བརྟག་མཁས་པ། གཞན་གྱི་དྲན་པ་ལས་མྱུར་བའི་ཐབས་ཤེས་ཡོད་པ་དགོས། ༦ ཚོང་དཔོན་ནོར་བཟང་ལྟར་གྱི་མིག་རྒྱང་དགོས། ཚོང་ཟེར་བ་མདུན་གང་གི་ས་ལ་མི་ལྟ་བ། རྒྱང་རིང་པོའི་ཁེ་ཕན་དང་དོན་དག་ལ་བསམ་ཤེས་པ། ཁྱད་པར་དུ་ཕུགས་བསམ་ཞིབ་དགོས། ༧ ཚོང་པ་ནོར་བཟང་ལྟར་གྱི་བློ་རྒྱ་འབྱམས་པ་དགོས། གཏོང་ཕོད་ཀྱི་བསམ་བློ་དགོས། སྐྱེས་ཕོ་རབ་ཁོག་ན་རྟ་རྒྱུག་ས་ཡོད་ཅེས་གསུངས་པ་བཞིན་དུ། སྣ་ཐུང་དང་། ཁོག་ཆུང་དང༌། གུ་དོག་པོ་བྱ་མི་རུང་། སྐྱེས་ཕོ་རབ་ཁོག་ལ་རིམ་པ་བཅོ་བརྒྱད་ཡོད་ཟེར་བ་བཞིན་དུ། སེར་སྣ་དང་། བསེ་རག་དང་། བརྐམ་ཆགས་སོགས་མི་རུང་། ཡར་དཀོན་མཆོག་ལ་མཆོད་འབུལ། མར་དབུལ་ཕོངས་ལ་སྦྱིན་པ་ཅི་ནུས་བྱ་ཐུབ་དགོས། ༨ ཚོང་དཔོན་ནོར་བཟང་ལྟར་གྱི་ཚོང་ཟོག་ལ་གཟན་རྒྱག་དང་འབགས་གོད་ཆུང་དགོས། རྒྱུ་ནོར་ལོངས་སྤྱོད་དོན་མེད་ཀྱི་འཕྲོ་བརླག་དང་ཆུད་ཟོས་སུ་མི་གཏོང་བ། ཤོ་རྒྱན་དང་། རྩེད་དགའ་ཙམ་ལ་མགོ་མི་འཁོར་བ། ཁ་དཔེ་རུ། “མི་ལ་རྒྱུ་དགོས། རྒྱུ་ལ་དང་འདོད་དགོས།”ཟེར་བ་ལྟར། གང་ཞིག་ཚོང་ཟོག་ནི་དོན་སྙིང་དང་ལྡན་པ་འཕྲལ་ཡུན་དུ་དགེ་བའི་ལས་སུ་འཇུག་དགོས་སོ།། ༩ ཚོང་དཔོན་ནོར་བཟང་ལྟར་གྱི་སྙིང་རྗེ་དགོས། གོ་སླ་བར་བཤད་ན་ཚོང་དཔོན་བསམ་པ་བཟང་དགོས། འདི་ནི་ཚོང་པའི་ཡོན་ཏན་ལས་ཆེས་འགངས་ཆེ་བ་དེ་ཡིན། སྙིང་རྗེ་ཡི་སྟོབས་ཀྱིས་ཚོང་པའི་དགེ་ལས་སྦྱིན་པ་བྱེད་པ་ལ་ཞུམ་པར་མི་འགྱུར། བང་མཛོད་ཡོངས་སུ་གང་བ། འབྱོར་བ་ཕུན་སུམ་ཚོགས་པ་ནམ་ཡང་མི་ཉམས་པར། “སྦྱིན་པ་བྱེད་པས་སྦྱིན་པའི་འབྱོར་བ་རྒྱུན་མི་འཆད་”ཅེས་གསུངས་པ་བཞིན་དུ་འོང་། གཞན་ཡང་། སྙིང་རྗེའི་མཐུས་ཚོང་ལས་ལ་བར་ཆད་མི་འབྱུང་། ཁྱད་པར་དུ། ནོར་དང་ལྡན་པ་དེ་ཆགས་པའི་གཞི་དང་ངན་འགྲོའི་གྲོགས་སུ་མི་འགྱུར་བ། བདག་གཞན་གཉིས་ལ་ཕན་པ་དང་དོན་དང་ལྡན་པར་འགྱུར་ཏོ། དེས་ན་ཚོང་པ་ལ་སྙིང་རྗེ་དགོས། ཚོང་པ་བསམ་པ་བཟང་དགོས། “བསམ་པ་བཟང་ན་ས་དང་ལམ་ཡང་བཟང་”ཞེས་པ་ལྟར་དུ། ཚོང་ས་དང་ཚོང་ལམ་བཟང་ངོ་།།

གངས་ཅན་པའི་ཚོང་དང་ཚོང་ལས་དང་པོ་དར་སའི་ས་ཆ་དེ་གང་ཡིན་གསལ་པོ་མ་ངེས་ཀྱང་། རི་བོ་ཏེ་སེའི་ནུབ་ཕྱོགས་སུ་ཡོད་པའི་“ཚོང་ས་”ཞེས་“ཚོང་པའི་ས་”ཡིན་པ་བཤད་པའི་ཡུལ་དེ་ནི་ཚོང་ལས་དར་སའི་ས་ཆ་འགངས་ཆེ་ཞིག་རེད་འདོད། དེ་བལྟོས་ཀྱི་“ཚོང་ར་”གྲངས་མེད་པ་བོད་ཀྱི་ཡུལ་ལུང་ཀུན་ཏུ་ཁྱབ་པས། བོད་བཙན་པོའི་སྐབས་ཀྱི་“རྒྱའྀ་ཕོ་ཉ་ཡང་འདོ་ཤྀ་ལས་སྩོགས་པ། ཕྱག་འཚལད། མདོ་སྨད་གྱྀ། དབྱར་འདུན། དབུ་ལེའི་ལྷ་རྀ་མོར་འདུས། ...མདོ་སྨད་ཀྱི་དགུན་འདུན། གཙེར་བློན་ཁྲྀ་སྒྲ་སྟག་ཚབ་གྱིས། བསྡུས། ”ཡང་ན། “l·|བློན་ཆེན་པོས།། འདུན་ཙ་ལོང་ཅུ་ནས། ཕགྀ་ལོ་དཕྱྀད་བཀྱེའྀ་ཕྱག་རྒྱ” ཞེས་པའི་“དབྱར་འདུན་”དང་“འདུན་ས་”ཞེས་པ་ནི་ཚོང་འདུས་ཀྱི་འདུ་ཚོགས་ཏེ། དེ་ལ་“ཁྲོམ་ཆེན་པོ་”ཞེས་ཀྱང་ཟེར། ཁྲོམ་མང་ཆེ་བ་བཙན་པོའི་སྐབས་ཀྱི་བློན་ཆེན་པོ་དག་གིས་བསྡུས་ཤིང་། མི་རིགས་མི་འདྲ་བ་མང་པོ་མཉམ་དུ་འཛོམས་ནས་ཚོང་རྒྱག་པར་གཞུང་ནས་སྐུ་ཚབ་མངགས་ཏེ་ཁྲལ་བསྡུ་བ་དང་། དེ་ལ་“ཚོང་འདུས་རྣམས་ཀྱི་ཁྲོམ་ཁྲལ་”ཟེར། གཞན་ཁྲོམ་རའི་ནང་ཆབ་སྲིད་ཀྱི་བྱ་བའང་ཡོད་མོད། ཡིན་ནའང་། གཙོ་བོར་ཚོང་གི་ལས་སྦྱོར་བའི་“ཚོང་ཁྲོམ་”ཡིན། ཚོང་ཁྲོམ་དུ་ཐག་བཅད་པའི་སུག་རྒྱས་ལ་“ཁྲོམ་ཆེན་པོ་ནས་རྟགསུ་བཀྱེ∶”ཞེས་པ་བཀོད་ཡོད་དོ།། དེ་དུས་ནས་ཚོང་དང་། ཚོང་ ལས་དང་། ཚོང་ཁྲོམ་གྱི་བྱ་བ་ནི་རྒྱལ་སྲིད་ཀྱི་ཡན་ལག་དང་ཇུས་ཆེན་འགོད་པའི་ཐབས་ཤེས་འགངས་ཆེན་ཞིག་ཏུ་གྱུར་ཡོད་དོ།།

ཚོང་ལ་“ཚོང་གི་སྒོ་མོ་ཆེ་”ཞེས་པའམ་“ཚོང་གི་སྒོ་”ཞེས་པ་ཡོད། ཚོང་སྒོ་ལ་སྒེར་དང་གཞུང་གཉིས་ཡོད། སྒེར་གྱི་ཚོང་སྒོ་ནི་ཚོང་རྒྱག་འདོད་པའི་སྒོ་དང་། རྒྱག་ཤེས་པའི་སྒོ་དེ་གཉིས་ཡིན། སྒོ་འདི་གཉིས་ལ་བརྟེན་ནས་ཚོང་པས་ཚོང་གི་སྒོ་ཚུགས་པ། དཔེར་ན། 《རྗེ་བཙུན་མིད་ལ་རས་པའི་རྣམ་ཐར་》ལས། “མི་ལ་རྡོ་རྗེ་སེང་གེས་ཚོང་གི་སྒོ་ནས་ནོར་སྤེལ་བས་སྔར་བས་ཀྱང་ཕྱུག་པར་གྱུར་ཏེ།”ཞེས་པ། སྤྱིའི་ངོས་ནས་བཤད་ན་ཚོང་གི་སྒོ་ལ་“ནང་སྒོ་”དང་“ཕྱི་སྒོ་”གཉིས་ཡོད། ནང་སྒོ་ནི་རྒྱལ་ཁབ་དང་ཡུལ་རང་ཁུལ་དུ་བཙུགས་པའི་ཚོང་སྒོ་ལ་ཟེར། སྒོ་འདི་ཁྲལ་དང་ཁྲིམས་ཀྱིས་སྐྱོང་། ཕྱི་སྒོ་ནི་ཕྱི་འབྲེལ་གྱི་ཚོང་སྒོ་སྟེ། སྒོ་དེ་ནི་ཐབས་ཀྱིས་སྐྱོང་། སྒོ་དེ་ཕྱེ་བ་ལ་སྐབས་རེར་དམག་འཁྲུག་དང་། སྐབས་རེར་ཆོས་ལུགས་དང་། སྐབས་རེར་གཉེན་འབྲེལ་གྱིས་སོ།། དེས་ན། ལོ་རྒྱུས་ཐོག་གི་དམག་འཁྲུག་དང་། ཆོས་ལུགས་སྤེལ་རེས་དང་། གཉེན་འབྲེལ་བྱས་པའི་རྒྱབ་ཀྱི་གནད་དོན་མང་ཆེ་བ་ཞིག་“ཚོང་སྒོ་”འཛུགས་པ་དང་ཕྱེ་བའི་དོན་ཁོ་ནའོ།། རྒྱལ་ཁབ་ཅིག་གི་ངོས་ནས་བཤད་ན། “ས་མཚམས་ཕྱེ། རྐུན་ཇག་བསྡོམས། ཚོང་ལམ་བཏོད།”ཅེས་གསུངས་པ་དེ་བཞིན་དུ། གཙོ་བོར་“ཚོང་ལམ་”བདེ་དགོས་པ་དེ་ཡིན། གལ་སྲིད། དེ་ལྟ་མ་ཡིན་ན་《མཁས་གྲུབ་འཇམ་དབྱངས་གྲགས་པའི་རྣམ་ཐར་》ལས། “དེ་ནས་སྒོ་ལྡོང་གི་འཁྲུག་རྩོད་ཆེན་པོ་བྱེད་པའི་སྐབས་སུ། ཡར་མར་གྱི་ཚོང་པའི་རྒྱུན་ཆད་ནས་མདོའི་(དར་རྩེ་མདོ་) ཚོང་འདུས་སྐམ་ཞིང་། མི་སྡེ་རྣམས་དབུལ་ཕོང་གི་གདུང་བ་་་་”ཞེས་གསུངས་པ་ལྟ་བུ། ཚོང་ལམ་ཆད་ན་ཡུལ་ལུང་ཐམས་ཅད་དབུལ་ཕོངས་དང་ཉམ་ཐག་གི་གནས་སུ་བརྫང་བ་དེའོ།།

བོད་སྐད་དུ་“ཁྲོམ་”ཞེ་ན། ༡ “ཚོང་”ལ་གོ་དགོས། ཁྲོམ་དང་ཚོང་གཉིས་སྒྲ་ཡི་འདོན་སྟངས་ཀྱང་ཕལ་ཆེར་གཅིག ༢ “ཁྲོམ་”ནི་མི་མང་པོ་མཉམ་གཅིག་ཏུ་འདུས་ནས་ཉོ་ཚོང་བྱེད་སའི་ཚོང་ར་སྟེ། དེ་ལ་“ཁྲོམ་ར་”དང་། “ཁྲོམ་ཚོགས་”ཞེས། ཚོང་ར་བསྟན་པ་ལ་“ཚོང་ཁྲོམ་བཀོད་”དང་། “ཚོང་ཁྲོམ་བསྟན་”ཟེར། ཁྲོམ་ཚོགས་ཆེ་ན་“ཁྲོམ་ར་རྒྱས་འདུག་”ཟེར། བླ་ཆེན་དང་དཔོན་ཆེན་གྱི་ཁྲོམ་བསྐོར་ལ་“ཁྲོམ་གཟིགས་”ཞེས། ཁྲོམ་ཚོགས་སུ་གཏམ་དང་སྙན་གྲགས་འབར་བ་ལ་“ཁྲོམ་ཐོག་”ཅེས་སོ།། ཁྲོམ་ར་ལ་ཆེ་ཆུང་ གཉིས་ཡོད། ཁྲོམ་ཆེན་པོ་དང་། ཁྲོམ་ཆུང་ངུ་གཉིས། སྔོན་གྱི་དུས་སུ་ཚོང་འདུས་དང་ཁྲོམ་ཚོགས་ཞེ་ན། དུས་སྟོན་ཆེན་མོ་ཞིག་དང་འདྲ་བ། ཕྱོགས་ཀྱི་ཚོང་ཟོག་སྣ་ཚོགས་དང་། མི་རིགས་སྣ་ཚོགས་མཉམ་དུ་འཛོམས་པ། མིག་ལ་ལྟད་མོ་གང་དགོས་ལྟ་རྒྱུ་ཡོད། རྣ་ལ་གཏམ་འདྲ་མིན་ཉན་རྒྱུ་ཡོད། ཁ་ལ་ཟས་ཅི་རིགས་ཟ་རྒྱུ་ཡོད། གཞན་ཡང་། ན་གཞོན་ཕོ་མོ་རྣམས་ཀྱང་ཁྲོམ་ཚོགས་སུ་འཛོམས་ནས་དགའ་རོགས་སྒྲིག་སྟེ། མི་ཚེ་མཉམ་རོལ་གྱི་དམ་ཚིག་བཀོད་པ་བཅས་སོ།། དེ་མིན། སྔོན་ཚོང་འདུས་ཆེན་པོའི་ཚོགས་པའི་སྐབས་སུ་བླ་མ་མང་པོ་ཞིག་ནས་ཀྱང་ཚོང་འདུས་ཀྱི་ར་བའི་ནང་མ་ནི་འདོན་པ་དང་མར་མེ་སྤར་བའི་ཆོས་ཀྱི་དགེ་རྒྱུན་བཙུགས་པ་སོགས་ཡོད་ཅིང་། དཔེར་ན། མི་ཉག་འཇམ་དབྱངས་གྲགས་པས་༼འག་ཏག་ཚོང་འདུས་ཆེན་མོར་༽སྨོན་ལམ་བཏབ་པ་དེ་ལྟ་བུའོ།།

སྔོན་དུས་བོད་ཀྱི་སྐྱེས་བུ་དམ་པ་མང་ཆེ་བས་ཚོང་འདུས་ཆེན་པོ་སོགས་ལ་སྨོན་ལམ་དང་བྱིན་རླབས་མཛད་སྲོལ་ཡོད་ཅིང་། ཇི་ཙམ་ཚོང་ར་རྒྱས་ན་དེ་ཙམ་གྱིས་ཡུལ་ལུང་ལ་ཡར་རྒྱས་འབྱོར་ཕྱུག་དང་། རྒྱུ་ནོར་ལོངས་སྤྱོད་འབེལ་པོ། མི་རྣམས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པར། དེ་བལྟོས་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཀྱང་ཆེན་པོ་ཆགས། དེ་བཞིན། མཁས་གྲུབ་འཇམ་དབྱངས་གྲགས་པས་“ལི་ཐང་ཚོང་འདུས་”ལ་སྨོན་ལམ་བཏབ་པས། ཡུལ་དེའི་ཚོང་དང་ཚོང་ལས་ཕྱོགས་ལས་རྣམ་པར་རྒྱལ་བ་དང་། མི་རབས་ནས་མི་རབས་སུ་མི་ཉམས་གོང་འཕེལ་དང་དར་རྒྱས་བྱུང་ཡོད། སྐད་གྲགས་ཅན་གྱི་ཚོང་དཔོན་ཆེན་པོ་མང་པོ་ནར་མར་བྱོན་ཡོད། དེར་བརྟེན། ཁམས་ལི་ཐང་གསེར་མོ་ལྗོངས་ལ་“ལི་ཐང་ནོར་བུའི་ས་ཆ་”ཞེས་ཀྱང་གྲགས་སོ།།

ཇོ་བོ་རྗེ་ཨ་ཏི་ཤ་ནས་མཛད་པའི་སྒྲུབ་ཐབས་སྣ་ཚོགས་སུ་《ཚོང་ལས་རྣམ་པར་རྒྱལ་བ་སྒྲུབ་པའི་ཐབས་》ཞེས་པ་ཡོད་དེ། “དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།། སྲེད་པའི་འདོད་པ་བསྲུང་བར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་གནས་ཁང་ཡིད་དང་མཐུན་པར་བུམ་པ་ལ་སོགས་པ་རྫས་ཀྱི་རིམ་པ་སོགས་ལ། ཧཱུཾ་ལས་བྱུང་བའི་འདོད་པའི་རྒྱལ་པོ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ་རིན་པོ་ཆེ་དང་ལྕགས་ཀྱུ་འཛིན་པའི་ང་རྒྱལ་དུ་ལངས་ཏེ། སྔགས་འདི་ལ་ལན་བརྒྱ་རྩ་བརྒྱད་ཡིད་ཀྱིས་བརྗོད་ནས་ལྕགས་ཀྱུ་འཛིན་པའི་ལྟ་སྟངས་ཀྱིས་བལྟས་ན་ཚོང་ལས་རྒྱལ་བའི་དོན་ངེས་པར་འགྲུབ་སྟེ་སྔགས་ནི། ཨོཾ་ཧ་ར་ཧ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཞེས་པས་ཁ་ཤར་ཕྱོགས་སུ་བལྟས་ཏེ་བརྗོད་ན་ཚོང་གང་བྱས་པ་ལས་རྒྱལ་བར་ངེས་སོ།། ཚོང་ལས་རྣམ་པར་རྒྱལ་བ་སྒྲུབ་ཐབས་རྫོགས་སོ།། །།”ཞེས་སོ།།

ཚོང་རའི་“ཚོང་འཁོས་”ཀྱི་རྣམ་གྲངས་ནི། ཅ་ལག་ཚོང་བསྒྱུར། དངུལ་གྱིས་ཟོག་ཚུར་ཉོ་ཕར་འཚོང་།(གནའ་དུས་འགྲོན་བུ་དངུལ་གྱི་ཚབ་ཏུ་བེད་གཅོད་པ།) ཟོག་ལ་ཟོག་བརྗེ་བ།(མཐུན་གཉིས།) དུས་བཞག་པ། (ཚོང་དངུལ་ཕྱིས་སུ་སྤྲད་རྒྱུ་ལ། ཟླ་གཅིག་ཁ་ཆད། ཟླ་གསུམ་ཁ་ཆད། ལོ་ཕྱེད་ཁ་ཆད། ལོ་གཅིག་ཁ་ཆད་བཅས་སོ།།) ཚོང་ལ་བར་འདུག་འཇོག་པ་བཅས་ཀྱི་ཚོང་འཁོས་འཐབ་ལེན་ཡོད་དོ།།

སྔུན་གྱི་དུས་སུ། གླུ་ཚིག་ཏུ་“ལྷ་སའི་བར་བསྐོར་ནང་ལ། གཡུ་དང་བྱི་རུའི་ཚོང་ཁྲོམ།”ཞེས། ལྷ་སའི་བར་བསྐོར་ཟེར་བ་དེའང་དོན་དུ་“ལྷ་སའི་ཁྲོམ་གཞུང་”དང་“ལྷ་སའི་གཞུང་”ཞེས་པ་ལ་གོ་ཆོག་ཅིང༌། “བར་སྐོར་”ཞེས་པའང་ཇོ་ཁང་ལ་བསྐོར་ར་བྱེད་པ་དང་སྦྲགས་ཚོང་ཁྲོམ་ལ་ལྟད་མོ་ལྟ་བ་དེ་ཡིན། སྔོན་བཙན་པོའི་སྐབས་སུ་《དབའ་བཞེད་》ལས་བཤད་པའི་“ར་སའི་ཚོང་འདུས་”ཞེས་པ་དེའོ།། དེ་དུས་ཆེད་དུ་“ཚོང་གི་ལོ་ཙཱ་བ་”ཡང་ཡོད་ཅེས། 《བླང་དོར་གསལ་བར་སྟོན་པའི་དྲང་ཐིག་དྭངས་ཤེལ་མེ་ལོང་ཉེར་གཅིག་པ་》ལས། “ལྷ་ས་འདིར་རྒྱ་དཀར་ནག་སེར་གསུམ། ཁ་ཆེ། ནེ་པཱ་ལ། སྟོད་ཧོར་གྱི་རིགས་ཇི་སྙེད། མོན་དང་ཀླ་ཀློ་སོགས་སྐད་དང་ཞྭ་སྟབས་མི་གཅིག་སྣ་ཚོགས་ཤིག་ཚོང་འདུས་འདི་ཉིད་དུ་འཚོག་པར་་་”ཞེས་སོ།། ཚོང་རའི་ནང་དུ་ཚོང་པ་རྣམས་ལངས་ཚོང་ཡོད། འདུག་ཚོང་ཡོད། འགྲོ་ཚོང་ཡང་ཡོད། ཚོང་ཟོག་སྐེ་ལ་ཡོད། རུམ་དུ་ཡོད། ཁུག་མ་དང་སྒམ་ནང་ཡོད། ཚོང་ཟོག་ལ་རིན་པོ་ཆེ་ཡོད། སྨན་རྩི་ཡོད། ཇ་ཡོད་། དཀར་ཡོལ་ཡོད། མཚོན་ཆ་ཡོད། ཟས་གོས་ཡོད། སྤྱོད་ཆས་ཡོད། སེམསཅན་ཡོད། ཅི་དགོས་དགོས་ཡོད། ཚོང་བཤད་ལ་འཇམ་པོ་ཡོད། རྩུབ་པོ་ཡོད། རིང་པོ་ཡོད། ཐུང་ངུ་ཡོད། བདེན་པ་ཡོད། རྫུན་མའང་ཡོད། ཚོང་ལ་ཆེན་པོ་ཡོད། ཆུང་ངུ་ཡོད། གསེར་དངུལ་ཡོད། ཁབ་སྐུད་ཡོད། མཁོ་ཆེ་བ་ཡོད། མཁོ་ཆུང་བའང་ཡོད། དོན་ལོ་བ་ཡོད། དོན་མི་ལོ་བའང་ཡོད་དོ།།

སྤྱིར་ཚོང་པ་ལ་རིགས་ཀྱི་མཐོ་དམན་མེད་ན་ཡང་། ནང་གསེས་དོན་གྱི་ཆ་ནས་རབ་འབྲིང་ཐ་གསུམ་ཡོད། ༡ གཟི་བྱི་རུ་ཡི་ཚོང་པ་དང་། གསེར་ཚོང་པ་དང་། ཤ་སྐམ་མའི་ཚོང་པ་དང་། གཡུ་ཚོང་པ་དང་། རྟ་ཚོང་པ་དང་། ཇ་ཚོང་པ་སོགས་ནི་རབ། ༢ འབྲུ་རིགས་ཚོང་པ་དང༌། ཚྭ་ཚོང་པ་དང༌། རས་གོས་ཚོང་པ་དང་། ལྷམ་ཚོང་པ་སོགས་ནི་འབྲིང་། ༣ སྣོད་ཆས་ཚོང་པ་དང་། རྫ་ཆས་ཚོང་པ་དང་། ཆང་ཚོང་པ་དང་། ཤ་མར་ཚོང་པ་དང་། སྤོས་ཚོང་པ་དང་། ལྕི་ཤིང་ཚོང་པ་དང་། ཁབ་སྐུད་ཚོང་པ་དང་། ཤིང་འབྲས་ཚོང་པ་དང་། ར་ལུག་ཚོང་པ་སོགས་ནི་ཐ་མ་དེའོ།།

རྒྱ་གར་འཕགས་པའི་ཡུལ་དུ་ཚོང་པ་དང་རྒྱ་མཆོ་ཆེན་པོ་གཉིས་གཞི་གཅིག་ཏུ་སྦྲེལ་ནས་ཡོད་ཅིང་། 《མཛངས་བླུན་ཞེས་བྱ་བའི་མདོ་》ཡི་༼སྲིན་བུའི་རྒྱུ་བསྟན་པའི་ལེའུ་༽ལས། “ཚོང་པ་ལྔ་བརྒྱ་ཙམ་ཞིག་རྒྱ་མཚོར་རིན་པོ་ཆེ་ལེན་དུ་དོང་བ་ལས་ལམ་དུ་ཞུགས་ཏེ། ་་་ཚོང་པ་དེ་དག་རྒྱ་མཚོ་ནས་རིན་པོ་ཆེ་མང་དུ་རྙེད་དེ་བདེ་བར་འཁོར་ནས་རིན་པོ་ཆེའི་དམ་པ་རིན་ཆེ་བ་ཞིག་དགེ་འདུན་རྣམས་ལ་བསོད་སྙོམས་ཀྱི་ཟོང་དུ་ཕུལ་ལོ།།”ཞེས་གསུངས་པ་ལྟར། “རྒྱ་མཚོ་གཏིང་ཟབ་སྟེ་ནམ་མཁའ་བས་རྒྱ་ཆེའོ།།”ཞེས་དང་། ༼རབ་ཏུ་བྱུང་བའི་ཡོན་ཏན་བསྔགས་པའི་ལེའུ་༽ལས། “དེའི་ཚེ་ན་ཚོང་པ་ལྔ་བརྒྱ་ཙམ་ཞིག་རྒྱ་མཚོར་ཞུགས་ཏེ་རིན་པོ་ཆེ་ལེན་དུ་སོང་བ་ལས། ཆུ་སྲིན་ཁ་གདངས་དང་ཕྲད་ནས་གྲུ་ཡང་ཤིན་ཏུ་མགྱོགས་པར་ཆུ་སྲིན་གྱི་འདོད་པར་སོང་ངོ།། ཚོང་བ་རྣམས་སྐད་ཆེན་པོ་ཕྱུང་སྟེ་ངུས་ནས་་་་་་”ཞེས། འདི་དག་གི་དོན་སྙིང་ནི། ཚོང་པ་ཚོང་ལ་འཇུག་པའི་“འདུ་ར་”ནི་རྒྱ་མཚོ་ཆེན་པོ་ཞིག་དང་འདྲ་སྟེ། རྒྱ་མཚོ་དེ་གཏིང་ཟབ་ལ་རྦ་རླབས་དྲག་ཏུ་འཁྲུག་ཅིང་མཐའ་ཡང་མི་མངོན་ཞིང་། ད་རུང་འཇིགས་སུ་རུང་བའི་ཆུ་སྲིན་དང་སྲིན་མོས་ཁ་གདངས་ནས་སྒུག་བཞིན་ཡོད་པ། ཡིན་ནའང་། ཡིད་དབང་འཕྲོག་པའི་ནོར་བུ་རིན་པོ་ཆེ་སྣ་ཚོགས་དེའང་རྦ་ཀློང་ཆེན་པོའི་དཀྱིལ་དུ་ཡོད་པས། ཚོང་ཀྱི་ལས་ནི་རྒྱ་མཚོ་ཆེན་པོ་བཞིན། རྒྱ་ཆེ་ལ་གཏིང་ཟབ། དེའི་ནང་དུ་“ཁེ་”ལེན་པ་ནི་ཆུ་སྲིན་གྱི་ཁ་ནས་ནོར་བུ་ལེན་དང་འདྲ། སྐད་ཅིག་ཙམ་ཞིག་འཕྱུག་ཤོར་ན་གདོན་མི་ཟ་བར་འཆི་བར་འགྱུར། དེའི་ཕྱིར། ཚོང་གི་རྒྱ་མཚོ་འདུལ་བར་སྙིང་སྟོབས་དང་སྤོབས་པ་དགོས། ཐབས་དང་ཤེས་རབ་དགོས། ཁྱད་པར་དུ། མཆོག་གསུམ་ལ་ཡིད་ཆེས་པའི་དད་པ་དགོས། འདི་ཡང་“་་་ཐམས་ཅད་ཀྱིས་དུས་གཅིག་ཏུ་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་པ་དང་། ཆུ་སྲིན་གྱིས་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བརྗོད་པའི་སྒྲ་ཐོས་མ་ཐག་ཏུ་ཁ་བཙུམས་ཏེ་ཆུ་འབབ་པ་ཡང་ཆད་པར་གྱུར་ནས་ཚོང་པ་དེ་དག་འཆི་བ་ལས་སོས་པར་གྱུར་ཏོ།།”ཞེས། འདིས་དད་པའི་སྟོབས་ཆེན་པོ་མངོན་པས། ཚོང་པའི་ལམ་འགྲོ་རྒྱུག་པ་མང་ཆེ་བ་ཞིག་ཀྱང་“དད་པའི་”མཐུ་ལས་བྱུང་ངོ།།

ཚོང་ལ་བཟང་ངན་གྱི་དབྱེ་བ་ཡོད་ཅིང་། ཚོང་ཡག་པོས་སེམས་ཅན་ཡོངས་ལ་ཕན། ཚོང་ངན་གྱིས་སེམས་ཅན་ཀུན་ལ་གནོད། དེ་ལས་“ནག་ཚོང་”དང་“ཚོང་ངན་”ཞེ་ན། དུག་གི་ཚོང་དང་། མཚོན་ཆའི་ཚོང་དང་། རྐུན་ཚོང་། ཇག་ཚོང་ལྟ་བུ། དེ་ནི་ཚོང་ངན་ཚོང་གི་ཐ་མའོ།། དེ་ལས་ཀྱང་ཆེས་ཐ་མའི་ཚོང་ཞིག་ཡོད་པ་ནི་ཏ་སི་བྱང་ཆུབ་རྒྱལ་མཚན་གྱིས་གསུངས་པ་ལྟར། “གོ་ཁྲབ་སྤྱད་པ་ཁྱད་འཕགས་ཀུན།། དགྲ་ཕྱོགས་པ་ལ་འཚོང་བར་འདུག།”འདི་ནི་ཤིན་ཏུ་མི་རུང་བའི་ཚོང་ངན་གྱི་ཆེས་ཐ་མ་དེའོ།། དེ་མིན། 《པདྨ་བཀའ་ཐང་》གཏེར་སྟོན་བརྟག་པའི་ལེའུ་ལས། “དམ་ཚིག་ཉམས་པའི་རྫུན་གཏེར་ཟོང་མ་ལ༔ ཉོ་བཙོང་བྱེད་པ་བསྟན་པའི་ལག་དམར་ཏེ༔”ཞེས་དང་། “ང་ཡི་བསྟན་པ་སྙིགས་མར་གྱུར་པ་ན༔ ཆོས་རྣམས་ཚོང་དུས་་་་་་”ཞེས། ཆོས་དང་། ཆོས་ཚིག་དང་། ཆོས་རྫས་སོགས་ཀྱི་ཚོང་ནི་དམ་ཚིག་ཉམས་པའི་རྟགས་སུ་མཐོང་ངོ།།

ཚོང་པ་ལ་“ཚོང་ལྷ་”ཡོད་ཅིང་། ཚོང་རྒྱག་པའི་དུས་ནས་ནོར་ལྷ་དང་། ཚོང་དཔོན་ནོར་བུ་བཟངས་པོར་མཆོད་པ་འབུལ་བ། ཚོང་པ་ཚོང་ལ་འགྲོ་ན་ཚོང་གི་སྐར་མ་གཡང་སྐར་དང་འཕྲོད་མེ་གཉིས་ལྟ་བུ་ཐུག་དགོས། དེ་བལྟོས་ཚོང་པ་ཚོང་སྒོར་འབུད་དུས་ཚོང་ཁ་དར། ཚོང་ཁ་དར་ཞེས་སྐད་འབོད་རྒྱག་པ། དེ་ཡང་། ལྷ་བྱའི་སྐད་དང་། ཆུ་ཟངས་གང་བ་སོགས་ཀྱི་རྟེན་འབྲེལ་འགྲིག་དགོས། དེ་མིན་བསངས་དང་རླུང་རྟ་དགོས། གོས་རྒྱན་ལེགས་མ་མནབ་དགོས། རྟ་ངོ་མཚར་ཅན་གྱིས་སྣེ་ཁྲིད་དགོས། དྲེལ་གྱི་དང་པོའི་སྐེ་ལ་དྲིལ་བུ་ཆེན་པོ་བཏགས་དགོས། དེ་ནི་ལམ་དུ་ཕན་ཚུན་བརྡ་གཏོང་བ་མ་ཚད། ཚོང་དཔོན་ཚོང་ལམ་དར་ཞིང་སྐད་གྲགས་ཕྱོགས་སུ་འགྲོ་བའི་རྟེན་འབྲེལ། དྲེལ་གྱི་ཐོད་པར་མེ་ལོང་བཏགས་པ་ནི་ཕྱོགས་གཞན་གྱིས་རྒྱང་ནས་མཐོང་བའི་ཆེད་དང་། མཉམ་དུ་ཕྱོགས་ཀྱི་ས་བདག་གི་དགྲ་རྣམས་སེལ་ཞིང་། ཚོང་དཔོན་གྱི་ཚོང་ཁ་གསལ་བའི་རྟེན་འབྲེལ། ཚོང་བྱེད་པའི་ལམ་དུ་ལབ་རྩེ་དང་ཐུག་ན་ཀི་ཀི་བསྭོ་བསྭོ་ཞེས་ལྷ་གསོལ་དགོས། ཆུ་འགོ་དང་ཐུག་ན་འོ་མ་བླུག་སྟེ་ཀླུ་མཆོད་དགོས། ལུང་པ་མི་འདྲ་བར་བསླེབས་དུས་ཚོང་མི་འདྲ་བའི་དབང་གིས་“སྟག་ཁྲིམས་”ཟེར་བ་ལྟར་གྱི་ཁྲིམས་དང་། “སྟག་སྐད་”ཟེར་བ་ལྟར་ལོག་སྐད་ཀྱང་རྒྱག་དགོས། (ལྷོ་ཚོང་དང་བྱང་ཚྭ་ལེན་སྐབས་སྟག་སྐད་དང་སྟག་ཁྲིམས་ཞེས་པ་ཡོད།) ལམ་དུ་ཚོང་པས་ཚོང་དཔོན་ལ་བཀུར་ནས་ཚོང་དཔོན་གྱི་རྟ་དྲེལ་སྔོན་དུ་མངག་དགོས། ཚོང་དཔོན་གྱི་ཚོང་དཔོན་ཆེན་པོ་ལ་བཀུར་ནས་ཚོང་དཔོན་ཆེན་པོའི་རྟ་དྲེལ་སྔོན་དུ་མངག་དགོས། (སྔོན་དུས་དྲེལ་པ་རྒྱུ་བའི་འཕྲང་ལམ་མང་ཤོས་དོག་པོ་དང་གཟར་པོ་ཡོད་པས། ཚོང་དཔོན་ཆེ་ཆུང་དབང་གིས་དྲེལ་པ་སྔོན་རྗེས་གཏོང་བ་ལས། གཞན་ཚོང་དཔོན་འདྲ་འདྲ་དང་ཐུག་ན་ཁལ་མ་གཅིག་གཅིག་བཀག་རེས་ཀྱིས་འཛིང་མོ་རྒྱག་པའང་ཡོད།) ཚོང་རྒྱག་ན་དལ་དགོས་ཞེས། གཏམ་ལ་གཏམ་དང་། ལབ་ལ་ལབ་མཐུད་ཅིང་། ཀུ་རེའི་ཚིག་དང་སྦྲགས་ཏེ་གོང་གཏམ་པ། དོན་མེད་ཀྱི་མནའ་མི་སྐྱེལ། དགོས་མེད་ཀྱི་རྫུན་མི་སྨྲ། མི་མང་སར་དང་གོང་ཚད་བཤད་མི་བདེ་བའི་སྐབས་སུ་“ཕུ་རུང་རྐྱོང་”ཞེས་ལག་ཕུ་རུང་ནང་དུ་གོང་སྒྲིག་པ། ཚོང་འགྲིགས་ན་ལོས་ཡག་སྟེ་མ་འགྲིག་ནའང་ཡག་ཅེས། ཚོང་པ་རྣམས་ཁོག་ཆེན་དགོས། ཚོང་འཕོག་མིན་ཙམ་གྱིས་སེམས་ཁ་མ་བསྐྱུར་བ། ཚོང་འགྲིགས་ན་“ཚོང་ཆང་”ཞེས་ཆང་ཞིག་བཏུང་ནས་རྟེན་འབྲེལ་སྒྲིག་པ། མཉམ་དུ་བཙོང་བའི་ཅ་ལག་དང་ཉོ་མཁན་གྱི་མི་ལ་བཀྲ་ཤིས་སྨོན་ཚིག་གཏོར་བ། ཉོ་མཁན་གྱིས་ཀྱང་“ལགས་སོ། བཀའ་དྲིན་ཆེ། ཚོང་ཁ་དར་བར་ཤོག”ཅེས། སྨོན་ཚིག་བརྗོད་པ། དེ་ལ་ནི་བོད་མིས་གནའ་ཞིག་ནས་“དགའ་གཉིས་ཀྱི་ཚོང་”ཞེས་འབོད་དོ།། མི་གཉིས་ཚོང་རྒྱག་དུས་ཟུར་གྱི་མི་རྣམས་ནས་“ཁ་ཕན་”དང་“ཁ་ཕན་རོགས་”ཞེས་ཚོང་འགྲིག་པའི་ཐབས་སྟོན་པ། སྐབས་རེར་ཚོང་ཆེན་འགྲིགས་པའི་ས་རུ་སྦྱིན་བདག་ནས་ཟུར་གྱི་མི་ཡོད་ཚད་ལ་“ཚོང་ཐེ་”ཞེས་ཚོང་གི་སྐལ་ལ་ཕྲན་བུ་རེ་སྤྲད་སྲོལ་དང་། ནམ་རྒྱུན་མི་གཉིས་ཚོང་སྒྲིག་པའི་སྒང་ལ་ཟུར་གྱིས་མི་རྣམས་ནས་“ཚོང་མི་བཀག་”ཅེས་སོ་སོའི་སར་འགྲོ་བར་བྱེད། ཚོང་པ་རྣམས་ཀྱིས་མ་རྩ་མཉམ་བསྡུས་བྱེད་དེ་ཚོང་ལས་སྦྱོར་བ་ལ་“ཚོང་ཁྲ་”ཟེར། དེའི་ཕྱིར། སྐབས་རེར་“ཚོང་ཁྲ་”ཞེ་ན་ཐད་ཀར་“ཚོང་རོགས་”ལའང་གོ་ཆོག ཚོང་པ་ཚོང་ལ་འགྲོ་ནས་ཚུར་ཁྱིམ་དུ་ལོག་དུས་“ཚོང་སྟོན་”ཞེས་སྟོན་མོ་བཤམས་སྲོལ་ཡོད། དེ་བཞིན་དུ། ཚོང་ཟོང་མི་འདྲ་བ་ནས་ཚོང་གི་སྦྱོར་ལུགས་ཀྱང་མི་འདྲ་སྟེ། དེ་དག་ནི་གངས་ཅན་ཚོང་གི་རིགས་གཞུང་ཆེན་པོའི་ཁོངས་སུ་བསྡུས་པ་ཡིན། དེས་ན། ཚོང་གི་ཐོག་མཐའ་བར་གསུམ་ནི་བློ་སྦྱོང་ཞིག་སྟེ། ནམ་ཞིག་ཚོང་གི་བྱ་བ་ལས་འཇིག་རྟེན་ཤེས་ཐུབ་པ་དང་། མི་སེམས་ཀྱང་ཤེས་ཐུབ་པ་ཡིན་ནོ།།

རྒྱུན་པར་ཚོང་དཔོན་རྣམས་ཀྱི་ཁ་བཏོན་མང་ཤོས་ནི་སྐྱབས་འགྲོ་དང་། མ་ཎི། སྒྲོལ་མ། གདུགས་དཀར། བཀྲ་ཤིས་བརྩེགས་པ། ལྷ་མོ་ནོར་རྒྱུན་མའི་གཟུངས། གནོད་སྦྱིན་གཏེར་བདག་དྲུག་གི་གཟུངས། གནོད་སྦྱིན་ཨ་པ་རཱ་ཛི་ཏའི་གཟུངས། ཚོགས་བདག་གི་གཟུངས། གནོད་སྦྱིན་གཞན་གྱིས་མི་ཐུབ་པ་ཡང་དག་ཤེས་ཀྱི་གཟུངས། གསེར་འོད་གཡང་སྐྱབས། བར་ཆད་ལམ་སེལ། བསམ་པ་ལྷུན་འགྲུབ་སོགས་ཡིན།

ཚོང་རྒྱག་པའི་གོ་རིམ་དུ། ཚོང་ཕམ་པ་ལ་“ཕམ་ཚོང་”ཡང་ན་“ཚོང་ཉེས་”ཟེར། ཚོང་ཕམ་པའི་“ཕམ་ལུགས་”ལ་རྣམ་པ་དུ་མ་ཞིག་ཡོད། རེད་དེ། གྱོང་གུད་ཆེ་ཤོས་དེ་ནི་“ཚོང་མ་ཁ་ཤི་”ཞེས་པ་དེ་ཡིན། དེ་ལ་མིང་གཞན་ཞིག་ཡོད་པ་ནི་“མ་རྩ་བུབ་”ཅེས་ཀྱང་ཟེར། དོན་ནི་ཚོང་རྒྱག་པའི་“ཚོང་རྩ་”ཡང་ན་མ་རྩ་བུབ་སོང་བ་དེ་ཡིན། དེ་ལ་མ་ཁ་ཤི་ཞེས། དེས་ན། ཚོང་པ་ཚོང་ལ་འཇུག་དུས་“ཚོང་བ་ཚོད་བརྟག་”ཅེས། ཚོང་རྫས་དང་། ཚོང་ར་དང་། ཚོང་དུས་སོགས་ལ་བརྟག་ཤེས་པ། གོ་སྐབས་དམ་འཛིན་བཟོ་ཤེས་པ་བཅས། གང་ལྟར་ཚོང་ཕམ་ནའང་“མ་དངུལ་”སྟོར་མི་རུང་བའི་དཔེའོ།།

ཚོང་པ་རྣམས་ཚོང་ལ་འགྲོ་དུས་གཟབ་དགོས་པ་མང་པོ་ཞིག་ཡོད་མོད། ཡིན་ནའང་། ཆེས་ཡིད་ལ་འཛིན་དགོས་པ་ཞིག་ནི། 《མདོ་ཟ་མ་ཏོག་》ལས་བཀོད་པ་བཞིན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེས་རྟའི་རྒྱལ་པོ་བ་ལ་ཧའི་སྐུར་སྤྲུལ་ཏེ་ཤ་ཟ་སྲིན་པོའི་ཡུལ་ནས་ཚོང་དཔོན་ནོར་བུ་བཟང་པོ་དང་ཚོང་ཕྲུག་རྣམས་བསྐྱབས་པའི་གཏམ་རྒྱུད་ལས་ཤེས་དགོས། ཐོག་མར། སྒྲུང་དེའི་རྟ་མཆོག་ནི་“ཚོང་ལམ་རྟ་རྒྱུག་པ་འདྲ་”ཞེས་པའི་ཚོང་གི་རྒྱལ་ཁ་ལ་གོ་ཞིང་། དེ་འདྲའི་“ཚོང་ཁེ་བའི་”རྒྱུ་རྐྱེན་གཙོ་བོ་ནི་སྤྲུལ་པ་བཀྱེ་མཁན་གྱི་ལྷ་ཐུགས་རྗེ་ཆེན་པོས་སྐྱོབ་པ་དེ་ནི། ཐུགས་རྗེ་ཆེན་པོ་ནི་སྙིང་རྗེའི་ལྷ་སྟེ། དོན་དུ་ཚོང་ཁེ་བ་ལ་གཞི་རྟེན་“སྙིང་རྗེའི་”རྩ་བ་ཚུགས་དགོས་པ་བསྟན། སྙིང་རྗེ་མེད་པའི་ཚོང་ནི་སྲིན་པོ་དང་འདྲ། རང་གཞན་གཉིས་ཀ་ཕུང་བ། ཚོང་དུས་ནི་འཇིགས་སུ་རུང་བའི་སྲིན་པོའི་གླིང་ཕྲན་དང་འདྲ། ཕྱོགས་སུ་རྒྱ་མཚོ་ཆེན་པོ་དང་གཡང་རོང་གཟར་པོ་སྟེ། སུ་གང་བྲོས་ནས་ཐར་ས་ཞིག་མེད་དོ།། 《སྐྱེས་པའི་རབས་ཀྱི་རྒྱུད་》ཀྱི་༼ཚོང་དཔོན་ཟིལ་གྱིས་མི་གནོན་པའི་སྐྱེས་པའི་རབས་༽ལས། “དེ་ཡི་སེམས་ནི་ནོར་ལ་ཆགས་པའི་སྐབས།། སྙིང་རྗེ་ཆེན་པོས་རབ་ཏུ་མེད་པར་བྱས།།”ཞེས་གསུངས་པ་བཞིན་ནོ།། ཁེ་སྤོགས་རྐྱང་རྐྱང་ལས་མི་དྲན་པ་ནི་ཚོང་ཕྲུག་ལྔ་བརྒྱ་དག་གི་མིག་སྔ་རུ་ཤར་བའི་འདོད་ཡོན་དང་ལོངས་སྤྱོད་སྣ་ཚོགས་ཏེ། འདིས་ནམ་ཡང་སྲིན་པོའི་ཁ་ནས་ཐར་མི་ནུས་བར་བྱེད་དོ།། སྙིང་རྗེ་ལ་ཡིད་ཆེས་དང་དད་པ་ཡོད་པ། མིག་སྔའི་གཡོ་སྒྱུ་ཁྲམ་གསུམ་གྱི་ཁེ་སྤོགས་དེས་ཡིད་དབང་ཅི་ཙམ་འཕྲོག་ནའང་། དོན་དངོས་སུ་སྲིན་པོའི་སླུ་བྲིད་དང་འདྲ་ཞིང་། གལ་སྲིད། དེ་ལ་མགོ་འཁོར་ན་སྲིན་པོའི་ཁ་ཟས་སུ་གྱུར་ཏེ། ཚོང་ངན་གྱིས་རང་ཉིད་བརླག་པར་བྱེད་དོ།། སྤྱི་ཚོང་པ་ཞིག་གི་ངོས་ནས་བཤད་ན། ཕྱི་ནང་“ཚོང་གི་བར་ཆད་”ནི་གང་མང་མང་ཞིག་ཡོད་མོད། ཡིན་ནའང་། ཆེས་བར་ཆད་ཆེ་ཤོས་དེ་ནི་ནང་སེམས་ཀྱི་བར་ཆད་དེ་ཡིན། ནང་སེམས་ཀྱི་བར་ཆད་ཞེ་ན་གཙོ་བོར་སྙིང་རྗེ་མེད་པ་དེ་ཡིན། ཕྱི་ཚོང་ཟོག་དཔལ་འབྱོར་གྱི་ཕུན་ཚོགས་དང་། ནང་སེམས་ཀྱི་ཡོན་ཏན་གཉིས་མཐུན་དགོས་ཆ་མཉམ་དགོས། དེ་མིན་ན་ཚོང་པ་ཤིན་ཏུ་ཕམ་པ་ཡིན་ནོ།། ཡང་དེ་དག་ལ་གཟབ་ཤེས་ཤིང་། ཚོང་གི་འགྲོ་ལུགས་དང་ལག་ལེན་སོགས་ལ་བྱང་ཆུབ་པ་ཞིག་ཡིན་ན། དེ་ལ་“ཚོང་མཁས་པ་”ཞེས་ཀུན་གྱིས་བཀུར་རོ།།

མཇུག་ཏུ། སྟོད་མངའ་རིས་ཀྱི་ཚོང་གླུ་ཞིག་འབུལ་ལགས་ན། “རྟ་ཉོ་རྟ་བཙོང་མང་གི་ཚོང་།། རྟ་མ་ཉོ་གཅིག་དང་མ་ཉོ་གཉིས།། རོང་རྟ་མགོ་སྐམ་མ་ཉོ་ཅིག། རྟ་ཉོ་ན་ཆུ་ཏི་གཞི་རུག་ཉོ།། རོང་དགྲ་བོ་བྱུང་ན་བརྒྱུགས་ཡ་ཡོང་།། གཉེན་བྱམས་པ་བྱུང་ན་ངོམས་ཡ་ཡོང་།། དུས་རྟག་ཏུ་རང་གི་བློ་རྟ་ཡོང་།། གྲི་ཉོ་གྲི་བཙོང་མང་གི་ཚོང་།། གྲི་མ་ཉོ་གཅིག་དང་མ་ཉོ་གཉིས།། རོང་གྲི་ལྷག་སྐྱེད་མ་ཉོ་ཅིག། གྲི་ཉོ་ན་ཁྲ་ལོ་རྩེ་བསེགས་ཉོ།། སྡང་དགྲ་བོ་བྱུང་ན་རྒྱག་ཡས་ཡོང་།།གཉེན་བྱམས་པ་བྱུང་ན་ངོམས་ཡས་ཡོང་།། ཚེ་རྟག་ཏུ་རང་གི་བློ་གྲི་ཡོང་།།”ཞེས་སོ།། སརྦ་མངྒ་ལཾ། དགེའོ།།